ངེའི་འབད་བཞག


སྐུ་གཟུགས་བཟང་པོ།

༄༅། ངེའི་ཡོངས་འབྲེལ་འདི་ནེ་ཅིག་ཟེརཝ་ག་ནེ་ཡང་མེད་རུང་ གཡས་ཆ་བཞག། གཡོན་ཉ་བཞག་སྟེ་གཟིགས་མི་ལུ་ དགའ་ཚོར་སེམས་ལས་མི་བརྗེད། མ་གཏོགསནི་ཨ་ཀུ་ལྷ་གསོལ་ས་ཡང་མ་གཏོགས་ཟེར་དོ་བཟུམ་སྦེ་ ཚར་གཅིག་ཁ་ཕྱེ་སྟེ་གཟིགས་ཚར་ཞིནམ་ལས་ ཐུགས་བསུན་ཏེ་འབད་རུང་ མཇུག་ལུ་ལེགས་ཉེས་ཀྱི་ཐུགས་འཆར་རེ་བཀོད་དེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ལགས།

དེ་བསྒང་ཆུང་སུ་ཅིག་སྦེ་སྡོད་པའི་བསྒང་ལས་ར་ དང་ཕུའི་ལོ་རྒྱུས་ཉན་ནི་ལུ་ སྤྱི་དང་མ་འདྲ་བའི་དང་འདོད་ཡོདཔ་མ་ཚད་ བར་སྐབས་ཅིག་ལས་ ང་རང་གི་ཤེས་མི་དང་ གཞན་ལས་གོ་མི་ཚུ་ཡིག་ཐོག་ལུ་བཀོད་དེ་ བརྗེད་ཐོ་གསལ་ནི་རྐྱངམ་ཅིག་མིན་པར་ གཞན་ལུ་ཡང་ཕན་ཐོགས་པ་ཅིན་ཟེར་མནོ་སྟེ་ དུས་ཚོད་ཨ་ཙི་ཁོམ་ཅི་ལྷབ་འདྲཝ་སྤོབས་བཙོངམ་འདྲཝ་སྦེ་ ཡོངས་འབྲེལ་འཆར་སྒོ་བཟོ་ནི་འགོ་བཙུགས་ཅི།

ང་རའི་ཡོངས་འབྲེལ་འདི་ནང་བཙུགས་ནི་ར་མང་ནི་འདི་གིས་ ཐག་ཆགས་ཨོ་ཏོག་ཏོ་སྦེ་རྐྱབ་ནི་དུས་ཚོད་ཀྱིས་མ་ཁོམ། ཨིན་རུང་དང་འདོད་ཡོད་མི་ཚུ་ལུ་ རྣམ་རྟོག་གི་ས་བོན་བཟུམ་ཅིག་འོང་ཟེར་མནོ་སྟེ་ཡོད་ཚད་མེད་ཚད་ཆ་མཉམ་བཙུགས་བཞག་ཡོད།

ཧེ་མ་ང་རང་ལཱ་འབད་ས་དང་ མི་སྡེ་ལས་ཚོགས། ཚོགས་ཆུང་ཚུའི་ཡོངས་འབྲེལ་འཆར་སྒོ་འཇམ་སམ་ལེ་ཤ་ཅིག་ར་བཟོ་ཡོད་མི་ཚུ་ གོངམ་གིས་བཀའ་གནང་གནངམ་ད་ འོགམ་གིས་བྱེལ་སྐད་ཤོར་ཤོརཝ་ བར་ན་ཆ་རོགས་ཀྱིས་སེམས་བསད་མ་ཧུམ་མར་བཟོ་བཟོཝ་རྩ་ལས་ར་མིན་པ་ ང་རའི་སྤྲོ་བ་དང་འཁྲིལ་ཏེ་ཨིན།

ང་སེམས་ཅན་ཤོ་མཉམ་དང་ འདིའི་ནང་ཡང་རོ་ཁྱི་དང་བྱི་ལི་ལུ་དགའ་མི་ཅིག་ཨིན་ནི་འདི་གིས་ ངེའི་རོ་ཁྱི་ཤི་བྷ་འབད་བཞག་ག་དེ་སྦེ་ཡོདཔ་ཨིན་ན་ འདི་ནང་པར་བཏབ་སྟེ་བཙུགས་བཙུགསཔ་ཨིན་ལགས།

ང་བཅས་ལྷ་ཁང་མཇལ་ དཀར་མེ་ཕུལ་བར་འགྱོཝ་ད་ རོ་ཁྱི་ཤི་བྷ་གིས་ ང་བཅས་དང་འདྲན་འདྲ་སྦེ་སོང་ཡོདཔ་ཨིན།

ཨཔ་ཟླ་དཔལ་གྱི་མི་ཚེ།


༄༅། །འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་ལུས་རིན་ཆེན་ཐོབ་པ་དང་། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །བླ་མ་སངས་རྒྱས་རྣམས་དང་མཇལ་བར་ཤོག །

འབྲུག་གི་སྔར་སྲོལ་ལམ་ལུགས་བཤད་ནི་ལུ་ཐོགས་ཆགས་མེད་མི། རང་ལུགས་འབྲུག་པའི་གླུ་གཞས་འཐེན་མི་མཁས་མཆོག། ཤོ་མཉམ་སྙན་ཆའི་རིགས་དང་ འདིའི་ནང་ལས་སྒྲ་སྙན་སྐྲོག་ནི་ལུ་ལག་སྦྱང་ཡོད་མི་ཨཔ་ཟླ་དཔལ་འདི་ རང་ཟླ་༨པའི་ཚེས་༣ལུ་ ཐིམ་ཕུག་ཆུ་འབར་ཆུ་ཁོ་རའི་ཁྱིམ་ནང་སྦེ་གྱོངས་སོཔ་ལས་ སེམས་ཕམ་སི་སི་ཅིག་ཨིན་རུང་ ལོ་ཁལ་ཕྱེད་དང་ལྔ་ལང་ཡོད་ནི་འདི་གིས་ ཚེ་མཐར་ཕྱིན་པའི་གྲས་ཁར་ཨིན་མས།

ཟླཝ་གཉིས་དེ་ཅིག་གི་ཧེ་མ་ ང་རང་དོན་རྐང་བཙུགས་སྦེ་ར་ ཨ་ཞག་ཟླ་དཔལ་ཕྱད་པར་སོང་པའི་སྐབས་ ལོ་རྒྱུས་ལེ་ཤ་སླབ་ཡོད་པའི་གྲས་ལས་ འབྲུག་ལུ་མ་ཎི་བགྱང་ནིའི་སྲོལ་དར་ཁྱབ་གཏང་མ་ཚུགས་མི་འདི་ བློ་འགྱོད་སྦོམ་ཤོས་ཅིག་ཨིན་རུང་ ཁོ་རང་གིས་ལྕོགས་པའི་རིང་ལུ་ ག་དེ་དྲག་དྲ་རྩ་འགེངས་ཏེ་བགྱང་ཡི་ཟེར་བཤདཔ་ཨིན་མས།

འ་ནེ་བསྒང་ཨ་ཞང་གིས་ལོ་རྒྱུས་ལེ་ཤ་སླབ་པའི་གྲས་ལས་གཅིག་ དེ་བསྒང་ཁོ་རང་འཆམ་དཔོན་སྦེ་མི་ལོ་༡༡ སྡོད་པའི་སྐབས་ རྟ་ལོག་ཚེས་བཅུ་ཉིནམ་བར་མའི་ཚེ་ ཕྱག་མཛོད་ལྷ་ཁང་ནང་ གཟིགས་ཇ་གྲོལཝ་ད། སྤང་དཀར་པོ་ལུ་བཞུགས་མི་ དབྱངས་སློབ་སྐུ་བགྲེས་ཤཱཀྱ་རྡོ་རྗེ་མཆོག་གིས་ འཆམ་དཔོན་ ཡེངས་ ད་ལྟོ་འདི་ཞས་དྲུང་འཇིགས་མེད་རྡོ་རྗེ་ཞལ་བཞུགས་པའི་བསྒང་བཟུམ་སྦེ་ར་ རྟ་ལོག་ཚེས་བཅུའི་སྔར་ཁྱུན་ལམ་ལུགས་ཚུ་མ་ཉམས་པར་འདུག། གནམ་མེད་ས་མེད་སེམས་དགའ་ཡི་ཟེར་གསུངས་མི་འདི་སེམས་ཁར་དྲན་ཏེ་ རྟ་ལོག་དགོན་སྡེའི་སྔར་སྲོལ་ལམ་ལུགས་ཚུ་ ཉམས་མ་བཅུག་པར་བདག་འཛིན་འཐབ་ནི་ ཁོའི་མི་ཚེའི་ནང་རེ་བ་སྦོམ་ཤོས་ཅིག་ཨིན་ཟེར་ མིག་ཆུ་ཧོ་རི་རི་སྦེ་གང་སྟེ་ ཁོ་མེད་པའི་ཤུལ་ལུ་ རྟ་ལོག་ཚེས་བཅུའི་འཆམ་དང་ཞབས་ཁྲ་ བྱ་སྒོའི་ལམ་ལུགས་ཚུ་སྒྲིང་སྒྲི་སྦེ་ཉམས་མ་བཅུག་པར་བཞག་ནིའི་ཐབས་ལམ་བཏོན་དགོ་པའི་ལོ་རྒྱུས་སླབ་མི་ཚུ་ ཁ་ཆེམས་བཟུམ་ཅིག་ཨིན་མས།

ལོ་ངོ་དག་པ་ཅིག་གི་ཧེ་མ་ ཨ་ཞང་ཁོ་རང་ ལོ་དང་ན་ཚོད་རྒས་ འཁརཝ་ལུ་ཐུག་སྟེ་འབད་རུང་ ཉིནམ་རིང་ཆ་ར་ང་སྡོད་སར་འོངས་ཏེ་ རྟ་ལོག་ཚེས་བཅུའི་བྱ་སྒོའི་ལམ་ལུགས་ཚུ་ ད་ལྟོ་དུས་ཚོད་མ་ཕྱིསཔ་ཅིག་ལས་ཡིག་ཐོག་ལུ་བཀོད་མ་ཚུགས་པ་ཅིན་ ནམ་མཇུག་ལུ་གྲ་མ་ཉམས་གྲུ་མ་ཉམས་པ་ག་དེ་སྦེ་གནས་ཚུགས་འོང་ག་སླབ་མི་ཤེས་པས། ག་ཅི་སྨོ་ཟེར་བ་ཅིན་ བློ་རིག་ཅན་ཚུ་གིས་སྤྲོས་སྤྲོས་རྒྱས་ཏེ་འཐེབས་བཀལ་ནི་དང་ སྒྱིད་རྡུག་ཚུ་གིས་ལམ་ལུགས་བསྡུས་ཚུ་འཚམས་སྦེ་བཟོ་ནིའི་ཉེན་ཁ་སྦོམ་འདུག་ཟེར་ ལོག་ཅི་ར་བསྐུལ་མ་གནངམ་ལས་བརྟེན་ ང་རང་ལུ་ཧེང་སྐལ་ར་བློ་སྟོབས་བྱུང་སྟེ་ རྩོམ་སྒྲིག་འབད་ནི་འགོ་བཙུགས་ཅི།

ཚེས་བཅུ་གཞི་བཙུགས་གནང་དགོ་པའི་ཁུངས་དང་དགོས་པ་ཚུ་ ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་ཚུའི་རྣམ་ཐར་ནང་ཡོད་མི་ལུ་གཞི་བཅོལ་ཏེ་ཡོད་རུང་། ཟླཝ་དང་པའི་ཉེར་ལྔ་ལས་འགོ་བཟུང་སྟེ་ ཟླཝ་གཉིས་པའི་ཚེས་བཅུ་གཅིག་ཚུན་ རབ་དང་རིམ་པ་བསྒྲིགས་ཏེ་འབད་དགོཔ་བཅའ་དགོཔ་ཚུ་ག་དེ་སྦེ་ར་ཡོདཔ་ཨིན་ན་ ར་ཁུངས་དག་གསལ་སྦེ་ཨ་ཞང་གིས་བཤད་མི་ཚུ་ ལྷག་ཆད་མེད་པར་བྲིས་ཏེ་ཡོད་ནི་འདི་གིས་ རང་ཡང་བསམ་པ་རྫོགསཔ་ཟེར་རུང་དེམ་ཅིག་ར་ཨིན།

ཨ་ཞང་ཟླ་དཔལ་ཁོ་རང་ ཆུང་ཚེ་མའི་བསྒང་སྤུངས་ཐིམ་གྲྭ་ཚང་ནང་དགེ་སློང་འཛུལ་ཏེ་ ཆོས་སྤྱོད་ཀྱི་རིམ་པ་དང་དཀྱིལ་ཆོག་སྐོར་སྦྱང་བརྩོན་འབད་ཡོདཔ་མ་ཚད། དགེ་སློང་ནང་ལས་དགོངསམ་ཞུས་ཏེ་གཡུས་ཁར་སྡོད་པའི་སྐབས་ སྤུ་ན་ཁ་ལས་རྟ་ལོག་ཧོདཔ་ཅིག་ སྒལ་པ་ལས་ཁུར་ཆ་ཡང་ཕོགཔ་ལོ་མེད་པ་ སྤང་དཀར་པོ་ལུ་སོང་སྟེ་ མཚམས་ཀརྨ་མ་ལས་སྒྲ་སྙན་ལྷབ་པའི་ལོ་རྒྱུས་ཨིན་མས།

ལྷ་མོ་དབྱངས་ཅན་མ་ལུ་གསོལཝ་བཏབ་སྟེ་ རྟག་བུ་གནའ་བུ་སྒྲ་སྙན་ཞོར་འདྲིས་རྐྱབ་སྟེ་སྡོད་མི་ཅིག་ཨིན་ནི་འདི་གིས་ དབྱངས་ཅནམ་ཆགས་པའི་ལོ་རྒྱུས་ཡང་འདུག།

ཨ་ཞང་ཟླ་དཔལ་འདི་ ལག་རྩལ་ཆེ་དྲགས་ཨིན་མི་དེ་ཡང་ རྟིང་མ་ལྷ་བྲིས་མཁས་མཆོག་ཅིག་སྦེ་ འབྲུག་གི་ལྷ་ཁང་དགོན་སྡེ་མང་རབས་ཅིག་ནང་ ལྡེབས་རིས་བཞེངས་མི་ཚུ་མཇལ་བའི་ཡུལ་ལུ་ཡོདཔ་ཨིན་མས།

ཤོ་མཉམ་འབྲུག་གི་རྒྱལ་རབས་དང་། སྔར་སྲོལ་ལམ་ལུགས་ཀྱི་སྐོར་ལས་བཤད་པ་རྐྱབ་ནི་ལུ་ ཐོགས་ཆགས་མེད་མི་ཅིག་ཨིནམ་མ་ཚད་ དེའི་ནང་ལས་ཡང་ཞབས་ཁྲ་གཞུང་སྒྲ་དང་བོད་སྒྲའི་བྱུང་རབས་དང་ གདངས་དབྱངས་ཀྱི་ཁུངས་ཆོད་མི་ཅིག་ཨིན་མས།

དེ་གིས་མ་དོ་བར་ སྙན་ཆ་པྱི་ཝང་། སྒྲ་སྙན། གླིངམ་ཚུ་ལག་སྦྱང་ཡོད་མི་མཁས་མཆོག་ཅིག་ཨིནམ་ལས་ སྤྱི་ལོ་༡༩༩༩ལུ་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ གསེར་ཁྲིར་ཕེབས་ཏེ་ མི་ལོ་༢༥འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་བའི་སྐབས་ རང་ལུགས་ཀྱི་ཞབས་ཁྲ་དར་ཁྱབ་གཏང་བའི་ངོས་འཛིན་ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་ཡོདཔ་ཨིན།

མིག་དཔེ།


༉ ཤོ་མཉམ་འབྲུག་གི་ལམ་སྲོལ་དང་། འདིའི་ནང་ལས་ཡང་རྟ་ལོག་དགོན་སྡེའི་ དང་ཕུ་དུས་རྒྱས་ཀྱི་ལུགས་སྲོལ་ཚུ་ལུ་ ཅི་དང་མ་འདྲའི་ཤ་ཞེན་བསྐྱེད་མི་ཨཔ་ཟླ་དཔལ་འདི་ ད་ལྟོ་བར་ན་ཡང་ ཕི་ནའི་ལོ་རྒྱུས་སླབ་ནི་འདི་ ཁོ་རའི་སེམས་ཀྱི་ལྷག་མ་ཨིན་རུང་། གཞོན་སྐྱེས་ཆ་ཁྱབ་ཀྱིས་ཡང་ ཁོ་ཅོག་འཐདཔ་སྦེ་ རྟ་ལོག་དགོན་སྡེའི་སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་གི་དོན་ལུ་ རང་གི་གོང་ཕུགས་ནང་ཕོག་ཆེཝ་བཟུམ་སྦེ་འབད་དེ་ ཕ་དུས་བུ་ཡང་དུས་གསུམ་ལུ་ ཉམས་མ་བཅུག་པར་བཞག་ནི་རྐྱངམ་ཅིག་མིན་པ་ ཁམས་གསུམ་འཁོར་བ་མ་སྟོང་གི་བར་ན་ ཉམས་འགྱུར་མེད་པར་ཡུན་རིང་གནས་པའི་ལྷག་བསམ་བསྐྱེད་མི་རེ་ཡོད་པ་ཅིན་ ཁོའི་བསམ་པ་རྫོགསཔ་ཟེར་རུང་དེམ་ཅིག་ར་ཨིན་ཟེར་ ལྐོདམ་མདུད་ཕུད་བཏབ་སྟེ་སླབ་ཨིན་མས།


ཨིན་རུང་ཁོ་གི་ཚེའི་ནང་ མནོ་བསམ་བཏང་གཏངམ་རྐྱངམ་མིན་པ་ ངོ་མ་སྦེ་རྩ་འགེངས་ཏེ་ཕྱག་ཞུ་མི་ཚུ་ཁོག་ཧིང་ལྷགཔ་ད་ བསམ་པ་རྫོགས་པས་ཟེར་བཤདཔ་མས།
རང་ལུགས་འདས་ལོ་༣༧༡ ཟླ་༥པའི་ཚེས་༢༦ ལུ།

ཡོངས་འབྲེལ་བཟོ་ཐངས།


This is an example post, originally published as part of Blogging University. Enroll in one of our ten programs, and start your blog right.

You’re going to publish a post today. Don’t worry about how your blog looks. Don’t worry if you haven’t given it a name yet, or you’re feeling overwhelmed. Just click the “New Post” button, and tell us why you’re here.

Why do this?

  • Because it gives new readers context. What are you about? Why should they read your blog?
  • Because it will help you focus your own ideas about your blog and what you’d like to do with it.

The post can be short or long, a personal intro to your life or a bloggy mission statement, a manifesto for the future or a simple outline of your the types of things you hope to publish.

To help you get started, here are a few questions:

  • Why are you blogging publicly, rather than keeping a personal journal?
  • What topics do you think you’ll write about?
  • Who would you love to connect with via your blog?
  • If you blog successfully throughout the next year, what would you hope to have accomplished?

You’re not locked into any of this; one of the wonderful things about blogs is how they constantly evolve as we learn, grow, and interact with one another — but it’s good to know where and why you started, and articulating your goals may just give you a few other post ideas.

Can’t think how to get started? Just write the first thing that pops into your head. Anne Lamott, author of a book on writing we love, says that you need to give yourself permission to write a “crappy first draft”. Anne makes a great point — just start writing, and worry about editing it later.

When you’re ready to publish, give your post three to five tags that describe your blog’s focus — writing, photography, fiction, parenting, food, cars, movies, sports, whatever. These tags will help others who care about your topics find you in the Reader. Make sure one of the tags is “zerotohero,” so other new bloggers can find you, too.

ཞབས་དྲུང་ཕུན་སུམ་ཚོགས་པའི་མཐོང་གྲོལ་ཆེན་མོ།


༉ སྤྱི་ལོ་༡༩༨༠གྱ་གྲངས་ལུ་ མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ གསར་བཞེངས་གནང་མི་ཞབས་དྲུང་ཕུན་སུམ་ཚོགས་པའི་མཐོང་གྲོལ་ཆེནམོ་འདི་ དུས་ཅུ་ རང་ལུགས་འདས་ལོ་༣༧༡ ཟླ་༢པའི་ཚེས་༡༠ ལུ་ཡར་ངོའི་དུས་བཟང་དང་བསྟུན་ཏེ་ རྟ་ལོག་ཚེས་བཅུ་ཉིནམ་མཇུག་གི་ཚེ་མཇལ་ཁ་གནང་ཡི། སྤྱི་ལོ་༢༠༢༢སྤྱི་ཟླ་༤པའི་ཚེས་༡༡ལུ་ཨིན།

དཔལ་ལྡན་བླ་མ་སྐྱབས་མགོན་ངག་དབང་རྣམ་རྒྱལ་གྱི་གོས་སྐུ་མཐོང་གྲོལ་ཆེན་མོ།

ཞབས་དྲུང་ཐུགས་སྤྲུལ་བཞི་པ་ངག་དབང་འཇིགས་མེད་ནོར་བུ་མཆོག།

ཞབས་དྲུང་སྐུ་ཕྲེང་བདུན་པ་འཇིགས་མེད་བསྟན་འཛིན་མཆོག།

སྤུངས་ཐང་ཁ་དང་ དགའ་ས་རྫོང་ཁག་གི་ ཆོས་སྐྱོང་སྲུང་མ་དང་གནས་བདག་གཞི་བདག།


འབྲུག་གི་སྐྱ་རེངས་དང་སྔོན་རབས་ཀྱི་ལོ་རྒྱུས།


རྒྱལ་ཡོངས་འགྲེམས་སྟོན་ཁང་གིས་འགོ་འདྲེན་འཐབ་སྟེ་ ཞིབ་འཚོལ་འབད་ཡོད་པའི་དཔེ་དེབ་འདི་ ག་ར་ལུ་ཕན་ཐོགས་པས་ཟེར་མནོ་སྟེ་ ངེའི་ཡོངས་འབྲེལ་ནང་བཙུགས་མི་ལུ་ དགོངསམ་མི་ཁྲེལཝ་འོང་མནོ་བའི་རེ་བ་ཡོད་ལགས།

Click to access Collo1.pdf

བླམ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར།


འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་མཐོང་བ་འཛུམ་ཤོར།

འོག་གི་འབྲེལ་མཐུད་གུར་ཨེབ་སྟེ་གཟིགས་གནང་།

http://www.dharmadownload.net/download/html/text-html/T0120_Drukpa%20Kunleg%20Namthar.html

ཚོགས་གླུ་བླ་མེད་གསང་བ།


Listen to ༢༽ ཚོགས་གླུ་བླ་མེད་གསང་བ། ༼བླམ་ཚེ་རིང་དཔལྱོར། བླམ་དཀར་མདོག སློབ་རྒྱ་མཚོ།༽.mp3 by Sangay Tenzin on #SoundCloud https://soundcloud.com/sangay-tenzin-763618983/mp3-1?p=a&c=1&si=fcdaf181524e444898d680ff9201e3d8&utm_source=other&utm_medium=text&utm_campaign=social_sharing

རོ་ཁྱིའི་འབད་བཞག།


༉ སྤྱི་ལོ་༢༠༢༡སྤྱི་ཟླ་༡༢པའི་ཚེས་༡༥ལུ་ བྱང་ས་སེམས་ཅན་ཚེ་ཐར་ཚོགས་པའི་འཐུས་མི་ཅིག་གི་ སྣུམ་འཁོར་ནང་ཕམ་མེད་པའི་རོ་ཁྱི་དྭ་ལུས་ཅིག་ སྡིག་ཆེ་སི་སི་སྦེ་མཐོངམ་ད་ ངེའི་གནསམོ་འདི་རང་དབང་མེད་པ་མིག་ཆུ་ཤོར་ཏེ་ ཨའི་གི་ཚབ་མ་མོ་གིས་འབད་ནི་ཁ་ཟེད་ཆེ་ནུག། 

དང་འདོད།


༉ དུས་ཚོད་སོ་སོ་ ས་ཁོངས་མ་འདྲཝ་ཚུའི་ པར་བཏབ་ནི་ལུ་ དང་འདོད་ཡོད་མི་ཅིག་ཨིན་འདི་གིས་ ལོག་རྟིང་མ་བརྗེད་ཐོ་གསལ་ནིའི་དོན་ལུ་ འདི་ནང་ལུ་བཙུགས་བཞག་བཞགཔ་ཨིན།

ཐུགས་འདོད་ཡོད་མི་ཚུ་གིས་ ཚར་གཅིག་གནང་།

མི་དབང་ཆོས་རྒྱལ་བཞི་པའི་འཁྲུངས་སྐར།


མི་དབང་མངའ་བདག་རིན་པོ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ སྐུ་མཆོག་རྡོ་རྗེ་སྲ་བརྟན་འགྱུར་བ་མེད་པ། གསུང་མཆོག་ཚངས་པའི་དབྱངས་འགག་པ་མེད་པ། ཐུགས་མཆོག་བྱང་ཆུབ་སེམས་དཔའ་ཁྲུལ་བ་མེད་པ་ དགུང་ལོ་༦༦.བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་ལུ་ཁ་ཞེ་གཉིས་མེད་ཀྱི་སྒོ་ལས་ གུས་བཏུད་ཞུཝ་དང་འབྲེལ་ཏེ་ སྐུ་ཚེ་ཞབས་པད་བརྟན་པའི་བཀྲ་ཤིས་སྨོན་ཕུལཝ་ཨིན། སྤྱི་ལོ་༢༠༢༡ སྤྱི་ཟླ་༡༡.པའི་ཚེས་༡༡

རྒྱང་བསྒྲགས་དང་རྒྱང་མཐོང་ནང་ལཱ་འབད་མི་ཚུ་ལུ་སྦྱོང་བརྡར་བྱིན་ཡོདཔ།


འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་རྫོང་ཁ་ངག་གཤིས་དར་ཁྱབ་ཚོགས་ཆུང་གིས་ སྦྱོང་བརྡར་ཤོ་ཐེངས་༢འགོ་འདྲེན་འཐབ་པའི་སྐབས་ རྒྱང་བསྒྲགས་དང་རྒྱང་མཐོང་ནང་རྫོང་ཁའི་ཐོག་ལས་ལཱ་འབད་མི་༣༠ལུ་ ངག་གཤིས་དང་འབྲེལ་བའི་མིང་ཚིག། ཡིགུ་གི་སྐྱེ་གནས་དང་རྗོད་སྒྲ་དག་ཆ་གསུམ། གནས་ཚུལ་དང་སྲུང་གཏང་ཐངས་ གསལ་བཤད་འབད་ཐངས། སྐད་སྒྱུར་འབད་ཐངས་ཀྱི་སྐོར་ལས་སྦྱང་བ་བྱིན་ཡོདཔ་ཨིན།

མཇུག་བསྡུ་བའི་རྟེན་འབྲེལ་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་གཙོས་པའི་ཡོངས་ཁྱབ་འཛིན་སྐྱོང་པ་ཚུ་དང་ སློབ་སྟོན་གནང་མི་ཚུ་ སྦྱོང་བརྡར་ནང་གྲས་ཁར་གཏོགས་མི་ཚུ་འཛོམས་སར་ སྐུ་མགྲོན་གཙོ་བོ་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་གསུངས་མི་ནང་ མིང་ཚིག་གསརཔ་ཚུ་དར་ཁྱབ་གཏང་ཚུགས་པ་ཅིན་ལེགས་ཞིམ་ཨིན་རུང་ དེ་བ་ལྷགཔ་སྦེ་དང་ཕུ་དུས་རྒྱས་ལས་སླབ་སྲོལ་ཡོད་པའི་མིང་ཚིག་ཉམས་ནིའི་གུར་ཐུག་སྟེ་ཡོད་མི་ཚུ་ དར་ཁྱབ་གཏང་ནིའི་འགན་ཁུར་ཤོ་མཉམ་བརྡ་བརྒྱུད་དང་འདིའི་ནང་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ཕོགཔ་ཨིནམ་ལས་ ད་རེས་ཀྱི་སྦྱོང་བརྡར་འདི་གིས་ཧེང་སྐལ་ར་ཕན་ཐོགས་པའི་རེ་བ་སྦོམ་ཡོད་པའི་སྐོར་ལས་གསུངས་ཡི།

ཆོས་སྐྱོང་སྲུང་མ་དང་གནས་བདག་གཞི་བདག།


སྐྱེས་ལྷ་ཡུལ་ལྷ་ཚུ་ རྒྱབ་ཀྱི་རི་དང་མདུན་གྱི་འཁརཝ་སྦེ་ རྒྱབ་དང་དཔུང་སྦེ་ཞུ་ནིའི་དོན་ལུ་ གསར་པའི་ཕུད་དང་རྙིང་པའི་བཅུད་ཚུ་བསྡུ་བཞག་སྟེ་ གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིནམ་དང་བསྟུན་ གསོལ་མཆོད་ཕུལ་མི་ལུ་འདི་ལུ་ ལོ་ཆོག་ཟེར་སག་ས་རྡིག་རྡི་སྦེ་བརྩིཝ་ཨིན་པས།

ཨིན་རུང་ཆོས་སྐྱོང་སྲུང་མ་དང་ གནས་བདག་གཞི་བདག་གི་རྒྱབ་ཁུངས་ཤེས་མི་གངམ་མེདཔ་མ་ཚད་ ལ་ལུ་ཅིག་གིས་དབྱེ་བ་དཔྱད་ནི་ལུ་ དང་འདོད་སྦོམ་ཡོད་རུང་ དངམ་ལཱ་གིས་མ་ཁོམ། གཉིས་པ་རྒྱབ་རྟེན་གྱི་ཡིག་ཆ་ཚུ་དགུང་འཛོམས་མ་ཚུགས་ནི་འདི་གིས་ ནེ་འཚམས་ཅིག་སྦེ་ལུས་ཏེ་ཡོདཔ་ཨིན་པས།

ཨིན་རུང་མནོ་བའི་ཤིང་ཁར་བསམ་པའི་བྱ་འཁོར། ཟེར་དོ་བཟུམ་སྦེ་ དུས་ཅི་གོང་མའི་བཀའ་དང་བསྟུན་ཏེ་ རྒྱལ་ཡོངས་འགྲེམས་སྟོན་ཁང་གིས་འགོ་འདྲེན་འཐབ་སྟེ་ ཞིབ་འཚོལཔ་ཚུ་གིས་ ས་གནས་མཐའ་དབུས་མེད་པའི་གནས་བདག་གཞི་བདག་ཚུ་གི་སྐོར་ལས་དབྱེ་བ་ན་འཐན་སྦེ་དཔྱད་ཞིནམ་ལས་ ར་ཁུངས་དག་གསལ་སྦེ་ཡིག་ཐོག་ལུ་བཀོད་ཡོད་མི་འདི་ ཞུ་དག་དང་མཐའ་ཆག་རྐྱབ་པའི་བསྒང་ཡོདཔ་ཨིན་པས།

དཔེ་དེབ་ནང་ལུ་ གནས་བདག་གཞི་བདག་གི་སྐྱེས་བརྒྱུད། རྣམ་པ་དང་སྐུ་མདོག་ཕྱག་མཚན། མཐུ་རྩལ་ཆེ་ཧིང་དང་རྒྱབ་སྐྱོར་བཟང་ཧིང་ག་དེ་སྦེ་ཡོདཔ་ཨིན་ན་ ཧིང་སང་ས་སྦེ་བཀོད་དེ་ཡོདཔ་ཨིན་པས།

དེ་གིས་མ་དོ་བར་ གནས་བདག་གཞི་བདག་གི་གསོལ་ཁ་དཔེ་ཆ་ཚུ་ རྫོང་ཁག་གི་དབྱེ་ཁག་དང་འཁྲིལ་ཏེ་ ཕྱོགས་བསྒྲིགས་སྦེ་བཟོ་ཡོད་མི་འདི་ནང་ལས་ ག་དགོཔ་ཐོབ་ཚུགས་ནི་ཨིན་པས།

དེ་འབདཝ་ད་ ཧེ་མ་གི་གསོལ་ཁ་དཔེ་ཆ་རྙིངམ་ལ་ལུ་ཅིག་སྡུག་འཛགས་ཏེ་ ཡིགུ་དྭངས་ཏོག་ཏོ་མ་མཐོངམ་མ་ཚད་ ལ་ལུ་ཅིག་ཡིག་སྡེབ་འཛོལ་བ་དང་ ཚིག་གི་གོང་འོག་དཀྲུགས་དཀྲུགཔ་ཐང་མེདཔ་ཡོད་མི་ཚུ་ སྦྱང་བ་ཡོད་མི་ཚུ་གིས་ ཉིན་ནུབ་ཟླ་འབྱེལ་ཏེ་ཞུ་དག་འབད་ཡོདཔ་ཨིན་པས།

ཨིན་རུང་ཁུངས་ཐུབ་ཀྱི་མ་དཔེ་མེདཔ་མ་ཚད་ དུས་ཚོད་ཨུ་བཅག་རྐྱབ་སྟེ་འབད་ནི་འདི་གིས་ དུམ་གྲ་རེ་ལྷག་ཆད་ཞུགས་ནི་ཨིན་རུང་ པར་ཐེངས་གཉིས་པའི་ནང་ འཛག་ལུས་ཤོར་མི་ཚུ་ཁ་བསྡབ་རྐྱབ་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པས།

འབྲུག་གི་ཆོས་སྐྱོང་དང་གནས་བདག་གཞི་བདག་གི་རྒྱབ་ཁུངས་དང་ གསོལ་ཁ་དཔེ་ཆ་ཚུ་ སྤྱི་ལོ་༢༠༢༡སྤྱི་ཟླ་༡༡པའི་ཚེས་༡༡ལུ་ མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་འཁྲུངས་སྐར་དུས་སྟོན་བརྩི་སྲུང་ལུ་ཆེད་དུ་དམིགས་ཏེ་གསར་བཏོན་མཛད་ནི་ཨིན་པས།

ཀུན་གྱིས་དགའ་མི་རོ་ཁྱི།


ངེའི་རོ་ཁྱི་འདི་ ད་ལྟོ་ཟླཝ་༨ལས་བརྒལ་མ་ལང་རུང་ གཟུགས་གནམ་མེད་ས་མེད་སྦོམ་ སྐད་འདྲོག་སི་སི་སྦེ་རྐྱབ་ཨིན། 

རོ་ཁྱི་འདི་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ བྱི་ལི་དང་གཅིག་ཁར་འཆམ་ཏོག་ཏོ་སྦེ་ རྩེདམོ་རྩེ་སྟེ་སྡོདཔ་ཨིན།

རྫོང་ཁའི་ཡོངས་འབྲེལ་འཆར་སྒོ།


༉ རང་སོའི་རིག་རྩལ་གོང་འཕེལ་གཏང་ནི་དང་ ད་རེས་ནངས་པ་གི་གནས་སྟངས་ཧ་གོ་ནི་ འབྲུག་གི་ལམ་སྲོལ་བཟང་པོ་ཚུ་གི་སྐོར་ལས་ཤེས་ནི་དང་ ཨིནམ་མེནམ་དབྱེ་བ་དཔྱད་ནིའི་དོན་ལུ་ ཨིང་སྐད་འགྲོས་བཟུམ་སྦེ་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་ག་དེ་མང་མ་བཟོ་དགོཔ་འདུག།

དེ་འབདཝ་ད་ རྫོང་ཁ་སྐད་ཡིག་ནང་སྦེ་ ག་ཅི་ར་འབྲི་རུང་ དང་འདོད་སྐྱེད་དེ་ལྷག་མི་འདི་ གནམ་ཉིན་མའི་སྐརམ་བཟུམ་ཅིག་ལས་བརྒལ་ཏེ་མི་ནུག། ཨིན་རུང་དུམ་གྲ་རེ་ཕན་ཐོགས་པ་ཅིན་ཟེར་མནོ་སྟེ་ ག་ཤེས་གུ་ཤེས་འབྲི་ནི་སྦེ་ཨིན།

རོ་ཁྱི་སྦོམ་དང་ཆུང་ཀུ་གསོ་ནི་ལུ་ཁྱད་པར་ཡོདཔ།


ངེའི་རོ་ཁྱི་ཤི་བྷ་འདི་ སེམས་གསལ་དྲགས་དང་ ནུབ་ཁྱི་བཟང་དྲགས་ཨིན།

བྷེན་ཇི་འདི་ཤ་མ་ཟཝ་མ་ཚད་ ལྟོ་བ་འདི་ཚོད་བསྲེའི་རིགས་ཟ་ནི་དགའ་བས།

མཐོང་གསལ་ཆེའི་སྤ་རོ་ལྟ་རྫོང་།


ta

སྤ་རོ་ཚོང་འདུས་ཚལ་ཁ་ལས་ ཆུ་མགོ་གཡས་ཁ་ཐུག་གི་ཟམ་བརྒལ་ཏེ་ མདའ་རྒྱང་གང་དེམ་ཅིག་གི་ས་ཁར་ཡོད་པའི་ཟླུམ་བརྩེགས་ལྷ་ཁང་ཟུར་ཁ་ལས་ དོསཔ་ཤར་རིའི་ལམ་བདའ་སྟེ་ ཀི་ལོ་མི་ཊར་༤ལྷགཔ་ཅིག་འགྱོཝ་ད་ གེད་པ་གུར་སྤ་རོ་ལྟ་རྫོང་འདི་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལཝ་ཨིན་པས།

ལྟ་རྫོང་དེ་ཡང་སྤ་རོ་འབྲུག་རིན་ཆེན་སྤུངས་རྫོང་བཞེངས་ཚར་བའི་ཤུལ་ལུ་ སྡེ་སྲིད་༢ པ་བསྟན་འཛིན་འབྲུག་སྒྲ་གི་སྐབས་ལུ་ ཕྱི་ནང་གི་དམག་ལས་སྲུང་སྐྱོབ་དང་ འདིའི་ནང་དོན་ཉིད་ལས་ཡང་ སྤ་རོ་རྫོང་སྲུང་སྐྱོབ་འབད་ནིའི་དོན་ལུ་ ལ་སྔོན་པ་བསྟན་འཛིན་འབྲུག་སྒྲ་དང་ ཆོས་རྒྱལ་མི་འགྱུར་བསྟན་པ་གཉིས་ཀྱིས་ དུས་རབ་༡༧ པ་ཕྱེད་ཁ་དེ་ཅིག་ལུ་ལྟ་རྫོང་འདི་བཞེངས་ཡོདཔ་སྦེ་ཨིན་པས།

ལྟ་རྫོང་གི་ཐོག་བཞི་པ་འདི་ ཧེ་མ་འབད་བ་ཅིན་ བཙོན་པ་ཚུ་བཞག་ས་ཨིན་མས། དམག་ཁྲུགས་རེ་ཐོན་ཏེ་པའི་སྐབས་ ཆུ་ལེན་ནིའི་དོན་ལུ་ ལྟ་རྫོང་དང་ སྤ་ཆུ་གཉིས་མཐུད་དེ་ ས་འོག་ལས་གསང་ལམ་ཅིག་ཡོདཔ་ཨིན་རུང་ ད་ལྟོ་མཐོང་ས་མེདཔ་ཨིན་མས།

tA1

 

རྫོང་འདི་ ལོ་༣༥༠ དེ་ཅིག་གི་ཧེ་མ་བཞེངས་ཡོདཔ་ཨིནམ་དང་ བར་སྐབས་ཅིག་དེ་ནང་སྡོད་མི་ག་ཡང་མེད་པར་ སྦོ་ལོགས་ཁའི་གཡུས་ཚན་གྱི་ཨ་ལུ་ཚུ་གིས་ རྩེདམོ་རྩེ་ས་འབད་ནི་འདི་གིས་ གནོད་སྐྱོན་དུམ་གྲ་རེ་བྱུང་ཡོད་རུང་ རང་བཞིན་གྱིས་རྐྱེན་ངན་དང་ ཕྱིའི་དགྲ་བྱང་ཕྱད་ཚུ་ལུ་བརྟེན་གནོད་པ་ག་ནི་ཡང་མ་བྱུང་པའི་རྫོང་དག་པ་གཅིག་ཡོད་པའི་གྲས་ལས་ གཅིག་ལྟ་རྫོང་འདི་ཨིན་མས།

དེ་གིས་ཡང་མ་དོ་བར་ སྤྱི་ལོ་༡༧༡༤ ལུ་ས་གཡོམ་རྐྱབ་མི་ད་རུང་ སྤྱི་ལོ་༡༨༩༦ ལུ་ཡང་ས་གཡོམ་རྐྱབ་པའི་སྐབས་ རྒྱལ་ཁབ་ནང་གི་རྫོང་གཞི་མ་ཧེད་རྫོགསཔ་ཅིག་ལུ་ གནོད་སྐྱོན་སྦོམ་བྱུང་ཡོད་རུང་ ལྟ་རྫོང་འདི་ལུ་ གནོད་པ་ག་ནི་ཡང་མ་འབྱུང་མས།

རྫོང་འདི་ འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ མང་དངུལ་གྲོགས་རམ་འབད་དེ་ ཉམས་བཅོས་འབད་ཡོདཔ་མ་ཚད་ སྣུམ་འཁོར་ལམ་ཡང་སེལ་ཡོདཔ་ཨིན་པས།

ལྟ་རྫོང་འདི་དབྱིབས་ཐད་སྒོར་སྒོར་དང་ཟླ་གམ་སྦེ་ཡོདཔ་དང་ ནང་ན་གི་ཐོག་ཚད་བདུན་ཡོད་མི་འདི་ རྒྱུ་ནོར་ལོངས་སྤྱོད་བཟུམ་ཅིག་ཨིནམ་དང་ ཕྱི་ཁ་གི་གྱང་ཐེ་སྒོར་སྒོར་དེ་ འདི་ཚུ་སྲུང་སྐྱོབ་འབད་མི་བཟུམ་ཅིག་ཨིན།

TA4

 

འབྲུག་གི་ཅ་རྙིང་འགང་ཅན་ གཞན་ཁ་ལས་མ་ཐོབ་མི་ཐང་མེདཔ་ཅིག་ ལྟ་རྫོང་ནང་ཡོད་ནི་འདི་གིས་ ད་རེས་ནངས་པ་འབྲུག་མི་ཚུ་གིས་མ་ཚད་ ཕྱི་རྒྱལ་གྱི་མི་ཚུ་གིས་ཡང་ལཱ་ཁག་སྦེ་ ལྟ་རྫོང་མཇལ་བར་འོང་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་འགྲེམས་སྟོན་ཁང་འདི་ཕྱིའི་བཟོ་བཀོད་དང་ ནང་གི་བཀོད་པ་ཚུ་མ་བཏུབ་བཏུབ་སྦེ་ཆོག་སྒྲིག་བཀལ་ཏེ་ཡོད་རུང་ ད་རུང་ད་རེས་ནངས་པ་ ཨ་རྟག་དང་མ་འདྲ་བའི་གནས་སྐབས་བཏོན་ཏེ་ ཕྱི་རྒྱལ་གྱི་མི་ཚུ་གིས་དང་འདོད་བསྐྱེད་བཅུག་ནིའི་ཐབས་ལམ་བཏོན་པའི་བསྒང་ཡོདཔ་ཨིན་པས།

འགྲེམས་སྟོན་ཁང་ནང་ མདོ་ཆེན་གཅིག་གིས་འགུབ་བཀལ་ཏེ་ ལཱ་འབད་མི་༣༠ལྷག་ཙམ་ཡོད་མི་ཚུ་གིས་ དྲོ་པ་དཀར་གྱིས་བཅད་ ཕྱི་རུ་ནག་གིས་བཅད་དེ་ཕྱག་ལཱ་གནང་པའི་བསྒང་ར་འདུག་ཟེར་ཞུ་ནི་ཨིན།།

གདོང་ཤོག

མི་སྡེའི་ཞབས་ཏོག།


༉ ད་རིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྫོང་ཁའི་ཚོགས་ཆུང་གི་འཐུས་མི་ཚུ་གིས་ འཕྲལ་རང་འགོ་འདྲེན་འཐབ་ནི་ཨིན་མི་ འབྲུག་གི་གསུང་སྐད་འགྲན་བསྡུར་ཟེར་ ཐུགས་སྤྲོ་བའི་ལས་རིམ་འགོ་འདྲེན་འཐབ་མི་ཚུ་དང་གཅིག་ཁར་ འཛོམས་འདུ་རྐྱབ་པའི་སྐབས་ རྫོང་ཁ་ལུགས་ལུགས་གཞི་དང་ མིང་ཚིག་རྙིངམ་རྒྱབ་ཁར་ལུས་མི་ཚུ་ ཞོར་ཁར་དར་ཁྱབ་གཏང་ནི་ལུ་ ག་དེ་དྲག་དྲ་རྩ་འགེང་དགོཔ་སྦེ་བཞག་ཅི།

དུས་ཚོད་མ་ཕྱིསཔ་ལས་འབད་དགོཔ།


༉ དུས་རབས་༢༡ སྤྱི་ལོ་༢༡གི་ལོ་འདི་ནང་ རིམས་ནད་ཀྱིས་ ལཱ་འབད་ནི་ལུ་སྟབས་མ་བདེཝ་ཐོན་ཡོད་རུང་ ད་རེས་ནངས་པ་ རྒྱལ་ཡོངས་འགྲེམ་སྟོན་ཁང་གིས་འགོ་འདྲེན་འཐབ་སྟེ་ རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པའི་ ཡུལ་ལྷ་གཞི་བདག་ ཆོས་སྐྱོང་སྲུང་མ་ཚུ་གི་ ཁུངས་ཐུབ་ཀྱི་རྒྱབ་ཁུངས་ཡིག་ཐོག་ལུ་བཀོད་ནིའི་ལཱ་སྐོར་འདི་ ཧ་ལམ་ཅིག་གྲུབ་འབྲས་བྱུང་ཡོད་ནི་འདི་གིས་ དུས་ཅི་ལོ་མཇུག་ཁམས་ཅིག་ལས་ དཔེ་དེབ་བཏོན་ཚུགས་ནི་ཨིན་པས།

གོ་རིམ་གཉིས་པར་ རྒྱལ་ཁབ་ཀྱི་ཆོས་སྐྱོང་སྲུང་མ་ཚུ་གི་གསོལ་ཁ་དཔེ་ཆ་ཚུ་ ཆ་མཉམ་མཛུབ་གནོན་རྐྱབ་སྟེ་ ཞུ་དག་སྤུས་གཙང་སྦེ་འབད་ཞིནམ་ལས་ རྒེད་འོག་ཁག་སོ་སོ་ལུ་བཀྲམ་ནིའི་འཆར་གཞི་འདུག།

ཨིན་རུང་ གསོལ་ཁ་དཔེ་ཆ་ལ་ལུ་ཅིག་ རྙིངམ་ཐལ་ཏེ་ཡིག་ངོ་མ་ཤེསཔ། ག་ཚུད་སྦེ་ཡིག་ཐོག་ལུ་བཀོད་བཀོདཔ། ཚིག་ལྷག་ཆད་མང་རབས་ཅིག་ཡོད་ནི་འདི་གིས་ ཞུ་དག་འབད་ནི་ལུ་ལཱ་ཁག་གཏང་ནི་ཨིན་པས། ཨིན་རུང་ལམ་སྟོན་གནང་མི་དང་ འགོ་འདྲེན་འཐབ་མི་ ཞིབ་འཚོལ་འབད་མི་ཚུ་གི་ཨུ་ཚུགས་ལུ་བརྟེན་ཏེ་ མཐའ་མཇུག་ལུ་གྲུབ་འབྲས་འཐོནམ་མིག་གིས་མཐོང་སར་ཨིནམ་ལས་ ཐེ་ཚོམ་ཆགས་དགོཔ་མིན་འདུག་ཟེར་མནོཝ་མས།

ག་ཏེ་གུ་ཏེ།


སྤྱི་ཟླ་༣པའི་ནང་ བདུན་ཕྲག་༢ ལྷགཔ་ཅིག་ སྤུ་ན་ཁ་དང་དགའ་ས་རྫོང་ཁག་གི་གཡུས་ཚན་ཐདམ་ཐད་ཁར་ དོན་རྐང་བཙུགས་སོང་སྟེ་ མི་རྒྱགས་ཚད་དང་འབྲེལ་བ་འཐབ་ད་ སྡོད་ཐངས་བཅའ་ཐངས་དང་ མནོ་བསམ་གཏང་ཐངས་ཚུ་ ཧ་ལམ་ཅིག་ཧ་གོ་ཚུགས་ཅི།

ཇོམོ་གསོལ་སྲོལ།


༉ ཇོ་མོའི་ཤོག་ལྟབ་ནང་ལས་བཏོན་ཏེ་ སྲོག་ལེན་ནིའི་དོན་ལུ་གཟའ་སྐར་ཚེས་བཟང་དགེ་བའི་ཉིན་མར་ ཇོ་མོའི་ལྷ་གཞི་དང་ མཆོད་དཔོན་གྱིས་ བཅའ་ལ་འགྲིགཔ་ཨིན་པས།

རིང་ཚད་འདོམ་དོ་དེ་ཅིག་འབད་མི་གདང་གུར་ སྦུག་ལུ་བར་མ་གདུང་རྒྱས་ལྷ་མོ་དང་། གཡས་གཡོན་ལུ་སྲསམོ་གཉིས། དེའི་གཡོན་ལུ་ ཡབ་ཆེན་མེས་མེ་དངས་ལིང་དང་ གཡོན་ལུ་ཚོང་ཚོང་མ། རྒྱུ་ཆས་དམར་ཟོང་ ཕོ་གོ་དང་མོ་གོ་ཆ་ཚང་དཔྱང་དགོཔ་ཨིན་པས། 

དཔའ་རྟགས་དང་ མདའ་གཞུ་སོག་རས་ཚུ་དགྲ་ཆས་དང་ ལྕགས་དཀར་ཀྲི་མི། སྐེ་ཆའི་རིགས་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་ ག་དེ་མང་མ་བཀྲམ་དགོཔ་ད། ནདཔ་འདི་ཕོ་ཨིན་པ་ཅིན་ཕོ་གོ་མང་སུ་བཀལ་དགོཔ་ཨིན་པས། 

འདོམ་ཕྱེད་དང་དོ་དེ་ཅིག་འབད་མི་ དར་ཅུང་ལྔ་དང་ གནས་པོའི་དར་གཅིག། ལུངམ་དགུ་གི་ཆུ་ཕུད། ཤིང་སྣ་མེ་ཏོག་ལྷམ་ཚང་དགུ། རྡོ་ཅུང་དཀར་ནག་ཁྲ་གསུམ། སྐུདཔ་དཀར་ནག་གི་སྲུང་སྐུད།
ཅན་སྟེགས་གུར་ ཇོ་མོ་རེ་མ་ཏིའི་ཕྱག་མཇལ་ རི་བོ་རྒྱལ་ཚོགས་་གཅིག་རྩིས་ཏེ་ ཚོགས་བཅུ་གཅིག་གཅད་དགོ་པས།

གཡས་གཡོན་གྱི་ཅན་སྟེགས་གུར་ དངས་ལིང་དང་ཚོང་ཚོངམ་ལུ་ཆུ་ཕུད་ཆང་ཕུད། ཨོ་ཕུད་དང་ཕྱེ་མར་བཀྲམ་སྟེ་གཙང་སྦྲ་ཁྲུས་ལུ་བརྟེན་དགོཔ་ཨིན་པས།

དེ་ལས་ལྷ་གཞི་འདི་ གཙང་སྦྲ་ཁྲུས་ལུ་བརྟེན་ཏེ་ ཉིན་དགུང་མ་ཡོལཝ་ཅིག་ལས་ ཕྱག་འཚལ་སྙན་དར་ཕུལ་ཞིནམ་ལས་ ཇོམོ་གསོལ་ནི་འགོ་བཙུགསཔ་ཨིན་པས། 

སྒོམ་ཆེན་སྣང་གསལ།


༉ ཆུང་ཀུ་བསྒང་ལས་ སྤང་དཀར་པོར་ སྒོམ་ཆེན་འབད་དེ་ ད་རེས་སྐྱེས་ལོ་༩༠ལྷག་སོང་རུང་ རྣཝ་བྱ་མ་ཕོག་ མིག་ཏོ་གསལ་ཏོག་ཏོ་ཡོད་པའི་ཁར་ གཟུགས་སྟོབས་སྒྲིང་སྒྲི་ཡོད་ནི་འདི་གིས་ ག་ཅི་འབད་རུང་ གཞོན་ཅུང་བ་རྔམ་སྦེ་འབད་ཚུགས་པས།

ང་བཅས་ཞང་ཚན་གཉིས་ ཡངས་མའི་དགོན་པ་ལས་ལོགཔ་ད་ སྒོམ་ཆེན་སྣང་གསལ་ སྤང་དཀར་པོའི་མཇུག་ ཆུ་འབྱུང་ས་སྒང་ལུ་ མཆོད་རྟེན་བསྐོར་ར་རྐྱབ་སྟེ་སྡོད་ནུག ཁོ་གིས་ང་མཐོངམ་ཅིག་ དབའི་སངས་རྒྱས་བསྟན་འཛིན་ཟེར་ ངེའི་མིང་བཏོན་ཏེ་ ལོ་ངོ་༤༠ཀྱི་ཧེ་མ་གི་ལོ་རྒྱུས་ཚུ་ གསལ་ཏོག་ཏོ་སྦེ་སླབ་ད་ ང་ཡང་ཡུདཔ་ཐེངས་གཅིག་ ག་ནེ་ཡང་སླབ་མ་ཚུགས་པ་ དོན་ཧིང་གན་དྲིལ་རྐྱབ། ཁོ་གི་གདོང་ལྟ་འབད་སྦེ་ལུས་སོ་ཡི། 

ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་སྤང་དཀར་པོར་སྡོད་མི་ ཨ་ཎིམ་དང་སྒོམ་ཆེན་ རེ་རེ་གཉིས་གཉིས་མ་གཏོགས་ གཞན་ག་ར་ཁ་ས་གིས་བཅད་ཆི་རུང་ སྒོམ་ཆེན་སྣང་གསལ་འདི་ གཞོན་ཅུང་ཁེག་ཁེ་སྦེ་སྡོད་ནུག

ཁོ་གི་སླབ་ཚེ་ མི་ཚེ་ཕྱེད་ཀ་དེ་ཅིག་ སྤང་དཀར་པོ་སྒྲུབ་སྡེའི་མཚམས་གཡོག་སྦེ་ཕྱག་ཞུ་ནིའི་གོ་སྐབས་ཐོབ་ནི་འདི་གིས་ ལུས་ངག་ཡིད་གསུམ་གྱི་སྡིག་པ་དག་སྟེ་ ནཝ་ཚཝ་རྩ་ལས་ར་མ་བྱུང་པ་ བདེ་ཏོག་ཏོ་སྦེ་ཡོད། ད་ལྟོ་རང་དབང་ཡོདཔ་ད་ ཚེ་ཕྱི་མའི་ལམ་བཟང་ནིའི་དོན་ལུ་ ཏི་རུ་ཐོབ་མི་ཚུ་བསག་བཞག་སྟེ་ འཁོས་ལངམ་ད་ བ་མར་ཉོ་སྟེ་ དགོན་སྡེ་བཟང་སར་ བྱིན་རླབས་ཅན་གྱི་རྟེན་གྱི་སྐུ་མདུན་ལུ་ སྐར་མེ་ཕུལ་དོ་ཟེར་བཤདཔ་ཨིན་པས།

སྡོད་ཉམས་སྤྲོ་བའི་གཡུས།


༉ སྤུ་ན་ཁ་རྫོང་ཁག་ སྟོདཔ་རྒེད་འོག་ འཕྲིན་ལས་སྒང་ལས་ ས་ནམ་ཞིང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༢དེ་ཅིག་འགྱོཝ་ད་ རི་ཁ་ཡངས་དྲགས་ སྡོད་ཉམས་སྤྲོ་བའི་ ལེམ་རྒྱ་ཁ་གཡུས་ཚན་ནང་ལྷོདཔ་ཨིན་པས།

དེ་ནང་ལས་ བོད་སྒར་བྱག་དཀར་པོ། རྟ་ལོག་དགོན་པ། རླུང་ཅུང་ཟེ། ན་ལཎྜ་ཚུ་གསལ་ཏོག་ཏོ་སྦེ་མཇལ་ཚུགསཔ་མ་ཚད་ གཡུས་ཚན་ལེ་ཤ་ཅིག་ ལག་མཐིལ་སྦུག་ལུ་ལེན་ལེནམ་བཟུམ་སྦེ་མཐོང་ཚུགས་པས།

ལེམ་རྒྱ་ཁའི་གཡུས་

འདིའི་ནང་ལས་ཡང་ དཔལ་ལྡན་འབྲུག་པའི་གདུང་རིགས་ལས་བྱོན་མི་ འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་གིས་ ལྷོ་མོན་ལུ་ གདུང་སྲས་འཁྲུངས་ནིའི་ལུང་བསྟན་ཡོད་མེད་གཟིགས་ནི་སྦེ་ བོད་ཡར་འབྲོག་སྣང་དཀར་རྩེ་ལས་ ཕྱག་མདའ་གནངམ་ད་ མདའ་ཡི་ལྟོང་ ལ་གུར་རེག་པའི་ཤུལ་ ན་སྦི་ལྟོང་ཉི་ཡང་སྦོ་ལོགས་སྦེ་མཐོང་ཚུགས་ནི་འདི་ གཡུས་ཚན་འདི་ནང་གི་མི་སེར་ཚུ་ སྐལ་བཟང་གི་ཉིམ་ཤར་ཏེ་ དགའ་བའི་དྲོད་ཉམས་ལྡན་ནུག

ན་སྦི་ལྟོང་ཉི།

གནས་བདག་གཞི་བདག་གི་རྒྱབ་ཁུངས་ཤེས་མི་གངམ་མེདཔ།


རྫོང་གཞི་དང་ལྷ་ཁང་དགོན་སྡེ་ཚུ་ནང་ དཀར་ཕྱོགས་སྐྱོང་བའི་སྲུང་མ་ཡོདཔ་མ་ཚད་ ཐ་ན་གཡུས་ཚན་ཡོད་རིགས་ཡོད་ཚད་ལུ་ གནས་བདག་གཞི་བདག་དང་ ཕོ་ལྷ་ཡུལ་ལྷ་དགྲ་ལྷ་ཡོད་དེ་འབད་རུང་ མང་ཤོས་ཀྱིས་མཚན་རྐྱངམ་ཅིག་གོཝ་མ་གཏོགས་ དེའི་སྐྱེས་རྒྱུད་དང་རྒྱབ་ཁུངས་ཧིང་སང་ས་སྦེ་ཤེས་མི་སྐྱོན་ཚུ་ཅིག་ཨིན་པས།

ལ་ལུ་ཅིག་གིས་ རང་གི་ཁྱིམ་ནང་ལོ་ཆོག་གཏང་པའི་སྐབས་ གནསཔོ་ག་འདི་སྐུ་རྐྱང་སྦེ་གཏངམ་ཨིན་ན་ཏན་ཏན་ཅིག་སླབ་ནི་མེད་མི་འདི་སེམས་ཕམ་གྱི་གཞི་ཅིག་ཨིན་པས། ག་ཅི་སྨོ་ཟེར་བ་ཅིན་ རང་གི་ལཱ་དང་གཡོག་གི་བར་ན་ལས་མ་ཁོམ་པ་ དེའི་ར་ཁུངས་དཔྱད་ནི་ལུ་དང་འདོད་ཆེནམོ་ཅིག་མི་ནུག

ལྟོ་བཀྱེས་སྨན་ཆུ།


༉ དགོན་ཟ་མི་ཟམ་བརྒལ་ཏེ་ ཚ་ཆུ་འགྱོ་སའི་ལམ་རྒྱ་གྲམ་ལས་ དགའ་ས་རྫོང་ཁ་ཐུག་གི་ སྣུམ་འཁོར་ལམ་བདའ་སྟེ་ རི་མི་གཡུས་ཚན་ནང་མ་ལྷོདཔ་ཅིག་ཁར་ ལམ་འོག་ལས་ དུས་ཡུན་སྐར་མ་༡༠འགྱོཝ་ད་ ལུངམ་ནང་རོང་ཆུ་གི་ཟུར་ཁར་ ལྟོ་བཀྱེས་སྨན་ཆུ་ལུ་ལྷོདཔ་ཨིན་པས།

ལྟོ་བཀྱེས་སྨན་ཆུ་ལུ་ རྡོ་བཙོ་རྐྱབ། མགུ་གཟར་བར་ནང་བཙུགས་ཏེ་ སྨན་ཆུ་ཟེད་ཚུགས་པ་ཅིན་ མགུ་ནད་གཡུས་བཏོན་གཏང་དོ་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་པས།

བཟོ་བོ་བ་ལིངཔ།


༉ སྤུ་ན་ཁ་མོ་ཆུ་ཕར་ཀ་ལས་ དགའ་སའི་སྣུམ་འཁོར་གཞུང་ལམ་བདའ་སྟེ་འགྱོཝ་ད་ མཆོད་རྟེན་སྙིང་པོའི་སྣུམ་འཁོར་ཟུར་ལམ་འོག་ལས་ མོ་ཆུ་བརྒལ་ཏེ་ སྐར་མ་༥དེ་ཅིག་འགྱོཝ་ད་ ཞིང་གི་ཧང་ལུ་ཆགས་ཏེ་ཡོད་མི་ བ་ལིང་གཡུས་ཚན་ནང་ལྷོདཔ་ཨིན་པས།

གཡུས་ཀྱི་འོག་ལུ་བཞེངས་ཏེ་ཡོད་མི་ བྱམས་སྤྲུལ་རིམ་བྱོན་གྱི་གནམ་གྱི་དགུན་གྱི་བཞུགས་གནས་ བ་ལིང་རྫོང་འདི་ རྩ་བ་ལས་ར་ཉམས་ཆག་ཤོར་སོང་མིའི་ནང་རྟེན་ཚུ་ གཡུས་ཀྱི་ལྟག་ལུ་སྤོ་ཏོ་གུར་ ལྷ་ཁང་ཆུང་སུ་ཅིག་བཞེངས་མི་འདི་ནང་བཞུགས་ས་གསོལ་ཏེ་ ཁྲི་རབས་༦༣པ་ རྗེ་མཁན་འཕྲིན་ལས་ལྷུན་གྲུབ་མཆོག་གིས་རབ་གནས་གནང་བའི་སྐབས་ བ་ལིང་ཀུན་དགའ་ཆོས་གླིང་ཟེར་མཚན་གསོལ་ནུག

ལྷ་ཁང་གི་གཡོན་ཁ་ཐུག་ལས་ ཁ་མར་གཞོལ་འཚམས་ཅིག་སྦེ་ མདའ་རྒྱང་གང་དེ་ཅིག་གི་ས་ཁར་་ སྤྲུལ་པའི་བཟོ་བོ་བ་ལིངཔ་གིས་བཞེང་པའི་མཆོད་རྟེན་འདི་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་འདུག

ས་གནས་ཀྱི་ཚོགས་པ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཆུ་རུད་ཀྱིས་གཡུས་ཚན་ལུ་ཉེན་ཁ་མི་འབྱུང་ནིའི་དོན་ལུ་ ཁ་གནོན་སྦེ་མཆོད་རྟེན་ཅིག་བཞེང་གནང་ཞིནམ་ལས་ ཕྱག་འཁར་ས་བརྡབ་མི་འདི་ཅན་དན་ཤིང་འདི་ གཞན་དང་མ་འདྲཝ་ཅིག་སྦེ་འདུག

སྒུམ་གྱི་ཤིང་གི་ཟུར་ཁར་ བཟོ་བོ་བ་ལིང་པའི་ཁྱིམ་གྱི་གྱང་ཤུལ་ཡོད་སར་ ལོ་ལྟར་ཟླཝ་༣པའི་ཚེས་༡༠ལུ་ ཞབས་དྲུང་རིན་པོ་ཆེའི་སྐུ་འབག་རིན་པོ་ཆེ་ ཆིབས་གྲལ་ཐོག་ལས་ཕེབས་བསུ་ཞུ་སྟེ་ ཚེས་བཅུ་བཟུང་སྲོལ་ཡོདཔ་མ་ཚད་ དེ་བསྒང་གཡུས་ཁའི་མི་སེར་ཚུ་ གཟབ་སྤྲོས་རྡིག་སྟེ་ ཞབས་ཁྲ་རྐྱབ། བླ་མ་གིས་དབང་གནང་སྲོལ་ཡོད་མི་ ད་ལྟོ་བར་ནང་མ་ཉམས་པར་ཡོདཔ་ཨིན་པས།

ཞིབ་འཚོལ་འབད་དོ།


༉ ང་རང་ ད་རིས་ནངས་པ་ སྤུ་ན་ཁ་རྫོང་ཁག་འོག་གི་ ས་གནས་ཁག་གི་ གནས་བདག་གཞི་བདག་གི་ཞིབ་འཚོལ་འབད་བའི་བསྒང་ཡོད། ཨིན་རུང་ད་རེས་ཆརཔ་དང་ས་སྨུག་ལུ་བརྟེན་ ཕར་ཚུར་འགྱོཝ་ད་དཀའཝ་ཆེ་བས། ག་ཅི་སྦེ་ཟེར་བ་ཅིན་ སྣུམ་འཁོར་ལམ་ཟོག་དྲགས་ཨིན་པའི་ཁར་ འདི་གི་ནང་ལས་ཡང་ ཆར་ཆུ་གིས་ འདམ་ལོངས་ འགྱེལ་ཏ་རྐྱབ་སྟེ་ ལུང་པའི་མདའ་ལས་མར་རྦབ་རིལ་སག་ས་སྦེ་ ཚེ་སྲོག་ལུ་ཡང་ཉེན་ཁ་ཆེ་དྲགས་འདུག ཨིན་རུང་འཇིག་རྟེན་པའི་གཏམ་དཔེ་ལས་ རང་གིས་ཉོ་བའི་ཆང་།།མངར་རུ་སྐྱུར་རུང་འཐུང་དགོ།། ཟེར་དོ་བཟུམ་དང་། རང་སྐལ་རྡོ་རང་ཨིན་རུང་རྨུར། ཟེར་སླབ་དོ་བཟུམ་སྦེ་ ལཱ་ཁག་པ་མ་ལྟ་བར་ དོན་རྐང་བཙུགས་སྦེ་ གཡུས་ཚན་དང་ ལྷ་ཁང་དགོན་སྡེ་ཚུ་ནང་སོང་སྟེ་འབད་རུང་ དོན་ཁུངས་ལྡན་པའི་ཁུངས་སྐྱེལ་ཚུགས་མི་ གནམ་ཉིན་མའི་སྐརམ་བཟུམ་ཅིག་ཡང་མི་ནུག ཨིན་རུང་ག་དྲགས་གུ་དྲགས་སྦེ་ རྩ་འགེངས་དོ་ཟེར་ ལོ་རྒྱུས་ཅིག་ཞུཝ་ཨིན་ལགས། ང་རང་ ད་རིས་ནངས་པ་ སྤུ་ན་ཁ་རྫོང་ཁག་འོག་གི་ ས་གནས་ཁག་གི་ གནས་བདག་གཞི་བདག་གི་ ཞིབ་འཚོལ་འབད་བའི་བསྒང་ཡོད།
ཨིན་རུང་ད་རེས་ཆརཔ་དང་ས་སྨུག་ལུ་བརྟེན་ ཕར་ཚུར་འགྱོཝ་ད་དཀའཝ་ཆེ་བས། ག་ཅི་སྦེ་ཟེར་བ་ཅིན་ སྣུམ་འཁོར་ལམ་ཟོག་དྲགས་ཨིན་པའི་ཁར་ འདི་གི་ནང་ལས་ཡང་ ཆར་ཆུ་གིས་ འདམ་ལོངས་ འགྱེལ་ཏ་རྐྱབ་སྟེ་ ལུང་པའི་མདའ་ལས་མར་རྦབ་རིལ་སག་ས་སྦེ་ ཚེ་སྲོག་ལུ་ཡང་ཉེན་ཁ་ཆེ་དྲགས་འདུག ཨིན་རུང་འཇིག་རྟེན་པའི་གཏམ་དཔེ་ལས་ རང་གིས་ཉོ་བའི་ཆང་།།མངར་རུ་སྐྱུར་རུང་འཐུང་དགོ།། ཟེར་དོ་བཟུམ་དང་། རང་སྐལ་རྡོ་རང་ཨིན་རུང་རྨུར། ཟེར་སླབ་དོ་བཟུམ་སྦེ་ ལཱ་ཁག་པ་མ་ལྟ་བར་ དོན་རྐང་བཙུགས་སྦེ་ གཡུས་ཚན་དང་ ལྷ་ཁང་དགོན་སྡེ་ཚུ་ནང་སོང་སྟེ་འབད་རུང་ དོན་ཁུངས་ལྡན་པའི་ཁུངས་སྐྱེལ་ཚུགས་མི་ གནམ་ཉིན་མའི་སྐརམ་བཟུམ་ཅིག་ཡང་མི་ནུག ཨིན་རུང་ག་དྲགས་གུ་དྲགས་སྦེ་ རྩ་འགེངས་ཏེ་ཕྱག་ཞུ་བའི་བསྒང་ཡོད། 
དང་པ་ར་ དཔལ་ལྡན་འབྲུག་པའི་གདན་ས་མཚན་རྗོད་པར་ཕངས་པ་ རྟ་ལོག་གསང་སྔགས་ཆོས་གླིང་གཙུག་ལག་ཁང་ལུ་ དཔལ་མ་ཆེན་རྣམ་གཉིས་ཀྱིས་གཙོས་པའི་རྟེན་གསུམ་རྒྱ་མཚོའི་སྐུ་མདུན་དང་ དཔལ་ལྡན་བླ་མའི་བཀའ་སྲུང་མགོན་པོ་ལྕམ་དྲལ་གསུམ་དང་ འདི་གི་ནང་ལས་ རྒྱལ་ཆེན་ཀུན་ཏུ་བཟང་པོ་བཞུགས་པའི་གནས་ཁང་མགོན་ཁང་ནང་ལུ་ རྒྱལ་ཁབ་ཀྱི་བསྟན་སྲིད་ཀྱི་དོན་ལུ་ ཞིབ་འཚོལ་གྱི་ལཱ་འགོ་བཙུགས་མི་འདི་ བགེགས་རྐྱེན་བར་ཆད་ག་ནེ་ཡང་མ་འབྱུང་པ་ བསམ་དོན་ཡིད་བཞིན་འགྲུབ་བཅུག་ཅིག་ཟེར་བའི་སྨོན་ལམ་བཏབ་འབད་སྦེ་ ལཱ་འགོ་བཙུགས་ཅི།
ཀ༽ རྟ་ལོག ༡ རྒྱལ་ཆེན་ཀུན་ཏུ་བཟང་པོ། ༢ དགྲ་ལྷ་བསམ་འགྲུབ་དར་རྒྱས། ༣ ཀླུ་མོ་བདེ་ཆེན་བཟང་པོ། 
ཁ༽སྤང་དཀར་པོ། ༡ གནསཔོ་ལྷ་ཆེན་དབང་ཕྱུག
ག༽ཡངས་མ་དགོན་པ། ཡ་མ་པ།
ང༽ནོར་བུ་སྒང་། ༡ རི་བཙན་རྡོ་རྗེ་ཐོག་རྒོད། ༢ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ།
ོཅ༽ ༡ དངོས་གྲུབ་ཆུ། ༡ ཆུ་ཕོའི་གནས་བདག་མཁའ་ཆེན། སྒོ་མོ། ༣ ཚེ་རིང་མཆེད་ལྔ།

དྭ་ལུས།


༉ སྤྱི་ལོ་༢༠༢༠ སྤྱི་ཟླ་༡༡པའི་ནང་ ཐིམ་ཕུག་ཁྲོམ་གྱི་གི་ཁུག་ཅིག་ནང་ སུ་ཀྲ་གི་ཚང་ནང་ འཚར་ཏེ་ཟླཝ་གཅིག་ཡང་མ་ལང་མི་ སྤྱང་ཁྱི་ཕྱུ་གུ་གསུམ་ ཨའི་དང་ཁ་བྱལ་ཏེ་ འབུང་མ་ཆདཔ་ཙམ་ཅིག་ལུ་ཐུག་རུང་ བྱང་ས་སེམས་ཅན་ཚེ་ཐར་ཚོགས་པ་ནང་ཕྱག་ཞུ་མི་ངོ་སྐྱེད་ཅིག་གིས་ ཤོ་སྒྲོམ་བཙུགས་ཏེ་འབག་འོང་ཞིནམ་ལས་  བར་པའི་ས་ཤིང་གྲྭ་ཁང་གི་སྦོ་ལོགས་ཁར་ལྷོདཔ་ད། ཐིམ་ཕུག་རྫོང་ཁག་ཅང་རྒེད་འོག་ སྒང་ཆེན་རྟ་ལ་ཁ་སྤྱི་འོག་གི་ཚོགས་པ་ཀུན་ལེགས་ཆོས་འཛོམས་ཀྱིས་མཐོངམ་ཅིག་ སྡི་ཆེ་སྙིང་རྗེ་བསྐྱེད་དེ་གསོ་ནི་སྦེ་ཐག་བཅད་ནུག།

དལ་གཞིར་ རོ་ཁྱི་དང་བྱི་ལིི་གཉིས་ གནམ་མེད་ས་མེད་ཅིག་མཐུན་ཏོག་ཏོ་མེད་རུང་ ཆུང་ཀུ་བསྒང་ལས་ མཉམ་གཅིག་སྦེ་བཞག་ནི་འདི་གིས་ཨིན་མས་སོང་།  བྱི་ལི་བཞི་དང་རོ་ཁྱི་འདི་ སྤུན་ཆ་བ་ལྷག་པའི་ཆ་བཞག་བརྩེ་གདུང་བསྐྱེད་ས་མཐོངམ་ད་ མནོ་མེད་སེམས་ཅན་ཟེར་སླབ་སྲོལ་ཡོད་མི་དེ་ཡང་ མི་བདེན་པས་ཟེར་མནོཝ་མས།

ངེའི་གནསམོ་གིས་ རོ་ཁྱི་ཕྱུ་གུ་འདི་ ཁྱིམ་ནང་འབག་ལྷོདཔ་ཅིག་ ངེའི་བུ་སྦོམ་ཤོ་འདི་གིས་ ཕང་མ་བཏབ་ ཁ་ལུ་འུ་བཀལ་སྦེ་ མིང་ཤི་བྷ་ཟེར་བཏགསཔ་མ་ཚད་ དེ་འཕྲལ་ལས་གླང་ལེབ་བཏབ་ཧིང་སང་ས་སྦེ་ཆུ་འཁྱུ་ཞིནམ་ལས་ ཨ་རྟག་ར་ཁོ་རང་དང་མཉམ་གཅིག་་ཧེངམ་ཨིན།

ཟླཝ་ལྷགཔ་ཅིག་ ཨོམ་བྱིན་ཏེ་གསོ་ཡོདཔ་ཨིན་རུང་ ད་རིས་ནངས་པ་ ལྟོ་ཉ་ཀྲིན་དང་སྒྱེས་ཏེ་མ་བྱིན་པ་ཅིན་ཟ་མི་བཏུབ། ཉ་ཀྲིན་བླུགས་བྱིནམ་ད་ ལྟོ་མི་ལྟོ་གཅིག་ཟ་དཔ་མས།

ཤི་བྷ་འདི་ གནམ་མེད་ས་མེད་སེམས་གསལ་དྲགས་ཡོད་པའི་གུ་ སྒྱིད་ཐག་ཡངས་པ་ལུ་ ཙང་གཏང་མ་པ་ལས་མ་སྡོད་མི་ཅིག་ཨིན། དེ་འབདཝ་ད་ག་དེ་སྦེ་སྒྲིག་བཙུགས་རུང་ ཆབ་གསང་ག་མནོ་སར་བཏང་ནི་བཞག་མ་བཏུབ་ནི་འདི་གིས་ དུས་ཚོད་ལུ་བཞེས་སྒོ་བྱིན་འབད་སྦེ་ ཕྱི་ཁར་གཏང་བཞག་དགོནི་ན་ཟེར་ཡང་མནོཝ་མས། ཨིན་རུང་གདོང་ཧིང་ཚ་ཁག་ཁ་སྦེ་ དགའ་ཚོར་སྐྱེད་པའི་བསྒང་ལས་མནོ་མི་ཚུགས་པས།

ལྟེཝ་བཅད་སར་ཐོདཔ་བོག


༉ ཧེ་མ་ སྐྱེས་ས་དང་སྦོམ་ས་ དཔལ་ལྡན་བླ་མའི་གདན་ས་ རྟ་ལོག་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་འོག་ལུ་ཨིན་རུང་ ད་རེས་འཁྱམ་ས་མི་དབང་ཡབ་སྲས་འཁྲུངས་ས་རྩ་ཅན་གྱི་ས་གནས་ཐིམ་ཕུག་ལུང་པར་ཨིན་པས།

རྟག་བུ་གནའ་བུ་ ཕ་ཁྱིམ་ནང་སྡོད་ནིའི་རེ་བ་ཡོད་རུང་ སྔོན་གྱི་ལས་ཀྱིས་ མི་ཚེ་ལྷག་ལུས་ བར་པའི་སར་རྫོགས་ནི་མས།

ངེའི་མི་ཚན་ག་དེ་སྦེ་ཡོདཔ་ཨིན་ན་འོག་གི་སྦྲེལ་མཐུད་གུར་ཨེབ་གནང་།

https://talopa.wordpress.com

ཚོང་གི་གོང་ཚད་ལྟ་མི་དགོཔ།


༉ རིམས་ནད་ག་དེ་འཐོན་ཞིནམ་ལས་ ཤོ་མཉམ་ཚོང་ཆས་ཀྱི་རིགས་དང་ དེའི་ནང་ལས་ཡང་བཟོ་གྲྭའི་ཅ་ལ་ཚུ་ གོང་ཚད་ལོག་ལྟབ་སྦེ་བཙོང་རུང་ཐབས་ར་མེད་པ་ཉོ་དགོཔ་འཐོན་དོ་ཡོདཔ་ཨིན་པས།

ཁྱིམ་རྐྱབ་མི་ཚུ་གིས་འབད་བ་ཅིན་ ཚོང་ག་ཏེ་ཁེ་ས་ལས་ཉོ་ནིའི་དོན་ལུ་ གོང་ཚད་དྲིཝ་ད་ ཚོང་དཔོན་ཚུ་སེམས་དང་མི་ལྡན་པས་ཟེར་ཨིན་པས།

ཚོང་དཔོན་ཚུ་གིས་འབདནི་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས པ་ཚོང་གི་གོང་མཐོ་སུ་སྦེ་རྐྱབ་དགོ་མི་འདི་ གསོ་བའི་སྒྲིག་གཞི་དང་འཁྲིལ་ཏེ་ ལམ་བར་ན་ལས་ དོ་ཆས་ཚུ་ཕབ་སྟེ་ སྣུམ་གཅིག་ལས་གཅིག་ནང་བཙུགས་དགོཔ་མ་ཚད་ གླ་ཆ་ལོགས་སུ་སྤྲོད་མི་འདི་ རྒུད་སངས་ནིའི་དོན་ལུ་ གོང་ཡར་སེང་སྟེ་བཙོང་ནི་འདི་གིས་རྒུད་ཤོ་ར་ཚོང་ཉོ་མི་ཚུ་ཨིན་པས།

ལོ་རྒྱུས་སླབ་པ་ཅིན་ཐུགས་བཞེད་གནང་འོང་།


༉ འཛམ་བུ་གླིང་གི་འགྲོ་ལུགས་དང་ བརྡ་དོན་འཕྲུལ་རིགས་གོང་འཕེལ་ལུ་བརྟེན་ ཨིང་སྐད་ནང་སྦེ་ མི་སྡེའི་བརྡ་བརྒྱུད་ནང་ ལོ་རྒྱུས་འབྲི་མི་ཡར་འཕར་སོང་ཡོདཔ་མ་ཚད་ དང་འདོད་བསྐྱེད་དེ་ལྷག་མི་དང་ བསམ་འཆར་འབྲི་མི་ཐང་མེདཔ་འཐོནམ་མས། ཨིན་རུང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ནང་ གནད་དོན་ག་ཅིའི་སྐོར་ལས་བྲིས་རུང་ ལྷག་མི་དང་ཐུགས་འཆར་བཀོད་མི་ གནམ་ཉི་མའི་སྐརམ་དང་འདྲ་བས། མནོ་བསམ་ཅིག་ན་འཐན་སྦེ་བཏང་ལྟཝ་ད་ རྫོང་ཁའི་ཡོངས་འབྲེལ་འཆར་བཀོད་འབད་མི་དང་ ནང་དོན་འབྲི་མི་ཚུ་ངོ་ཕྱེ་ཚུགས་པ་ཅིན་ ཧེང་སྐལ་ར་སེམས་ཤུགས་སྐྱེད་དེ་ ཧེ་མ་བ་ལྷགཔ་སྦེ་ཆོག་སྒྲིག་བཀལ་ཏེ་འབྲི་ཚུགས་ནི་དང་ གཞན་གྱིས་ཡང་དང་འདོད་སྐྱེད་འོང་ཟེར་མི་འདི་ ཁ་གིས་སླབ་སོ་ཐིམ་ནི་ཨིན་པས།

འདི་གུར་ཨེབ་སྟེ་ ལྟག་ལུ་གཟིགས། སྐུ་གཟུགས་བཟང་པོ།

འགྱོནི་འབྲེལ་བཀག་དམ་གྱི་དུས་ཚོད།


༼༽སྤྱི་ལོ་༢༠༢༠ སྤྱི་ཟླ་༡༢པའི་ཚེས་༢༠་ལུ་ ཐིམ་ཕུག་དང་སྤ་རོ་དེའི་རྟིང་མ་ རྒྱལ་ཡོངས་འགྱོནི་འབྲེལ་བཀག་དམ་སྐབས་ དལཝ་སྦེ་མ་སྡོད་པ་ དྲོ་པ་ཕྱི་རུ་ ཁ་ཐུན་ག་ཤེས་གུ་ཤེས་རེ་བཏང་། གསུང་རབ་དང་རྣམ་ཐར་རེ་མཇལ། ཉིན་མར་ལཱ་ཕྱམ་ཕྱེམ་རེ་འབད་སྦེ་སྡོད་ནི་འདི་གིས་ དབངམོ་ངལ་ནི་ཕར་བཞག་ ད་རུང་ལཱ་ཨ་ར་ག་ར་འཐོན་ཏེ་ ཉིནམ་ག་དེ་སྦེ་འཛུལཝ་ཨིན་ན་ར་མ་ཤེས་པ་གནམ་བསྲོ་དཔ་མས།

ང་གིས་ལཱ་ག་ཅི་ར་འབད་རུང་ མི་ཤེས་པས་ ཧེ་མ་ལས་འབད་ར་མ་མྱོང་ཟེར་བཞག་ནི་མེད། འཇིག་རྟེན་པའི་གཏམ་དཔེ་ལུ། ནོར་རང་ལུ་མེདནི་རོགས། །རོགས་ལུ་ཡང་མེདནིལྟས་ངན། །ཟེར་སླབ་དོ་བཟུམ་སྦེ་ ཤེསཔ་རང་གིས་འབད། མ་ཤེསཔ་གཞན་ལུ་དྲིས་ཏེ་ ལྷབ་ད་འདྲེས་བཞག་སྦེ་ ལཱ་ཨོ་ཏོག་ཏོ་སྦེ་འགྱོ་བཏུབ་ད་ ང་རང་ཡང་དཔའ་ཡར་ཏེ་ ཨིན་པས་མནོཝ་ཅིག་བཏངམ་མས།

དེ་འབདཝ་ད་ ང་གིས་བསྒྲིགས་མི་དང་བཟོ་མིའི་ཅ་ཆས་ཚུ་སྒྲིག་ཁ་དམ་དྲགས་དང་ཧུམ་ཆིལ་ཆི་འདི་ རོགས་ལཱ་སྦྱང་ཡོད་མི་གིས་སྒྲིག་དོ་བཟུམ་སྦེ་འགྱོ་མི་བཏུབ་པས།

མཁས་རུང་དཔེ་དང་མ་བྲལ། ཟེར་དོ་བཟུམ་སྦེ་ རོགས་ཀྱིས་སྒྲིག་མི་ཚུ་དཔྱེ་ལྟ་སྟེ་ ཅན་སྟེགས་གཉིས། ཅོག་སྒྲོམ་གཅིག ལྷམ་བཙུགས་ས་གཅིག གོ་ལ་བལྟབ་བཙུགས་ས་དང་དཔྱང་ས་གཅིག གཟར་ཤིིང་གཅིག ཧོད་ཆས་བཀལ་སའི་སྟེགས་གཅིག་བསྒྲིགས་མི་ཚུ་ བརམ་སྟོངམ་སྦེ་མ་སྡོད་པ་ལྷབ་དང་འདྲེས་བཞག་སྦེ་བསྒྲིགས་སྒྲིགཔ་ཨིན།

ང་རང་རྩིས་སའི་ལཱ་འབད་ནི་ལུ་ དང་འདོད་ཡོད་མི་ཅིག་འབད་ནི་འདི་གིས་ རྩིགཔ་རྐྱབ་ རྡོན་ཁྲི་བསྒྲིགས་མི་འདི་ རྩིག་བཟོཔ་གིས་རྐྱབ་མི་དང་ཁྱད་པར་ཆེནམོ་ཅིག་མེད་ནི་འདི་གིས་ ང་ཡང་ཨིན་མས་མནོཝ་ཅིག་བཏང་ཡི།

བརྩི་མཐོང་ཚོགས་པ་གིས་མ་ཎི་དུང་ཕྱུར་བཏོན་དོ་ཡོདཔ།།


༄༅། །རྒྱལ་ཁབ་ཀྱི་བསྟན་སྤྱིའི་སྐུ་རིམ་དང་ འདིའི་ནང་ལས་ཡང་ རིམས་ནད་བཟློག་ཐབས་ལུ་ བརྩི་མཐོང་ཚོགས་པའི་ཁྲི་འཛིན་བགྲེསཔ་སློབ་རྟ་མགྲིན་ཚེ་རིང་གིས་ཞུ་བ་ཕུལ་མི་ལུ་ བཀོད་ཚོགས་ནང་གསུང་གྲོས་གནང་སྟེ་ རང་ལུགས་གནམ་ལོ་ལྕགས་གླང་ཟླ་༡༡པའི་ཚེས་༢༦ལུ་ ཡོན་ཏན་སློབ་དཔོན་སྐུ་བགྲེས་མཆོག་གིས་ མ་ཎི་བགྱང་ནི་འགོ་བཙུགས་ཀྱི་རྟེན་འབྲེལ་དང་ཐུགས་སྨོན་གནང་སྟེ་ བརྩི་མཐོང་ཚོགས་པའི་འཐུས་མི་ཚུ་གིས་ རང་སོའི་མཆོད་བཤམ་ནང་སྦེ་ དུས་མཉམ་ལུ་ མཆོདཔ་དང་དཀར་མེ་ཕུལ་ཏེ་ མ་ཎི་བགྱང་ནི་འགོ་བཙུགས་ཅི།

དེ་ཡང་ད་རིས་ལས་འགོ་བཙུགས་ཏེ་ ཟླ་ངོ་༢ ལྷགཔ་ཅིག་གི་རིང་ལུ་ ཚོགས་པའི་འཐུས་མི་བརྒྱ་ལྷགཔ་ཅིག་གིས་ དུས་ཚོད་ལོགས་སུ་བཏོན་ཏེ་མ་ཎི་བགྱང་མི་འདི་ ཆོ་འཕྲུལ་ཟླ་བའི་མར་ངོའི་དུས་བཟང་ལུ་ མ་ཎི་དུང་ཕྱུར་གྱི་བསྡོམས་རྩིས་བཏོན་ཞིནམ་ལས་ དགེ་བའི་རྩ་བ་བྱང་ཆུབ་ལུ་བསྔོ་སྟེ་ བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལུ་བཀོད་གནང་ནི་ཨིན་པས།

མ་གཞི་བརྩི་མཐོང་ཚོགས་པ་གིས་ རྩ་བོ་འཐོན་ཏེ་ ལོ་ཨ་རྟག་ར་ རྒྱལ་བློན་འབངས་གསུམ་གྱི་སྐུ་རིམ་ སྒྲུབ་ཆེན་དང་ མི་འཁྲུགསཔ་སྟོང་མཆོད་གཟུང་སྲོལ་ཡོད་རུང་ དུས་ཅུ་རིམས་ནད་ཀྱིས་སྟབས་མ་བདེཝ་ལས་ ཚོགས་པའི་འཐུས་མི་ཚུ་གིས་ རང་སོའི་ཁྱིམ་ནང་ ཤ་ཆང་སྤངས་ཏེ་ ཆོོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་གཅིག་ཁར་བསྡུས་པའི་ འཕཊ་མཆོག་སྤྱན་རས་གཟིཊ་ཀྱི་མཚན་སྔགས་ མ་ཎི་དུང་ཕྱུར་བཏོན་ནི་འགོ་འདྲེན་འཐབ་མི་འདི་ དེ་ལས་བརྟེན་ཏེ་ཨིནམ་མ་ཚད། རིམས་ནད་ཀོ་ཝིཊ་འདི་ འཕྲལ་ར་ཞི་སྟེ་ སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་ལས་གྲོལ་ཏེ་ རྣམ་མཁྱེན་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་ཨིན་མས།

ལོ་ན་རྒན་གཞོན་མེདཔ་གིས་བགྱང་ཤེས་མི་ མ་ཎི་འདི་ བདེ་བར་གཤེགས་པ་རིགས་ལྔ་དང་། གསང་སྔགས་རྒྱུད་སྡེ་ཀུན་གྱི་ཡང་སྙིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དང་ དངོས་གྲུབ་ཀྱི་རྩ་བ་ཨིནམ་ལས་ ཚོགས་པའི་འཐུས་མི་དང་ ནང་མི་བཟའ་ཚང་ཚུ་གིས་ སྤྱན་རས་གཟིཊ་ཀྱི་སྒོམ་རིམ་དང་འཁྲིལ་ཏེ་ མ་ཎི་བགྱང་མིའི་གྲངས་རྩིས་འདི་ བདུན་རིམ་གྱི་གཟའ་ཟླཝ་ལུ་ བརྩི་མཐོང་ཚོགས་པའི་ཝི་ཅེཊ་སྡེ་ཚན་ནང་ལུ་ཕུལ་དགོཔ་ད་ དེ་ཡང་སློབ་དཔོན་རྟ་མགྲིན་ཚེ་རིང་གིས་ བདག་འཛིན་འཐབ་སྟེ་ བསྡོམས་རྩིས་བཏོན་ནི་ཨིན་པས།

མིག་དཔེ།


༉ སྤྱི་ལོ་༢༠༢༠ལོར་ བར་མཚམས་སློབ་གྲྭ་ལྟེ་བའི་ནང་ སློབ་ཁང་སྡེ་ཚན་༡༤གི་གྲས་ལས་ སློབ་ཁང་ཆོག་སྒྲིག་བཀལ་ཐངས་ཀྱི་ཨང་དང་པའི་གཟེངས་བསྟོད་གསོལ་ར་དང་ ལག་ཁྱེར་འདི་ སློབ་དཔོན་ཀུན་བཟང་དབང་ཕྱུག་གིས་འགོ་འདྲེན་འཐབ་མི་སློབ་ཁང་གིས་ཐོབ་ཅི།

དྲག་ཤོས་འཐོན་མི་ཚུ་ སློབ་གྲྭའི་ཁ་ཐུག་ལས་ དགའ་ཚོར་སྦེ་ སྒོམ་ཕུག་སྐོར་ར་ལུ་གནས་མཇལ་བར་འཁྱིད་སོང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠སྤྱི་ཟླ་༡༡པའི་ཚེས་༡༡ལུ་ མི་དབང་འབྲུག་རྒྱལ་༤པའི་འཁྲུངས་སྐར་དུས་སྟོན་སྐབས་བརྩི་སྲུང་ཞུ་བའི་སྐབས་ བོད་སྒྲ་རིག་གསར་གྱི་འགྲན་བསྡུར་ནང་ལས་ རིག་གསར་ཞབས་ཁྲ་དྲག་ཤོས་ཀྱི་གཟེངས་བསྟོད་གསོལ་ར་ཐོབ་ཡོད་མི་འདི་ ད་ལས་ཕར་དེ་བ་དྲགཔ་སྦེ་སེམས་ཤུགས་བསྐྱེད་ནི་ལུ་ ཧེང་སྐལ་ར་སྒྱིད་ཐག་ཡངས་ནི་ཨིན་པས།

རྗེ་མཁན་བསྟན་འཛིན་དོན་གྲུབ་མཆོག་གི་སྐུ་ཚེ་མཐའ་མའི་མཛད་པ།


འབྲུག་གི་རྗེ་མཁན་ཁྲི་རབས་༦༨པ་རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་ རབ་བྱུང་༡༥པའི་ གནམ་ལོ་ཤིང་གླང་ སྤྱི་ལོ་༡༩༢༥ལུ་ དབང་འདུས་ཕོ་བྲང་ཤར་དར་བརྒྱད་ཀྱི་ནང་གསེས་ ཤར་ཕ་སྡིངས་ཁར་སྐུ་འཁྲུངས་ནུག

དགུང་ལོ་༧ བཞེསཔ་ད་ སྤུངས་ཐིམ་ཆོས་སྡེའི་ནང་འཛུལ་ཞུགས་གནང་སྟེ་ རྗེ་མཁན་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཞབས་ལས་ སོ་ཐར་སྡོམ་པ་དང་ དཔལ་འབྲུག་པའི་བསྐྱེད་རིམ་ལྷ་དགུའི་དབང་དང་ ཟབ་ཁྲིད་རིམ་པར་ཞུ་བའི་ཤུལ་ལུ་ བུམ་ཐང་ཐར་པ་གླིང་ལུ་བྱོན་ཏེ་ བླམ་རིན་ཆེན་རྡོ་རྗེ་དང་ ཀ་ཐོག་མཁན་པོ་ངག་དབང་འཕྲིན་ལས་ཀྱི་ཞབས་ལས་ རིག་གནས་དང་ གཞུང་ཆེན་བཅུ་གསུམ་ལུ་སྦྱང་བརྩོན་མཛད་ནུག

དེ་གིས་ཡང་ཐུགས་མ་ཚིམས་པར་ བོད་ལུ་བྱོན་ཏེ་ འབྲུག་བདེ་ཆེན་ཆོས་འཁོར་གྱི་ བླམ་ཆོས་མགོན་བརྒྱད་པ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་དང་ ཅོག་གྲྭ་ཆོས་ཀྱི་རྒྱལ་མཚན་ཚུ་གི་ཞབས་ལས་ དཔལ་འབྲུག་པའི་གདམས་པ། དེ་ལས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་ ཞེ་ཆེན་རབ་འབྱམས་ཀུན་བཟང་བསྟན་པའི་ཉི་མ་ གཏེར་ཆེན་བདུད་འཇོམས་བྱ་བྲལ་ཡེ་ཤེས་རྡོ་རྗེ་ཚུ་ལས་ སྙིང་ཐིག་ཡ་བཞི་དང་    ཀློང་ཆེན་སྙིང་ཐིག་གི་སྨིན་གྲོལ་གདམས་པ་ཆ་ཚང་ཞུ་ནུག།
དེ་གི་ཤུལ་ལས་ ཤར་བདེ་ཆེན་ཆོས་གླིང་ལུ་ གྲུབ་དབང་བསྟན་འཛིན་རྒྱ་མཚོའི་ཞབས་ལས་ དཔལ་འབྲུག་པའི་སྨིན་གྲོལ་གྱི་ གདམས་པ་ཆ་ཚང་ཞུ་ཞིནམ་ལས་ སྐུ་འབུམ་བྲག ཡུལ་ལྷ་གངས། བལ་གླང་བྲག འབྲས་ལྗོངས་གནས་ཚུ་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་གནང་སྟེ་བཞུགས་ཡོདཔ་ཨིན་པས།

སྤྱི་ལོ་༡༩༦༧ལུ་ རིགས་བཟང་མཁའ་འགྲོ་མའི་རྣམ་སྤྲུལ་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་དང་ རྗེ་མཁན་ཡེ་ཤེས་སེངྒེའི་བཀའ་བཞིན་ རྟ་མགོ་ལུ་ སྒྲུབ་སྡེའི་སློབ་དཔོན་དང་པ་མཛད་དེ་ ཕྱག་འགན་ལེ་ཤ་བཞེས་པའི་ཤུལ་ལུ་ སྤྱི་ལོ་༡༩༨༥ལུ་ དགུང་ལོ་༦༡ བཞེསཔ་ད་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་དང་ ལོ་༡གི་རྒྱབ་ལས་ སྤྱི་ལོ་༡༩༨༦ཟླ་༤པའི་ཚེས་༡༢ལུ་ འབྲུག་གི་རྗེ་མཁན་ཁྲི་རབས་༦༨པའི་ཁྲི་ཐོག་ལུ་ དཔལ་ལྡན་འབྲུག་པའི་རྒྱལ་ཚབ་སྦེ་གསེར་ཁྲི་མངའ་གསོལ་ཞུ་ནུག

སྤྱི་ལོ་ ༡༩༨༧ ལས་ ༡༩༩༠ ཚུན་  སྐྱབས་རྗེ་རིན་པོ་ཆེ་གིས་ གཞུང་གྲྭ་ཚང་ནང་ བསྟན་པའི་ཞབས་ཏོག་ལུ་དམིགས་ཏེ་ ལེགས་བསྒྱུར་རྒྱ་ཆེ་དྲགས་སྦེ་ ཆོས་སྡེ་སྒྲིང་སྒྲི་བཟོ་གནང་མ་གིས་མ་ཚད་པར་ རྟ་མགོ་ལུ་ནང་པའི་མཐོ་རིམ་སློབ་གྲྭ་དང་ ལྕགས་རི་ལུ་ སྒྲུབ་སྡེ་ལྟེ་བ་གཞི་བཙུགས་གནང་ནུག

འབྲུག་པ་བཀའ་བརྒྱུད་པའི་དབང་ལུང་ཁྲིད་གསུམ་གྱི་གཏེར་མཛོད་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གིས་ དཔལ་ལྡན་འབྲུག་པའི་གདམས་ངག་སྡོང་པོ་གསུམ་དྲིལ་ཕྱག་སྲོལ་མ་ཉམས་པར་ཡུན་དུ་གནས་ཐབས་ལུ་ བདེ་ཆེན་ཕོ་བྲང་ལུ་དབང་ལུང་ཁྲིད་གསུམ་གནང་མི་འདི་ ཆོས་འཁོར་སྦོམ་ཤོས་ཅིག་ཨིནམ་མ་ཚད་ བྱ་བ་ལས་ཀྱི་འཁོར་ལོ་མཛད་པ་འཕྲིན་ལས་ཚུ་ ག་ར་འབྲི་དགོ་པ་ཅིན་ རྫོགས་པའི་མཐའ་མེདཔ་ལས་ སྤྱི་ལོ་༡༩༩༠ ལུ་ རྗེ་མཁན་གྱི་གོ་གནས་ལས་ཟུར་བཞུགས་གནང་སྟེ་ རྟ་མགོ་དང་ ལྕགས་རིའི་བཤད་སྒྲུབ་ཆོས་སྡེ་འཛིན་སྐྱོང་གི་ སྐྱབས་འཛིན་པ་སྦེ་   ཐུགས་འགན་བཞེས་ཏེ་བཞུགས་ནུག།
རྗེ་བཙུན་ངག་དབང་བསྟན་འཛིན་དོན་གྲུབ་ཀྱི་སྐུ་ཚེའི་རིང་ ནང་པའི་ཆོས་དང་ རྒྱལ་ཁབ་དང་ གཞུང་གྲྭ་ཚང་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཞབས་ཏོག་གང་དྲག་ཞུ་བའི་ངོས་འཛིན་ལུ་ མི་དབང་འབྲུག་རྒྱལ་༥པའི་ཞབས་ལས་ སྤྱི་ལོ་༢༠༠༨ཟླ་༡༡པའི་ཚེས་༡༥ལུ་ རྒྱལ་ཁབ་ཀྱི་གཟེངས་བསྟོད་རྟགས་མ་མཐོ་ཤོས་ཅིག་ཨིན་མི་ མངའ་བདག་དཔལ་གྱི་འཁོར་ལོ་ཨང་དང་པ་དེ་ སྐྱབས་རྗེ་ཁྲི་ཟུར་ལུ་ཕུལ་གནང་ཡོདཔ་ཨིན།

འབྲུག་གི་རྗེ་མཁན་ཁྲི་རབས་༦༨པ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་ རང་ཟླ་༢པའི་ཚེས་༡༣ སྤྱི་ཟླ་༤པའི་ཚེས་༦ལུ་ གནམ་དགུན་གྱི་བཞུགས་གནས་ ཕུན་ཚོགས་གླིང་མཁར་པཱན་ཌི་དགོན་པ་ལས་ གཏན་འཇགས་ཀྱི་བཞུགས་གནས་རྡོར་གདན་ནང་ལུ་ཕེབས་པའི་སྐབས་ སྐུ་ཁམས་བདེ་ཏོག་ཏོ་ཡོད་རུང་ ང་བཅས་ར་སེམས་ཅན་གྱི་ཁ་རྗེ་བསོད་ནམས་ཆུང་པའི་ཁར་ ཞིང་འདིའི་མཛད་པ་འཕྲིན་ལས་ཡང་ འ་ནེམ་ཅིག་སྦེ་རྫོགས་ཏེ་ དགུང་ལོ་༩༥བཞེས་པའི་ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་ རང་ཟླ་༢པའི་ཚེས་༡༥གི་དུས་བཟང་ལུ་ ཐིམ་ཕུག་རྡོར་གདན་ནང་གི་གཟིམ་ཅུང་ནང་སྦེ་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ཕེབས་ནུག

ཐིམ་ཕུག་རྡོར་གདན་བཀྲ་ཤིས་ཐང་ ནང་པའི་གཙུག་ལག་སློབ་སྡེ་ནང་སྦེ་ ཟླཝ་༧གྱི་རིང་ལུ་ བུ་སློབ་ཚུ་གིས་ཚོགས་འཁོར་བསྐོར་ཏེ་ སྐུ་ཚིགས་བཟུང་ཡོདཔ་མ་ཚད་ རང་ཟླ་༩པའི་ཚེས་༡༥ལུ་ སྐུ་གདུང་རིན་པོ་ཆེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་གདན་འདྲེན་ཞུས་ཏེ་ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་ཉིན་མར་ སྐུ་གདུང་རིན་པོ་ཆེ་བཞུགས་པའི་ དཀྱིལ་འཁོར་གྱི་ཕྱོགས་བཞི་ལས་ སྐྱབས་རྗེ་ཁྲི་རབས་༧༠་པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་དབུ་ཞུགས་གནང་སྟེ་ རྒྱལ་སྲས་མཆོག་སྤྲུལ་དང་ སློབ་དཔོན་ལྷན་རྒྱས་ དགེ་འདུན་འདུས་པ་རྒྱ་མཚོ་གིས་ བདེ་མཆོག བླམ་མཆོད་པ། རྡོར་སེམས། སྤྱན་རས་གཟིགས་ཀྱི་གསུང་ཆོག་གནང་སྟེ་ སྐུ་གདུང་མེ་མཆོད་ཕུལ་ཡོདཔ་ཨིན།

དེ་བསྒང་མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ཚུ་དང་ བློན་ཆེན་ ཆེ་མཐོའི་དཔོན་ཁག་ འབྲུག་བཞུགས་རྒྱལ་སྤྱིའི་ལས་ཚོགས་ཁག་གི་སྐུ་ཚབ་ཚུ་ཡང་ ཐུགས་སྨོན་གནང་པར་བྱོན་ཡོདཔ་ཨིན་པས།

ད་རེས་ནངས་པར་ རིམས་ནད་ལུ་བརྟེན་ཏེ་ སྤུར་སྦྱང་སྐབས་ལུ་ དངོས་སུ་གུས་བཏུད་ཞུ་ནི་གི་གོ་སྐབས་མ་ཐོབ་རུང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ མཛད་སྒོའི་བྱ་རིམ་ཚུ་ རྒྱང་བསྒྲགས་དང་ རྒྱང་མཐོང་གི་ཐོག་ལས་སྟོན་མི་འདི་གིས་ སྤུར་སྦྱང་གི་ལས་རིམ་ཚུ་མཇལ་ཏེ་ ཕྱི་མ་དག་པའི་ཞིང་ཁམས་ལུ་ ཚོམ་བུ་གཅིག་ཁར་འཛོམས་ནིའི་སྨོན་ལམ་བཏབ་ཚུགས་པའི་ གོ་སྐབས་བཟང་པོ་ཐོབ་ཚུགས་ཅིག་ཟེར་ཞུ་ནི་ཨིན།

མགྲོན་བརྡ།


འབྲུག་རྒྱང་བསྒྲགས་ལས་འཛིན་ རྒྱང་བསྒྲགས་རྒྱུན་ལམ་༢པའི་ཐོག་ལས་ གཟའ་ཕུརཔ་ཕྱི་རུ་ཆུ་ཚོད་༥་༢༥ལས་༦ཚུན་དང་ ཆུ་ཚོད་༦་༢༥ལས་༧ཚུན་དངོས་གསན་དྲི་ལན་དང་ ཐུགས་སྤྲོ་བའི་གླུ་གཞས་ཕུལ་སྲོལ་ཡོདཔ་ལས་ མི་མང་ཐུགས་དགྱེས་ཚུགས་པའི་རིག་རྩལ་དང་ལྕོགས་གྲུབ་ཡོད་མི་ཚུ་གིས་ འབྲུག་རྒྱང་བསྒྲགས་དང་གཅིག་ཁར་འབྲེལ་བ་འཐབ་གནང་།

མཆོད་ཆས་ཚུལ་མཐུན་ལག་ལེན།


ཕྱི་ལུ་འགྲོ་བ་མི་ཟེར་ག་ར་ཅོག་ར་འཐདཔ་སྦེ་བརྩི་དོ་ཡོདཔ་ཨིན་རུང་ ནང་གི་མནོ་བསམ་གཏང་ཐངས་ཀྱི་ཁྱད་པར་མ་འདྲཝ་སྦེ་ཡོདཔ་མ་ཚད་ མིའི་མཚན་ཉིད་ཚང་མི་ཡང་དཀོན་སུ་ཅིག་དང་ ལ་ལུ་ཅིག་གིས་རང་གི་འདོད་པ་ཤུགས་ཆེ་བའི་སྟབས་ཀྱིས་ ནང་པའི་ཆོས་འདི་ ཚོང་འབྲེལ་དང་སླ་བསྲེས་རྐྱབ་དོ་ཡོདཔ་མ་ཚད་ འདིའི་ནང་དོན་ཉིད་ལས་ཡང་ ལྟ་བཤལ་གྱི་ས་ཁོངས་ནང་་ མཆོད་ཆས་ཀྱི་རིགས་ཚུ་ ག་མནོ་སར་བཀྲམ་བཞག་ནི་འདི་ མཛེས་ཆ་དང་ལྡནམ་སྦེ་བརྩི་དོ་ཡོད་རུང་ ནང་པའི་ཆོས་ནང་ལས་བཏུབ་མ་བཏུབ་ག་དེ་སྦེ་ཡོདཔ་ཨིན་ན་སྣང་དག་ར་མི་བསྐྱེདཔ་ཨིན་པས།

ཐུགས་འདོད་ཡོདནི་བཞེས།


༉ རྗེ་མཁན་ཁྲི་རབས་༧༠་པ་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གནམ་ལོ་མེ་མོ་བྱ་ལོ་ རང་ཟླ་༦ པའི་ཚེས་༡༠དང་ སྤྱི་ལོ་༢༠༡༧ ཟླ་༨ པའི་ཚེས་༢ ལས་འགོ་བཙུགས་ཏེ་ ཟླཝ་༣གྱི་རིང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་སྐུ་མདུན་ལུ་ བཀའ་འགྱུར་ལྗགས་ལུང་གནང་ཡོདཔ་ཨིན།

སྐྱབས་རྗེ་མཆོག་ དགུང་ལོ་༡༠བཞེསཔ་ད་ རྒྱ་གར་ཀ་ལི་ཕུག་ལུ་ སྐྱབས་རྗེ་བདུད་འཇོམས་ཡེ་ཤེས་རྡོ་རྗེ་དང་ སྙུང་ཞི་མཁན་པོ་ འཇམ་དབྱངས་རྡེ་རྗེ་ལས་ བཀའ་འགྱུར་གྱི་ལུང་གསན་ཞིནམ་ལས་ ད་ཚུན་བཀའ་འགྱུར་ལྗགས་ལུང་ཚར་༤་གནང་ཡོདཔ་ཨིན་པས།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ བཀའ་འགྱུར་གྱི་ལྗགས་ལུང་ ཆད་ལུས་མེད་པ་སྒྲ་བཟུང་སྟེ་ཡོད་མི་འདི་ མིང་མང་ལུ་ཕུལ་དོ་ཡོདཔ་ལས་ ཐུགས་འདོད་ཡོད་མི་ཚུ་གིས་ ཡིག་ཚང་གི་དུས་ཚོད་ལུ་བཞེས་གནང་ཟེར་ཞུ་ནི་ཨིན།

སྒྲིག་ལམ།


འབྲུག་རྒྱལ་ཁབ་ཀྱི་འབངས་མི་སེར་ དྲག་ཞན་ཆེ་ཆུང་མེད་པ་ག་ར་གི་སྤྱོད་ལམ།  མནོ་བསམ་བཏང་ཐངས།  ཁ་སླབ་ཐངས།
ཚུལ་མཐུནམ་སྦེ་ཤུམ་ཚུད་ཚུགས་ནི།

དྲིན་ཅན་ཨའི་གི་ཉིནམ།


ལོ་ལྟར་རང་ཟླ་༩་པའི་༢༢་ཀྱི་ཉིནམ་འདི་ སངས་རྒྱས་ཤཱཀྱ་ཐུབ་པ་གིས་ ཡུམ་གྱི་དྲིན་ལན་འཇལ་ནིའི་དོན་ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་གནང་སྟེ་ ལོག་ འཇིག་རྟེན་མི་ཡུལ་ལུ་བབས་ཏེ་བྱོན་པའི་དུས་བཟང་ཁྱད་པར་ཅན་ཅིག་འབད་ནི་འདི་གིས་ དུས་ཆེན་འདི་དང་འབྲེལ་ཏེ་ རྗེ་མཁན་ཁྲི་རབས་༧༠་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ང་བཅས་རའི་རྒྱལ་ཁབ་དེ་ཡང་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ དུས་ཆེན་གཞན་བརྩི་སྲུང་ཞུ་ནི་ཡོད་དོ་བཟུམ་སྦེ་ བཀའ་དྲིན་གཞན་ལས་ལྷག་པའི་ ཨའི་ལུ་དྲིན་ལན་འཇལ་ནིའི་དོན་ལུ་ ཨའི་གི་ཉིནམོ་སྦེ་བརྩི་སྲུང་ཞུ་ནིའི་ཐུགས་དགོངས་དང་འཁྲིལ་ཏེ་ སྤྱི་ལོ་༢༠༡༣ལས་ ཨའི་གི་ཉིནམ་བརྩི་སྲུང་ཞུ་སྲོལ་འགོ་བཙུགས་གནང་མི་འདི་གིས་ དུས་རྟག་བུ་གནའ་བུ་ ཨའི་སེམས་ཁར་དྲན་མ་ཚུགས་རུང་ དུས་སྟོན་དེའི་སྐབས་ལུ་ བཀའ་དྲིན་རྗེས་དྲན་ཞུ་ནིའི་དུས་སྐབས་བཟང་པོ་ཅིག་ཨིན་པས།

IMG_20151103_211451

མ་གཞི་འཛམ་གླིང་ནང་ ཕམ་གཉིས་ཆ་ར་ བཀའ་དྲིན་ཆེ་ཤོས་ཨིན་པའི་ནང་ལས་ཡང་ ཨའི་དྲིན་ཆེ་དགོ་མི་དེ་ ཟླ་དགུ་ངོ་བཅུ་ལུས་ལུ་འབག ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་གཡོགས། ཟ་ཤེསཔ་དགའ་དང་ བོར་ཤེསཔ་སྐྱིདཔ། བརྩེ་བའི་སེམས་ཀྱིས་ཕང་མར་བཏབ། བྱམས་པའི་འཛུམ་གྱིས་བལྟ། ཆུ་དང་ཨ་ཝ་ནང་ལས་བཏོན། ཆུངམ་རྐང་ཐང་དྲང་། སྦོམ་མི་གྲས་བཙུགས་ཏེ་ གྱངམ་ཆུ་ལུ་མ་བཏང་། ཚཝ་མེ་ལུ་མ་བཏང་། ན་མི་ཆི་ག་ ཚ་མི་ཆི་ག སེམས་མ་དགའཝ་མི་འབད་ག བུ་གཞི་ན་བ་འདི་ རང་ན་ཆི་རུང་བཏུབ་པས་ཟེར་བའི་མནོ་བསམ་གཏང་མི་འདི་ གཙོ་བོ་ར་བུ་གཞི་ལུ་ བྱམས་བརྩེའི་སེམས་འ་ནེམ་ཅིག་ཨིན་ཟེར་ ཚད་བཟུང་མ་ཚུགས་པའི་ཚ་རྒྱས་ཡོདཔ་ཨིན་རུང་ ཕམ་དང་གདོང་བསྒོར་རྐྱབ་སྟེ་སྡོད་པའི་ནམ་དུས་ལུ་ རང་ལོ་དང་ན་ཚོད་ཆུང་པའི་སྟབས་ཀྱིས་ ཨིན་པས་མནོཝ་ཅིག་དྲིན་ལན་འཇལ་མ་ཚུགས་རུང་ ང་རང་གིས་འབད་ཚུགས་ཚུགསཔ་ཅིག་ ཕྱག་ཕྱིད་ཞབས་ཏོག་ཞུ་བའི་བར་ན་ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལུ་བརྟེན་ མི་རྟག་ལྔ་ལམ་ལུ་ཐལ་སོངཔ་ལས་ གདོང་བསྒོར་རྐྱབ་ ཕར་ཚུར་ལོ་རྒྱུས་སླབ་ནིའི་དུས་སྐབས་རྫོགས་སོང་རུང་ ད་རིས་ཨའི་གི་ཉིནམ་ལུ་ ལྷག་བསམ་རྣམ་པར་དག་པའི་སེམས་ཀྱིས་ བཀའ་དྲིན་རྗེས་དྲན་ཞུ་ནི་ཨིན།།

 

ཁྲི་སྤྲུལ་མི་ཕམ་དབང་པོའི་རྣམ་ཐར།


འབྲུག་གི་སྡེ་སྲིད་ཁྲི་རབས་༡༠་པ་གོང་ས་མི་ཕམ་དབང་པོའི་རྣམ་ཐར།

སྲིད་ཚོགས་ཀྱི་གཙོ་འཛིན་དང་དྲི་ལན།


སྤྱི་ཚོགས་༣པའི་བཙག་འཐུ་ནང་དོ་འགྲན་འབད་མི་ སྲིད་ཚོགས་བཞིའི་གཙོ་འཛིན་ཚུ་དང་ཅིག་ཁར་ རང་སོའི་ཚོགས་པའི་ལྟ་བ་དང་གཞི་རྩ་ ཁས་བླངས་གསལ་བསྒྲགས་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ འབྲུག་རྒྱང་བསྒྲགས་ཀྱིས་དྲིས་ལན་འབད་དེ་ཡོད་མི་ཚུ་ འོག་ལུ་བཀོད་དེ་ཡོད་པའི་ཟླ་ཚེས་དང་འཁྲིལ་ཏེ་ རྒྱང་བསྒྲགས་ཀྱི་ཐོག་ལས་ཕུལ་ནི་ཨིན།

སྤྱི་ཚེས་༢༠་༨་༢༠༡༨ ཕྱི་རུ་ཆུ་ཚོད་༧་༣༠ལུ་ འབྲུག་ཀུན་མཉམ་ཚོགས་པའི་ལས་རིམ་།

སྤྱི་ཚེས་༢༡་༨་༢༠༡༨ ཕྱི་རུ་ཆུ་ཚོད་༧་༣༠ལུ་ འབྲུག་ཀུན་མཉམ་ཚོགས་པའི་ལས་རིམ་།

སྤྱི་ཚེས་༢༢་༨་༢༠༡༨ ཕྱི་རུ་ཆུ་ཚོད་༧་༣༠ལུ་ ་ འབྲུག་ཀུན་མཉམ་ཚོགས་པའི་ལས་རིམ་།

སྤྱི་ཚེས་༢༣་༨་༢༠༡༨ ཕྱི་རུ་ཆུ་ཚོད་༧་༣༠ལུ་ འབྲུག་ཀུན་མཉམ་ཚོགས་པའི་ལས་རིམ་།

མི་ཚེའི་རེ་བ།


ཆུ་ཁ་དང་ཐིམ་ཕུག་ལུང་ཕྱོགས་ཀྱི་བར་ན་ གཡུས་སྐྱབས་ཁྱ་ལས་སྐྱེས་ལོ་༧༧ལང་མི་ཉིམ་རྡོ་རྗེ་འདི་ སྲུང་གཏང་ནི་དང་ དང་ཕུའི་ལོ་རྒྱུས་སླབ་ནི་ལུ་དང་འདོད་སྦོམ་ཡོད་མི་ཅིག་ཨིན་པས། ཁོ་གི་ཨ་པ་འདི་ག་ཅི་ར་འབད་དགོ་རུང་ངར་ངེས་ཡོད་པའི་ཁར་ ག་གིས་ཡང་མ་འབད་མི་ཅིག་འབད་ནིའི་རེ་བ་བསྐྱེད་མི་ཅིག་འབད་ནི་འདི་གིས་ སྐྱབས་ཁྱ་ལུ་ཆུ་རག་བཙུགས་ཏེ་མི་ཚེ་སྐྱོང་སྟེ་སྡོད་པའི་སྐབས་ ཧེ་མ་གི་གནསམོ་ལས་བུ་༤ཡོད་རུང་  དེ་བསྒང་ཁོའི་ཨའི་ཡང་ཕྱེ་ཐག་པར་སོང་སྟེ་ འབྲེལ་བ་མང་སུ་འཐབ་པའི་ཤུལ་ གཉེན་གྲོགས་བསྡོམས་ཏེ་ཉིམ་ཚེ་རིང་སྐྱེས་ནུག
20180724_102856

ཁོ་སྐྱེས་ལོ་༡༣གཞོན་ཅུང་སྦེ་སྡོད་པའི་བསྒང་ལས་ར་ རྒྱལ་གཞུང་བསྟན་སྲུང་དམག་སྡེ་ནང་འཛུལ་ཏེ་ ལོ་ངོ་༩ཕྱག་ཞུ་བའི་སྐབས་  འགོ་པ་གི་གོ་གནས་ཐོབ་ཡོད་རུང་ བཟའ་ཚང་གི་སྟབས་མ་བདེཝ་ཅིག་ལས་བརྟེན་ དམག་ནང་ལས་དགོངསམ་ཞུ་སྟེ་ གཡུས་ཁར་སོ་ནམ་གྱི་ལཱ་འབད་སྦེ་སྡོད་ནུག ཁོ་དགོད་བྲ་ཆེ་དྲགས་ཡོད་ནི་འདི་གིས་ མང་ཤོས་ཀྱིས་ར་ངོ་ཤེས་དོ་ཡོདཔ་ཨིན་པས།

20180724_102812.jpg

ད་རིས་ནངས་པ་ཐིམ་ཕུག་ལུ་ ཁོ་རའི་བུ་དང་མཉམ་གཅིག་སྡོད་དོ་ཡོདཔ་ད་ ཁྱིམ་ནང་སྡོདཔ་ད་ལོས་ ཐ་ན་ཕར་ཚུར་འགྱོཝ་ད་ཡང་ གནས་ཚུལ་དང་ཞབས་ཁྲ་ཉན་ནིའི་དོན་ལུ་ གླུ་སྒྲོམ་ཅིག་ཞོར་འདྲིས་རྐྱབ་སྟེ་སྡོད་མི་ཅིག་ཨིན་པས། ཉན་མི་གིས་ཁོམ་པ་ཅིན་ ཁོ་གིས་ལོ་རྒྱུས་སླབ་ནི་ལུ་ཉམས་འཚེར་དང་རྫོགས་ནི་མེད་མི་དེ་ཡང་ དང་ཕུའི་ལོ་རྒྱུས་དང་ འདིའི་ནང་ལས་ བླམ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར། ཨཔ་ཝང་འབྲུག་རྒྱས་ཀྱི་གཏམ། རང་བྱོན་ཁརྶ་པ་ནེའི་བྱུང་རབས་ཚུ་གི་སྐོར་ལས་ ཧེ་མ་ལས་བཟུང་བཞག་བཞགཔ་འགྲོས་བཟུམ་སྦེ་ ཡ་མཚན་ཆེ་ཏོག་ཏོ་དང་ ཧ་ལས་སི་སི་སྦེ་བཤད་པ་རྐྱབ་ད་ ཉན་དགོ་མནོ་སི་སི་ཡོད་མི་དེ་ཡང་ བློ་གི་གོ་རིམ་དང་འཁྲིལ་ཏེ་ གདོང་གི་དགའ་མཛུམ་ ལག་པའི་ཕྱག་རྒྱ་དང་ གཟུགས་ཀྱི་རྣམ་འགྱུར་ཚུ་དཔེ་དོན་འདྲེས་ཏོག་ཏོ་སྦེ་སྟོན་ནི་ཡོད་ནི་འདི་གིས་ཨིན་པས།

རྒྱལ་ཡོངས་དཔེ་དེབ་འགྲན་བསྡུར་ནང་གྲས་ཁར་གཏོགས་ཡོདཔ།


རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལོ་ལྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་ སྤྱི་ལོ་༢༠༡༨ལོའི་ རྒྱལ་ཡོངས་དཔེ་དེབ་རྩོམ་སྒྲིག་འགྲན་བསྡུར་ནང་གྲས་ཁར་གཏོགས་ཅི། མ་གཞི་ང་གིས་ དེ་བཟུམ་གྱི་འགྲན་བསྡུར་ནང་ལས་ཨང་དང་པ་འཐོན་ནིའི་ལྕོགས་གྲུབ་མེད་དེ་འབད་རུང་ ག་ཅི་ར་འབད་རུང་གོམས་འདྲིས་ཚུད་དགོཔ་ལས་བརྟེན་ སྤགས་མེད་རུང་སྤུ་གིས་བརྒྱན།།སོ་མེད་རུང་མཛརཝ་རྨུར།།ཟེར་བའི་དཔྱེ་དང་འདྲཝ་སྦེ་ གྲས་ཁར་གཏོགས་ཚུགས་མི་ལུ་དགའ་ཚོར་ཡོད།

DSC_1648

ང་བཅས་རའི་སླབ་སྲོལ་ལས་ ཕནམ་ཐམ་ཅད་ཆོས། རྨ་ཁར་ཕནམ་ཅིག་ཡོདན།།རོ་ཁྱིའི་ཚི་ལུ་ཨིན་རུང་དབུར།།ཟེར་དོ་བཟུམ་སྦེ་ རང་གིས་ཤེས་མི་འདི་ གཞན་ལུ་སྤེལ་ཚུགས་པ་ཅིན་ ཕན་པ་བསམ་པ་ཙམ་གྱིས་ཀྱང་།།སངས་རྒྱས་ཆོས་ལས་ཁྱད་པར་འཕགས།།ཟེར་གསུངས་ཏེ་ཡོད་མི་དང་མཐུནམ་ཨིན་པས།

DSC_1649

འགོ་ཁྲིདཔ་ཨམ་སྲུ་གིས་འབད་ཚུགསཔ།


སྤྱི་ལོ་༢༠༡༡ལུ་ ས་གནས་གཞུང་གི་བཙག་འཐུའི་སྐབས་ རྒཔོ་ཨམ་སྲུ་བརྒྱ་ཆ་༠.༥༠ ལས་མེདཔ་མི་དེ་ ཉུང་དྲགས་ཅིག་ཨིན་མི་དེ་ཡང་ རྒཔོ་བཙག་འཐུའི་དོན་ལུ་ ཐོ་བཀོད་འབད་མི་ཨམ་སྲུ་༢༢ཀྱི་གྲས་ལས་ ཕུད་རྡོག་༡མ་གཏོགས་བཙག་འཐུ་མ་གྲུབ་རུང་ ས་གནས་གཞུང་གི་བཙག་འཐུ་གོ་རིམ་༢པའི་སྐབས་ ཨམ་སྲུ་༢རྒཔོ་སྦེ་བཙག་འཐུ་གྲུབ་མི་འདི་རྩིས་ཏེ་ དམང་མི་དང་ཚོགས་པའི་གྲས་ལུ་ ཨམ་སྲུ་བསྡོམས་༡༧༣བཙག་འཐུ་གྲུབ་ཡོདཔ་ཨིན་པས།

ཞིབ་འཚོལ་གྱི་སྙན་ཞུ་ཅིག་དང་འཁྲིལཝ་ད་ ངོས་ལེན་འབད་མི་༡,༥༣༦ ལས་ བརྒྱ་ཆ་༥༠ གིས་ བཙགས་འཐུའི་སྐབས་ བཅའ་མར་བཏོགས་མི་ཨམ་སྲུ་ཚུ་ལུ་ གཙོ་བོ་ར་ ཤེས་ཡོན་དང་ སྦྱོང་བརྡར་ དེ་ལས་ཁ་སྐད་ལག་ལེན་རིག་རྩལ་ཚུ་ནང་ དཀའ་ངལ་སྦོམ་ཡོདཔ་སྦེ་བརྩིས་དོ་ཡོདཔ་མ་ཚད་ ནུབ་ཕྱོགས་རྒེད་འོག་༨ཀྱི་ནང་ རྒཔོ་ཨམ་སྲུ་བཀལ་ནི་ལུ་ཐེ་ཚོམ་ཡོད་མི་དེ་ཡང་ ལོ་བསྟར་སྤུངས་ཐང་སྒྲོམ་མཆོད་སྐབས་ ཝང་ཚོ་ཆེན་བརྒྱད་ཀྱི་རྒཔོ་ཚུ་གིས་ དགེ་སློང་གི་ཆས་སྒྲིག་སྟེ་ དཔའ་གཟར་པའི་འགོ་འཁྲིདཔ་འབདཝ་ད་ བཏུབ་མ་བཏུབ་དང་ ག་དེ་སྦེ་འབད་ཚུགས་ག་ཟེར་ དེ་བསྒང་གི་མནོ་ལུགས་ཁ་སྒྱུར་ནི་འདི་ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།

ཨིན་རུང་ ཐིམ་ཕུག་རྫོང་ཁག་ཅང་རྒེད་འོག་གི་དམང་མི་བསོད་ནམས་བཟངམོ་གིས་ ཝང་ཚོ་ཆེན་བརྒྱད་ཀྱི་གྲས་ལས་ རྒ་ཚབ་སྦེ་དཔའ་གཟར་པའི་འགོ་འདྲེན་འཐབ་མི་ ཨམ་སྲུ་འགོ་དང་པ་ཨིན་པས། ཧེ་མ་འབད་བ་ཅིན་ ཨམ་སྲུ་གིས་རྒཔོ་འབད་དེ་དཔའ་གཟརཔ་རྐྱབ་ནི་འདི་ རྩ་ལས་ར་མ་བཏུབ་སྦེ་སླབ་ཡོདཔ་ཨིན་རུང་ དམང་མི་བསོད་ནམས་བཟངམོ་གིས་ སྤུངས་ཐང་སྒྲོམ་མཆོད་སྐབས་ ཅང་ཚོ་ཁག་གིས་འབད་དགོཔ་བཅའ་དགོ་པའི་རིགས་ཚུ་ ཧེ་མ་བཟུམ་སྦེ་ར་འཐུས་ཤོར་ག་ནེ་ཡང་མེད་པར་ཕྱག་ཞུས་ཡོདཔ་མ་ཚད་ མོ་རའི་རྨགཔ་ཤེས་རབ་ཀྱིས་ཡང་ དགེ་སློང་གི་ཆས་བསྒྲིགས་ཏེ་ རྫོང་ནང་དང་ སྒར་ཁར་སྒྲིག་རྒྱུག་མི་འདི་གིས་ ད་ལས་ཕར་ཨམ་སྲུ་ཚུ་གིས་ རྒཔོ་འབད་ཚུགས་ནི་ལུ་བློ་སྟོབས་བསྐྱེད་བཅུག་ནི་རྐྱངམ་ཅིག་མིན་པར་ མི་མང་གིས་ཡང་རྒྱབ་སྐྱོར་འབད་ནིའི་ལམ་ཅིག་ཨིན་པས།

རྫོང་ཁ་ལེགས་བཅོས་ཚོགས་ཆུང་།


banner1

བརྡ་བརྒྱུད་ཀྱི་འགན་ཁག་འདི་ མིང་མང་ལུ་ གནས་ཚུལ་དང་ གོ་བརྡ་སྤེལ་མི་ཅིག་ཨིནམ་མ་གཏོགས་ སྐད་ཡིག་དར་ཁྱབ་ལུ་གཙོ་བོར་བཏོན་མི་ཅིག་མིན་རུང་ རྒྱལ་ཡོངས་ཁ་སྐད་རྫོང་ཁའི་མིང་ཚིག་ཕོག་ལམ་དང་འཁྲིལ་ཏེ་ རྫོད་སྒྲ་དག་ཏོག་ཏོ་སྦེ་སླབ་མ་ཚུགས་པ་ཅིན་ གོ་བ་བརྡ་ལོག་དང་ གནས་ཚུལ་ཕྱི་འགྱུར་འགྱོ་ནིའི་ཉེན་ཁ་སྦོམ་ཡོདཔ་མ་ཚད་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་དང་ མི་མང་གི་བདེ་སྐྱིད་དང་ལམ་སྲོལ་ཡལ་ནིའི་ཉེན་ཁ་ཡོདཔ་སྦོམ་ཡོདཔ་ལས་ འབྲུག་རྒྱང་བསྒྲགས་ཀྱིས་ ཉིན་བསྟར་གྱི་གནས་ཚུལ་དང་ལས་རིམ། ཁྱབ་བསྒྲགས་ཀྱི་རིགས་ཚུ་སྟོན་པའི་སྐབས་ རྫོང་ཁའི་ཡིག་སྡེབ་ཚུ་བརྡ་སྦྱོར་དང་མཐུནམ། ཧེ་མ་ལས་སླབ་སྲོལ་ཡོད་པའི་མིང་ཚིག་རྙིངམ་ཚུ་ག་དེ་མང་མ་དང་ ཧེ་མ་སླབ་སྲོལ་ཡོད་པའི་རྗོད་སྒྲ་ག་ཨིན་མི་འདི་ར་སླབ་ནི་མ་གཏོགས་ སྤྲ་སྤྲ་སྤྲོས་སྤྲོས་མ་རྒྱས་པ་ཅིན་ ད་ལྟོ་མི་མང་གིས་གནས་ཚུལ་འཇམ་ཏོང་ཏོ་སྦེ་ཧ་གོ་ཚུགས་ནི་དང་ རྟིང་མ་བུ་གཞིའི་བདོག་གཏད་ཡིག་ཐོག་ལུ་བཀོད་ཚུགས་ནི། སྐབས་གཅིག་ལུ་དོན་གཉིས་ཀྱི་འཆར་གཞི་བརྩམས་མི་འདི་གིས་ རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནི་ལུ་ཕན་ཐོགས་འབྱུངམ་མིག་གིས་མཐོང་སར་ཨིན་པས་ཟེར་ཞུ་ནི་ཨིན།།

ཝི་ཅེཊ་ཐོག་ལུ་རྫོང་ཁ་སླབ་ཐངས་སྡེ་ཚན་བཟོ་ཡོདཔ།


ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཡང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཁ་ལས་སླབ་ནི་དང་ ཡིག་ཐོག་ལུ་འབྲི་ནི་གཉིས་ཆ་ར་སྟབས་བདེ་ཏོག་ཏོ་སྦེ་ཡོད་རུང་ ད་ལྟོའི་གནས་སྟངས་ལུ་ཆ་དཔག་ལྟཝ་ད་ རྒྱལ་ཡོངས་སྐད་ཡིག་ལུ་ དང་འདོད་བསྐྱེད་མི་གངམ་མེདཔ་མ་ཚད་ འདིའི་ནང་ལས་ཡང་མིང་ཚིག་རྙིངམ་གཡོག་བཀོལ་མི་འདི་ གནམ་ཉིན་མའི་སྐརམ་བཟུམ་ཅིག་ལས་བརྒལ་ཏེ་མི་འདུག

logo final

རྫོང་ཁ་སླབ་ཐངས་ཀྱི་སྡེ་ཚན་བཟོ་དགོ་མི་དེ་ཡང་ རྒྱལ་ཁབ་རང་བཙན་ལུ་ སྤྱིར་རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནི་དང་། དེའི་ནང་ལས་ཡང་སླབ་ངོ་བདེ་ཏོག་དང་ ཉན་དགོ་མནོ་སི་སི་སྦེ་ཡོད་པའི་ རྫོང་ཁའི་ངག་གཤིས་རྒྱབ་ཁར་ལུས་མི་ཚུ་ གདོང་ཁར་བཏོན་ཏེ་དར་ཁྱབ་གཏང་ནི་ལུ་གཙོ་བོར་བཏོནམ་ཨིནམ་ལས་ ཕོག་ལམ་དང་མ་འཁྲིལ་བའི་རྫོང་ཁའི་མིང་ཚིག་བདེ་ཏོག་ཏོ་མེད་མི དེ་ལས་སྤྱིར་བཏང་མི་མང་གིས་འཇམ་ཏོང་ཏོ་སྦེ་ཧ་གོ་མ་ཚུགས་པའི་མིང་ཚིག་ཚུ་ དང་ཕུ་ག་དེ་སྦེ་སླབ་དོཝ་ཨིན་ན་ཞིབ་འཚོལ་ཐོག་བསྟུན་གྲོས་རྐྱབ་སྟེ་ ག་ར་གིས་ཧ་གོ་ཚུགས་པའི་ཐབས་ལམ་བཏོན་ནི། དེ་ལས་རྫོང་ཁ་ཕྱེད་དག་ཀོ་དག་སྦེ་སླབ་མི་ཚུ་རྗོད་སྒྲ་དག་ཆ་བཏོན་ཏེ་སླབ་ཚུགསཔ་བཟོ་ནིའི་དོན་ལུ་ གནམ་ལོ་མེ་སྤྲེལ་ཟླ་༤པའི་ཚེས་༡༩ སྤྱི་ཚེས་༢༥/༥/༢༠༡༦རེས་གཟའ་ཕུར་བུ་ དྲོ་པ་ཆུ་ཚོད་༨ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་འདི་བཟོ་ཡོདཔ་ཨིན་པས། ག་དེམ་ཅིག་སྦེ་ལས་ཀྱི་རླུང་འཕུར་ དུས་ཀྱི་ཆརཔ་བབ་སྟེ་ རྫོང་ཁ་སླབ་ཐངས་སྡེ་ཚན་ཀྱི་ཡོངས་འབྲེལ་འཆར་སྒོ་གཟིགས་ནིའི་ཐུགས་བཞེད་གནང་པ་ཅིན་ འོག་ལུ་བཀོད་དེ་ཡོད་མི་འདི་གུ་ཨེབ་སྟེ་གཟིགས་གནང་ལགས།

https://dzkha.blogspot.com

མིག་དཔེ་སྟོན།


འབྲུག་རྒྱལ་ཁབ་ནང་ དེ་བསྒང་དང་ཕྱདཔ་ད་ ད་རིས་ནངས་པ་བརྡ་བརྒྱུད་གོང་འཕེལ་ལས་བརྟེན་ཏེ་ རྩེད་རིགས་འགྲན་བསྡུར། ཚོང་འབྲེལ་འགྲེམ་སྟོན། སྒྲོམ་མཆོད་ཚེས་བཅུ། དབང་ལུང་ཁྲིད་གསུམ་འགོ་འདྲེན་འཐབ་པའི་སྐབས་ མི་གནམ་མེད་ས་མེད་འཛོམས་པའི་ནམ་དུས་ལུ་ སྡོད་སའི་ས་ཁོངས་དང་ བཞེས་སྒོ་ གཟབ་སྤྲོས་རྡིག་ཧིང་གི་སྐོར་ལས་ལོ་རྒྱུས་སླབ་ཨིན་པས། སླབ་སྲོལ་ལུ་ཨ་བ་གངམ་ད་དོང་འཚོལ་ཟེར་སླབ་དོ་བཟུམ་སྦེ་ འདོག་གིས་ར་ཆབ་གསང་གངམ་དང་ གསང་སྤྱོད་འཚོལ་ནི་འདི་ལུགས་སྲོལ་ཅིག་ཨིན་རུང་ འབད་ཟེར་སླབ་མི་ག་ཡང་མེད་པར་རང་གི་སེམས་ཀྱིས་ཚོར་འཁོལ་ཏེ་ མི་མང་གི་ཆབ་གསང་བཟོ་སྟེ་ མཐའ་འཁོར་ཧིང་སངས་ས་གཙང་སྦྲ་དང་ལྡནམ་སྦེ་བཞག་ནི་ལུ་བརྩོན་ཤུགས་བསྐྱེད་མི་ མི་སྡེ་ལུ་ཞབས་ཏོག་ཞུ་མི་ མིག་དཔེ་སྟོན་མི་ཅིག་སྤ་སངས་ཚེ་རིང་ཨིན་པས།

དུས་ཅི་སྤྱི་ལོ་༢༠༡༧ལོའི་ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་སྐབས་ ལྟདམོ་མཇལ་མི་ཆ་ཁྱབ་ ལཱ་ཁག་སྦེ་རྫོང་གི་ཕྱི་ཁར་ཆབ་གསང་འགྱོ་མི་དགོ་པར་ དགེ་འདུན་ཆབ་གསང་ནང་ལུ་ འཕྱག་བརྡར་དང་མཐུན་རྐྱེན་ཚུ་མ་ལང་ལངམ་སྦེ་བཙུགས་ཡོདཔ་མ་ཚད་ ཆབ་གསང་འཚོལཝ་འཇམ་ནིའི་དོན་ལུ་ རྫོང་གི་རྡོ་གཅལ་ནང་བརྡ་བྱང་ཧོང་སྟེ་ཡོད་ནི་འདི་གིས་ སྤྱིར་བཏང་ལྟདམོ་མཇལ་མི་དང་ འདིའི་ནང་ལས་རྒན་ཤོས་ཚུ་ལུ་ཨ་རྟག་དང་མ་འདྲའི་སྟབས་བདེ་ཧིང་དང་ཕན་ཐོགས་བྱུང་ནུག

ཡོངས་གྲགས་འཐོན་དགོ་མནོ་མི་སྤ་སངས།


རང་གི་མིང་ངོ་མ་ཚངIMG_0753མ་སྦེ་སླབ་ནི་འདི་བ་ བསྡུས་མིང་དར་ཁྱབ་བཏང་དགོ་པའི་གནད་དོན་མ་འདྲཝ་སྦེ་ཁུངས་བཀལ་ནི་ཡོད་རུང་ མང་ཤོས་ཅིག་ར་རང་གི་འཆམ་མཐུནམ་དང་ གཞན་གྱིས་ངོ་ཤེསཔ་འཇམ་ནིའི་དོན་ལུ་མ་གཏོགས་ གནད་དོན་ལོགས་སུ་སྦེ་ཁུངས་བཀལ་ནི་མེདཔ་ཨིན་པས།

མིང་ངོ་མ་སྤ་སངས་ཚེ་རིང་ཟེར་ཨིན་རུང་ ཡོངས་གྲགས་ལུ་སྤ་སུ་ཟེར་མི་ཕོ་རྒྱས་འདི་གིས་ མི་སྡེའི་ནང་སྟབས་མ་བདེཝ་བྱུང་ཡོད་མི་ཚུ་ ན་འཐན་སྦེ་དབྱེ་བ་དཔྱད་དེ་ སྤྱིར་བཏང་མི་མང་གིས་མཁྱེན་ཐབས་ལུ་ མི་སྡེ་བརྡ་བརྒྱུད་ཐོག་ལུ་བྲིས་ཏེ་ཁྱབ་སྤེལ་གཏང་མི་ཅིག་ཨིན།

ཁོ་གིས་སྤ་སུ་ཉིན་དེབ་ཟེར་བའི་ཡོངས་འབྲེལ་བཟོ་བཀོད་འབད་དེ་ཡོད་མིའི་ནང་ལུ་ གནད་དོན་མང་རབས་ཅིག་གི་སྐོར་ལས་བྲིས་ཏེ་ཡོདཔ་མ་ཚད་ འདིའི་ནང་ལས་ ཁྲོམ་དང་མི་མང་འཛོམས་སའི་ས་ཁོངས་ནང་ གནས་སྐབས་ཅིག་དང་ གཏན་རྐྱང་གི་ཆབ་གསང་བཟོ་སྟེ་ ཆབ་གསང་གཏངམ་དང་སེམས་སྐྱིད་ཏོང་ཏོ་ ཧིང་སངས་ས་སྦེ་བཞག་ནི་ལུ་བརྩོན་ཤུགས་བསྐྱེད་མི་འདི་ མི་སྡེའི་མིག་དཔེ་བཟང་པོ་ཅིག་ཨིན་པས།

ཁ་གསལ་དོན་ལུ་གཟིགས།

འགྱུར་བ།


༉ འབྲུག་རྒྱལ་ཁབ་ནང་ འགྲུལ་སྐྱེལ་གྱི་འགྱུར་བ་དང་ གོང་འཕེལ་ག་དེ་སྦེ་སོང་ཡོདཔ་ཨིན་ན་ དེ་བསྒང་བཏབ་མི་པར་ཚུ་མཐོངམ་ད་ཧ་གོ་བས།

མིའི་སེམས་འགྱུར་མི་འདི་གཙོ་བོ་ར་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་ལས་བརྟེན་ཏེ་ཨིན་རུང་ ཧེ་མ་གི་ས་ཁོངས་དང་སྡོད་ཐང་བཅའ་ཐང་ཚུ་མཐོངམ་ད་ ཧེང་སྐལ་ར་འཁྲུལ་སྣང་ལངམ་ཨིན་པས།

ད་རེས་ནངས་པ་གི་མི་མང་སྐྱེལ་འདྲེན་གྱི་སྣུམ་འཁོར་ཚུ་ བལྟནི་འཇའ་ཆི་ཆི་ འཛུལ་འགྱོནི་དགའ་ཏོག་ཏོ་ཡོདཔ་ཨིན་རུང་ སེམས་སྐྱིད་ཏོང་ཏོ་དང་ མིའི་འུར་བྱེལ་མེད་པར་སྡོད་ཉམས་སྤྲོ་ནི་འདི་ དེ་བསྒང་ར་སྤྲོ་བས།

སྐུ་འཕྲེང་རིམ་བྱོན།


20170406_155230-1

སྤྱི་ལོ་༢༠༡༦ལོར་ སངས་རྒྱས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་འཁྲུངས་ལོ་དང་ རྒྱལ་ཁབ་འདིའི་སྐྱབས་མགོན་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ སྨན་ལྗོངས་རྒྱལ་ཁབ་ནང་ལུ་བྱོན་ཏེ་ མི་ལོ་༤༠༠འཁོར་བའི་དུས་དྲན་བརྩི་སྲུང་ཞུ་ནི་དང་། དེ་ལས་འབྲུག་མི་ཡོངས་ཀྱི་བསོད་ནམས་གཅིག་མཐུན་གྱི་འབྲས་བུ་ གནམ་བསྐོས་ལྷ་ཡི་རིགས་སྲས་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་དུས་སྟོན་བརྩི་སྲུང་ལུ་ཆེད་དུ་དམིགས་ཏེ་ ཞབས་དྲུང་རིན་པོ་ཆེའི་འཁྲུངས་རབས་ཕུན་སུམ་ཚོགས་པ་དང་ སྐུ་ཕྲེང་རིམ་བྱོན་གྱི་རྟོགས་བརྗོད་སྟབས་གཅིག་སྦེ་བྲིས་ཡོད་མི་འདི་གིས་ སྤྱིར་བཏང་མི་མང་ལུ་ཕན་ཐོགས་འབྱུང་མ་ཚུགས་རུང་ རེམ་གཉིསམ་ལུ་ཕན་ཐོགས་འབྱུང་པའི་རེ་བ་ཡོད།

 

ཡོངས་འབྲེལ་ལུ་དང་འདོད་ཉུང་སུ།


index

༉ འབྲུག་མི་མང་ཤོས་ཀྱིས་ ཨིང་སྐད་ཀྱི་ཡོངས་འབྲེལ་བཟོ་ནི་དང་ལྷག་ནི་ལུ་ དང་འདོད་གནམ་མེད་ས་མེད་བསྐྱེདཔ་ཨིན་རུང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཐོག་ལུ་ ཡོངས་འབྲེལ་བཟོ་མི་ གནམ་ཉིན་མའི་སྐར་མ་བཟུམ་ཅིག་ལས་མེདཔ་མ་ཚད་ རྫོང་ཁའི་ཡོངས་འབྲེལ་ལྷག་ནི་ལུ་ དགའ་ཚོར་བསྐྱེད་མི་ཡང་ཉུང་སུ་ཅིག་ལས་བརྒལ་ཏེ་མེད་མི་འདི་ སེམས་ཕམ་གྱི་གཞི་ཅིག་ཨིན་པས།

གཞུང་དང་སྒེར་གྱི་རྫོང་ཁའི་ཡོངས་འབྲེལ་འཇམ་སམ་རེ་བཟོ་སྟེ་ཡོད་མི་ཚུ་ཡང་ ཨིང་སྐད་ཀྱི་ཡོངས་འབྲེལ་དང་ཕྱདཔ་ད་ དུས་ཚོད་ལུ་ དུས་མཐུན་བཟོ་སྲོལ་མེད་ནི་འདི་གིས་ ཡོངས་འབྲེལ་བལྟ་ནི་ལུ་དང་འདོད་ཡོད་རུང་ དེ་གིས་ཧེང་སྐལ་ར་སྒྱིད་ཐག་སྐྱུར་སུ་འཚམས་ཅིག་འགྱོཝ་མས། ཨིན་རུང་རྒྱལ་ཁབ་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་ ད་ལྟོ་བ་དྲགཔ་སྦེ་རྫོང་ཁའི་ཡོངས་འབྲེལ་བཟོ་མི་གཅིག་ཤུལ་གཉིས་ཤུལ་དང་ ལྷག་ནི་ལུ་དང་འདོད་བསྐྱེད་མི་ཡར་འཕར་འགྱོ་བའི་རེ་བ་སྦོམ་ཡོད།

domstatsང་གིས་ལྟ་བ་ཅིན་ཐབས་ཤེས་དྲག་ཤོས་འདི་ར་ འབྲེལ་ཡོད་ལས་ཁུངས་དང་ལས་སྡེ། སྒེར་མི་གིས་ རྫོང་ཁའི་ཡོངས་འབྲེལ་བཟོ་མི་ཚུ་ ངོས་འཛིན་གནང་སྟེ་ དམིགས་བསལ་གྱི་དགའ་ཚོར་བསྐྱེད་ནིའི་ལམ་ལུགས་ཅིག་བཟོ་ཚུགས་པ་ཅིན་ རྫོང་ཁའི་ཡོངས་འབྲེལ་བཟོ་མི་མང་སུ་འཐོན་ནི་རྐྱངམ་ཅིག་མིན་པར་ རྒྱལ་ཡོངས་སྐད་ཡིག་དར་ཁྱབ་གཏང་ནི་ལུ་ཡང་ ཧེང་སྐལ་ར་ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།

སླབ་སྲོལ་ལས་ མནོ་བའི་ཤིང་ཁར་བསམ་པའི་བྱ་འཁོར།། ཟེར་དོ་བཟུམ་སྦེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཞལ་འཛོམས་ནང་ ང་གིས་གྲོས་འཆར་ཕུལ་མི་ནང་ ད་རིས་ནངས་པ་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཡོད་མི་ཚུ་དང་ འདིའི་ནང་ལས་ཡང་ ངོ་རྐྱང་གིས་ ཡོངས་འབྲེལ་འཆར་སྒོ་བཟོ་མི་ཚུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ངོས་འཛིན་གནང་སྟེ་

གཟེངས་བསྟོད་གནང་ཚུགས་པ་ཅིན་ ལས་ཀྱིས་ར་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་མི་མང་སུ་འཐོན་ཏེ་ རྒྱལ་རབས་དང་ཆོས་བྱུང་ སྲུང་གི་རིགས་ཚུ་ག་ཅི་ར་དགོ་རུང་ དེ་འཕྲལ་ལས་འཇམ་ཏོང་ཏོ་སྦེ་ ཡོངས་འབྲེལ་ཐོག་ནང་ལས་འཐོབ་ཚུགས་ནི་ཨིནམ་ལས་ ཐབས་ལམ་དྲག་ཤོས་ཅིག་ཨིནམ་སྦེ་ཆ་བཞག་ཅི་ཟེར་ཞུ་ནི་ཨིན།།

བརྡ་བརྒྱུད་ཀྱི་རང་དབང་།


kkསྤྱི་ལོ་༢༠༡༢ལུ་ རྒྱལ་སྤྱི་བརྡ་བརྒྱུད་རང་དབང་གི་ཉིནམ་བརྩི་སྲུང་འབད་བའི་སྐབས་ འབྲུག་རྒྱལ་ཁབ་འདི་ སཱག་རྒྱལ་ཁབ་༩ གི་གྲས་ལས་ བརྡ་བརྒྱུད་ཀྱི་ དབང་རང་ཡོད་པའི་རྒྱལ་ཁབ་ ཨང་དང་པ་ཐོན་ཡོདཔ་ད་ འབྲུག་གི་འོག་ལས་ར་ མཱལ་དིབསི་དང་ བང་ལ་དེཤ་ རྒྱ་གར་ ཨཱཕ་ག་ནིས་ཏཱན་ པ་ཀིས་ཏཱན་ དེ་ལས་ ཤྲི་ལངྐ་རྒྱལ་ཁབ་ཚུ་ཨིན་པས།
དེའི་སྐོར་ལས་འཛམ་གླིང་རྒྱལ་ཁབ་༡༧༩ ནང་ བརྡ་བརྒྱུད་རང་དབང་ཡོད་མེད་ཀྱི་སྐོར་ལས་ སྙན་ཞུ་ཅིག་འབད་མིའི་ནང་ བཀོད་དེ་ཡོདཔ་ད་ སྤྱིར་བཏང་འཛམ་གླིང་རྒྱལ་ཁབ་ཚུ་ལས་འབད་བ་ཅིན་ འབྲུག་གིས་ ཨང་༧༠ པ་ཐོན་མི་དེ་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ ཨང་རིམ་༦ གིས་ མར་བབས་སོང་ཡོདཔ་ད་ ལོ་དེ་ནང་ འབྲུག་གིས་ ཨང་༦༤ པ་ ཐོན་ཡོདཔ་ཨིན་པས། སཱག་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལས་འབད་བ་ཅིན་ མཱལ་དིབསི་གིས་ཨང་༧༣ པ་ཐོན་ཡོདཔ་ད་ དེའི་འོག་ལས་ བང་ལ་ཌེཤ་གིས་ཨང་༡༢༩ པ་དང་ རྒྱ་གར་གྱིས་ཨང་༡༣༡ པ་ ཨཱཕ་ག་ནིས་ཏཱན་གྱིས་༡༥༠ པ་ཀིས་ཏཱན་གྱིས་༡༥༡ དེ་ལས་ ཤྲི་ལངྐ་གིས་ཨང་༡༦༣ པ་ ཐོན་ཡོདཔ་ཨིན་པས། འཛམ་གླིང་ནང་ བརྡ་བརྒྱུད་རང་དབང་གི་ཨང་དང་པ་དེ་ ཕིན་ལེན་རྒྱལ་ཁབ་ཐོན་ཡོདཔ་ད་ བརྡ་བརྒྱུད་རང་དབང་མེད་མི་དེ་ ཨི་རི་ཊི་རྒྱལ་ཁབ་ཨིན་རུང་ བརྡ་བརྒྱུད་ནང་ལཱ་འབད་མིའི་ ཚེ་སྲོག་ལུ་གནོད་ཉེན་ཡོད་པའི་རྒྱལ་ཁབ་དེ་པ་ཀིས་ཏཱན་ཨིན་པས།
ད་རུང་ ཨེ་མི་རི་ཀའི་གཞུང་མིན་ཚོགས་པ་ཅིག་གིས་ དམངས་གཙོའི་གཞུང་དང་ འགྲོ་བ་མིའི་དབང་ཆའི་སྐོར་ལས་ བརྟག་ཞིབ་སྙན་ཞུ་འབད་མི་དང་འཁྲིལཝ་ད་ འབྲུག་འདི་ ཨང་༡༢༧ པ་ཨིནམ་ད་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་    རྒྱལ་ཁབ་༤༠གི་གྲས་ལས་འབད་བ་ཅིན་འབྲུག་གིས་ཨང་༢༦པ་ཐོན་ཡོདཔ་ཨིན་པས།
བརྡ་བརྒྱུད་ཀྱི་རང་དབང་དེ་ ཁག་གསུམ་ལུ་དབྱེ་སྟེ་ བརྟག་ཞིབ་འབད་བའི་སྐབས་ རང་དབང་ཅན་ནང་ རྒྱལ་ཁབ་༦༦ཚུད་ཡོདཔ་ད་ རང་དབང་ཆ་ཤས་ཅན་ནང་ རྒྱལ་ཁབ་༧༢ དེ་ལས་རང་དབང་མེད་པའི་སྡེ་ཚན་ནང་ རྒྱལ་ཁབ་༥༩ཚུད་ཡོད་མི་ལས་  འབྲུག་འདི་རང་དབང་ཤ་ཆས་ཀྱི་གྲས་ཁར་ཨིན་པས།

dd

འཛམ་གླིང་ནང་ བརྡ་བརྒྱུད་ཀྱི་རང་དབང་རྩ་ལས་མེད་མི་ རྒྱལ་ཁབ་དེ་ བི་ལ་རུས། ཀིའུ་བ། ཇུ་ནིའི། ཨི་ཊི་རི། ཨི་རཱན། བྱང་ཀོ་རི་ཡ། ཏྲག་མིན་ཊན།  དེ་ལས་ཡུ་བིས་ཀིས་ཊཱན་ཚུ་ཨིན་པས།
རྒྱལ་ཁབ་ཀྱི་ བརྡ་བརྒྱུད་ལས་ཁང་ཚུ་དང་ ལཱ་འབད་མི་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་གཞན་ཚུ་གི་ གནས་ཚད་ལུ་བལྟ་བ་ཅིན་ འབྲུག་གི་བརྡ་བརྒྱུདཔ་ཚུ་ལུ་ ཚེ་སྲོག་དང་འབྲེལ་བའི་ཉེན་ཁ་མེདཔ་ལས་ ལཱ་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས། ཁོང་གིས་འབད་བ་ཅིན་ ད་རེས་དཀའ་ངལ་ངོ་མ་ར་ གཞུང་གི་འགོ་དཔོན་ཚུ་གིས་ གནས་ཚུལ་དང་ཡིག་ཆ་ཚུ་ བྱིན་མ་བཏུབ་མི་དེ་ཨིན་རུང་ དེ་ཚུ་ཡང་ འགྲོས་ཀྱིས་སྦེ་ བསལ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ སྤྱི་ཟླ་༥ པའི་ཚེས་༣ ལུ་ རྒྱལ་ཁབ་ནང་ འཛམ་གླིང་བརྡ་བརྒྱུད་རང་དབང་གི་ཉིནམ་བརྩི་སྲུང་འབད་བའི་སྐབས་སླབ་ཡོདཔ་ཨིན་པས།

1408711192_a83c4ae94eའཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བང་ཀི་མཱུན་གྱིས་འབད་རུང་ བརྡ་བརྒྱུད་དེ་ འཛམ་གླིང་གི་མི་ཚུ་ལུ་ བརྡ་དོན་དང་འབྲེལ་བའི་ གནད་དོན་སྤྲོད་མི་ཨིནམ་ལས་ ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ངན་ལྷད་དང་ གཞུང་གི་སྲིད་བྱུས་ངན་པ་ དེ་ལས་ སྤྱིར་བཏང་བྱ་ངན་ཚུའི་སྐོར་ལས་ སྙན་ཞུ་འབད་མི་དེ་ བརྡ་བརྒྱུད་ཨིནམ་ལས་ ཁོང་ལུ་ མི་ཚུ་གིས་ ག་དེ་དྲག་དྲག་ རྒྱབ་སྐྱོར་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།  འབྲུག་རྒྱལ་ཁབ་ནང་ ཚོགས་ཁང་མཐོ་ཤོས་ཅིག་ཨིན་མི་རྒྱལ་ཡོངས་ཚོགས་འདུ་ནང་ སྤྱི་ལོ་༢༠༡༥ལུ་བརྡ་བརྒྱུད་ཀྱི་དལ་དབང་སྐོར་ལས་གསུང་གྲོས་གནང་མི་དེ་གིས་ འབྲུག་བཟུམ་མའི་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ཀྱི་གཞི་འགྱམ་སྒྲིང་སྒྲིང་བཙུགས་པའི་ནམ་དུས་ལུ་    བརྡ་བརྒྱུད་ག་དེམ་ཅིག་ཁག་ཆེཝ་ཨིན་ནའི་གསལ་སྟོན་བྱུང་ཡི། དེ་མ་ཚད་ བརྡ་བརྒྱུད་ཀྱི་སྐོར་ལས་ གསུང་གྲོས་གནངམ་ད་ སྤྱི་ཚོགས་ཀྱིས་ བརྡ་བརྒྱུད་ལུ་ བརྩི་མཐོང་ག་དེམ་ཅིག་ཡོདཔ་ཨིན་ན་ཡང་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ འདི་བཟུམ་མའི་ངོས་འཛིན་གནངམ་ད་ བརྡ་བརྒྱུདཔ་ཚུ་    དཔའ་ཉམས་བསྐྱེད་དགོ་པའི་གཞི་ཅིག་ཡང་ཨིན་མས།
མ་གཞི་ད་རེས་ནངས་པ་ རྒྱལ་ཁབ་ནང་ བརྡ་བརྒྱུད་ཀྱི་གྲས་ལས་ དམིགས་བསལ་གྱི་གསར་ཤོག་ཚུ་ ཡུན་བརྟན་གནས་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་མ་ཚད་ བརྡ་བརྒྱུད་ཀྱི་དལ་དབང་གི་ཐད་ལུ་ལྷོདཔ་ད་ བརྡ་བརྒྱུདཔ་ཚུ་གིས་གནས་ཚུལ་བསྡུ་ལེན་འབད་ནི་ལུ་དཀའ་ངལ་བྱུང་བཞིན་ཡོད། ཨིན་རུང་སྤྱི་ལོ་༢༠༡༥ལོའི་ འཛམ་གླིང་བརྡ་བརྒྱུད་དལ་དབང་གི་ ཐོ་བཀོད་ཚད་གཞི་དང་འཁྲིལཝ་ད་ འཛམ་གླིང་རྒྱལ་ཁབ་༡༨༠ལས་ འབྲུག་རྒྱལ་ཁབ་འདི་ ཨང་གྲངས་༩༤པའི་ནང་ཚུད་མི་ལུ་ལྟ་བ་ཅིན་ དལ་དབང་ལེགས་ཤོམ་ཡོད་པའི་ བརྡ་མཚོན་ཨིན་པའི་ཁར་ འདས་པའི་ལོ་ནང་གནས་རིམ་ཨང་༡༠༤པའི་ནང་ ཚུད་མི་དང་ཕྱདཔ་ད་ ཨང་གྲངས་༡༠ཡར་འཕར་སོང་ཡོདཔ་ལས་ རྒྱལ་ཁབ་ཀྱི་དོན་ལུ་གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས། དེ་གི་ནང་དོན་ཉིད་ལས་ སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ འབྲུག་གི་གནས་རིམ་དེ་དྲག་ཤོས་ཅིག་ཨིནམ་ལས་   ཚ་གྱང་ལང་དགོཔ་ཅིག་མིན་འདུག་ཟེར་མནོཝ་མས།    ཨིན་རུང་རྒྱལ་ཡོངས་ཚོགས་འདུ་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་བར་ན་ གསུང་གྲོས་གནང་ཐང་ལུ་བལྟ་བ་ཅིན་ བརྡ་བརྒྱུད་ལས་ཁང་ཚུ་ནང་ལས་ བརྡ་བརྒྱུདཔ་ཉམས་མྱོང་ཅན་ཚུ་ཐོན་འགྱོ་མི་དེ་ གཞུང་གི་ཁ་ཐུག་ལས་ བརྡ་བརྒྱུད་ཀྱི་དལ་དབང་ལུ་ལགཔ་རྐྱབ་སྟེ་ བཀག་ཆ་རྐྱབ་དོ་བཟུམ་མའི་དོགས་སྣང་ཡོདཔ་བཟུམ་བརྡ་སྟོན་བྱུང་ཡི། མ་གཞི་བརྡ་བརྒྱུད་ཀྱི་འགན་ཁུར་འདི་ གཞུང་སྐྱོང་དང་ སྲིད་དོན་པ་ཚུ་ དགག་བཤེར་དང་ཚད་མཉམ་ཐོག་བཞག་ནི་ལུ་ གཙོ་རིམ་བཟུང་སྟེ་ གཞུང་གི་ཁ་ཐུག་ལས་ ནོར་བ་དང་འཐུས་ཤོར་བྱུང་མི་ཚུ་གསལ་བཀོད་དང་ འདི་བཟུམ་སྦེ་ མཐར་འཁྱོལ་བྱུང་མི་ཚུ་ ལེགས་བསྟོད་དང་བཅསཔ་སྦེ་    གནས་ཚུལ་ཁྱབ་སྤེལ་འབད་བཞིན་དུ་ཡོདཔ་ཨིན་རུང་ སྲིད་ཀྱི་ཕྱོགས་བཟུང་སྟེ་ བརྡ་བརྒྱུདཔ་ཚུའི་གཡོག་གི་ཉེན་སྲུང་ལུ་ཐོ་ཕོག་ནིའི་ཉེན་ཁ་ཡོད་རུང་ དེའི་བདེན་རྫུན་ཕྱེ་ནི་འདི་ བརྡ་བརྒྱུད་སྤྱོད་མི་ཚུ་ལུ་འགན་ཁག་ཕོགཔ་ཨིན་པས་ཟེར་ཞུ་ནི་ཨིན།

ཁྱིམ་གྱི་བཟོ་བཀོད།


sང་བཅས་རའི་རྒྱལ་ཁབ་ནང་ ཁྱིམ་གྱི་རིགས་ག་ཅི་ར་ཨིན་རུང་ རང་ལུགས་ཀྱི་བཟོ་བཀོད་ལུགས་ལུགས་གཞི་དང་ རྒྱུ་ཆས་ཀྱི་རིགས་ཚུ་ཡང་ རྒྱལ་ཁབ་ནང་འཁོད་ལས་འཐོན་པའི་ཅ་ཆས་ཚུ་ལག་ལེན་འཐབ་སྟེ་རྐྱབ་མ་གཏོགས་ ཕྱི་རྒྱབ་ཁབ་ལས་རྒྱུ་ཆས་ནང་འདྲེན་འཐབ་སྟེ་ ཁྱིམ་རྐྱབ་སྲོལ་མེདཔ་ཨིན།

ཁྱིམ་གྱི་འོག་ཐོག་ལུ་ ནོར་བཏགས་ས་དང་ ཐོག་ཁར་ཐབ་ཚང་དང་བར་ཀ་སྦྲགས་ཏེ་ཨིན་རུང་ བར་ན་རྣམ་དག་སྒོ་གསུམ་བཙུགས་ཏེ་ཡོདཔ་ཨིན། ཁང་མིག་གཅིག་མཆོད་བཤམ་དང་ ཁང་མིག་ཆུང་སུ་ཅིག་གཉེར་ཚང་བཞག་ས་ཨིནམ་མ་ཚད་ བར་ན་ཟུར་ཅིག་ཁར་བངམ་བཙུགས་ཏེ་ རྒྱུ་བཞག་ས་ཨིན། ཁྱིམ་གྱི་རྒྱབ་ཁ་ལས་གཡོག་ཅུང་བཏགས་ཏེ་ཡོད་མི་འདི་ ཆབ་གསང་སྦེ་ལག་ལེན་འཐབ་ཨིན།

imagesd

རྒྱལ་ཁབ་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་ བར་སྐབས་ཅིག་ལས་ གསོ་བའི་ལམ་སྟོན་དང་འཁྲིལ་ཏེ་ ཆབ་གསང་ཁྱིམ་གྱི་ཕྱི་ཁར་ལོགས་སུ་རྐྱབ་ཞིན་ན་ལས་ མཐའ་འཁོར་གཙང་སྦྲ་དང་གཟུགས་ཁམས་འཕྲོད་བསྟེན་ལུ་ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན།

images

དེ་ལས་རིམ་གྱིས་འབྱོར་པ་ལྡན་མི་ཚུ་གིས་ རྩིས་ས་གིས་ཆབ་གསང་ཁྱིམ་གྱི་ཟུར་ཁར་སྦྱར་ཏེ་བཟོཝ་མ་ཚད་ ཆུ་མཛོད་ཆབ་གསང་གི་ཐོག་ཁར་བཀལ་ཏེ་ ཧིང་སངས་ས་སྦེ་ག་ནེ་བ་དགའ་ཏོག་ཏོ་དང་སྟབས་བདེ་ཏོག་ཏོ་སོང་ཡོདཔ་ཨིན།

ད་རིས་ནངས་པ་ཁྲོམ་ཁར་རྩིས་ས་དང་ལྕགས་བཙུགས་ཏེ་སྒྲིང་ཁྱིམ་ཐོག་༦ལས་ལྷག་སྟེ་རྐྱབ་སྲོལ་དར་ཁྱབ་སོང་སྟེ་ཡོདཔ་ཨིན།

ལྷོ་ཀོ་རི་ཡ་རྒྱལ་ཁབ་ནང་ཡང་ ཧེ་མ་གི་དུས་ལུ་ རང་ལུགས་བཟོ་བཀོད་ལྡན་པའི་ཁྱིམ་ཚུ་གིས་གང་སྟེ་img_20151121_064601
ཡོད་རུང་ བར་སྐབས་ཅིག་ལས་ མཐོ་ཚད་གཅིག་བ་གཅིག་རྔམ་པའི་ཁྱིམ་ཚུ་རྐྱབ་ནི་འགོ་བཙུགས་ནུག

ད་རིས་ནངས་པ་ལྷོ་ཀོ་རི་ཡ་གི་རྒྱལ་ས་ལྟེ་བ་ལུ་ ད་རིས་ནངས་པ་རྐྱབ་སྟེ་ཡོད་སྒྲིང་ཁྱིམ་འདི་ བཟོ་བཀོད་གསརཔ་ཅིག་ཨིནམ་ལས་ མི་ག་ར་འ་ནེ་ཁྱིམ་འདི་བལྟ་བར་འོངམ་ཨིན་པས།

དཔལ་འབྱོར་གྱི་གནས་ཚད།


རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ རྫོང་ཁག་༢༠དང་ལྷག་པར་དུ་ རྒྱལ་ས་ཐིམ་ཕུག་ལུ་ སྒྲིང་ཁྱིམ་སྟོང་ཕྲག་ལས་ལྷག་སྟེ་རྐྱབ་མི་ཚུ་དང་། ཚོང་འབྲེལ་འཐབ་མི་ཚུ་ལུ་སྐྱིན་འགྲུལ་བྱིན་མི་འདི་གིས་ དངུལ་ཁང་ཚུ་ནང་མ་དངུལ་མེད་མི་ལུ་བརྟེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་སྐྱིན་འགྲུལ་མཚམས་འཇོག་འབད་ཡོདཔ་སྦེ་གཞུང་ འབྲེལ་གནས་ཚུལ་ནང་བཀོད་ནུག།
རྒྱལ་ཁབ་ནང་ལུ་ རུ་པི་འདི་སྔོན་མ་བཟུམ་སྦེ་མ་ཐོབ་པའི་དཀའ་ངལ་ཡོད་པའི་གནད་དོན་ཐོག་ལུ་ སྤྱི་ལོ་༢༠༡༢ལོར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་  ལས་སྡེ་ཚོགས་པ་དང་ དངུལ་ཁང་ཚུ་དང་ཅིག་ཁར་ མཉམ་འབྲེལ་འབད་དེ་ ཞིབ་དཔྱད་ཅིག་འབད་མི་སྙན་ཞུ་དང་འཁྲིལ་པ་ཅིན་ ད་རེས་རྒྱལ་ཁབ་ནང་ སྒེར་སྡེ་གི་ལས་འགུལ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དང་ ལས་འགུལ་འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ཚུ་རྩིས་ཏེ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤དེ་ཅིག་གི་ མ་དངུལ་དགོ་པའི་ ལས་འགུལ་འདི་ཚུ་ཡོདཔ་སྦེ་མཐོང་ནུག ཨིན་རུང་ མ་དངུལ་མེད་ནི་འདི་གིས་ ལས་འགུལ་མང་ཤོས་ཅིག་ར་ འགོ་བཙུགས་མ་ཚུགས་པར་ལུས་ཏེ་ཡོདཔ་མ་ཚད་ ལས་འགུལ་ལ་ལོ་ཅིག་ མཇུག་བསྡུ་མ་ཚུགས་པར་ལུས་ཏེ་ཡོདཔ་ཨིན་པས། འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གི་སྲིད་འཛིན་གྱིས་སླབ་མི་ནང་ རུ་པི་མ་ལང་པའི་དཀའ་ངལ་ཡོད་མི་དང་ དངུལ་ཁང་ཚུ་ནང་ལུ་ དངུལ་ཚབ་སྤྲོད་མ་ཚུགས་མི་ཚུ་གི་ཐད་ལུ་ ངོས་ལེན་འབད་དགོ་ཟེར་ཨིན་མས།རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་རྩིས་ཐོ་དང་ འཁྲིལཝ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་ཚད་ནང་ དངུལ་ཚབ་སྤྲོད་མ་ཚུགས་པའི་དཀའ་ངལ་མེདཔ་སྦེ་ཨིན་རུང་ སྤྱི་ལོ་༢༠༡༢་སྤྱི་ཟླ་༣པའི་ནང་ལས་ར་ དངུལ་འབྲེལ་ལས་ཁང་ཚུ་གིས་ སྐྱིན་འགྲུལ་མ་བྱིན་མི་ལུ་བལྟ་བ་ཅིན་ དངུལ་ཚབ་སྤྲོད་ནི་གི་ནང་ དཀའ་ངལ་ཡོདཔ་བཟུམ་སྦེ་ར་མཐོངམ་མས་ཟེར་ཨིན་མས།
རྒྱལ་ཁབ་ནང་ལུ་ རུ་པི་མ་ལང་པའི་དཀའ་ངལ་ཐོན་མི་འདི་བསལ་ཐབས་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གི་ཁ་ཐུག་ལས་ གཞུང་ལུ་ ངོས་ལེན་གྱི་ཞུ་བ་ ཁག་བཅུ་ཐམས་སྦེ་ཕུལ་ཏེ་ཡོདཔ་ད་ ངོས་ལེན་གྱི་ཞུ་བ་ཚུ་ཡང་ ཕྱི་ལས་སྐྱིན་འགྲུལ་ལེན་ནི་གི་ལམ་སྟོན་དང་ ཡུན་རིངམོ་སྦེ་ དངུལ་གསོག་འཇོག་འབད་ནི་གི་ལམ་སྟོན་ཚུ་ བསྐྱར་ཞིབ་འབད་ནི་དང་ ཚོང་སྡེ་གསརཔ་འགོ་བཙུགས་ནི་དང་ ཕྱི་ཡི་མ་རྩ་གཞི་བཙུགས་ཀྱི་ དངུལ་ཁང་སྒོ་ཕྱེ་ནི་གི་ལམ་ལུགས་ཚུ་ གོ་ཡངས་དྲག་བཟོ་དགོ་པའི་སྙན་ཞུ་ཕུལ་མི་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གི་ཁ་ཐུག་ལས་ འདི་བཟུམ་གྱི་ངོས་ལེན་གྱི་ཞུ་བ་ཕུལ་མི་འདི་ ལེགས་ཤོམ་ཨིན་ཏེ་ར་འབད་རུང་ ངོས་ལེན་འདི་ཚུ་ ཡིད་ཆེས་ཏོག་ཏོ་ཅིག་མིན་འདུག་ཟེར་བཀོད་མི་དེ་ཡང་ གཞུང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་སྒེར་སྡེ་དང་ དངུལ་ཁང་ཚུ་གི་ཁ་ཐུག་ལས་ ཐབས་ཤེས་ག་དེ་དྲག་དྲག་བཏོན་ཏེ་ར་ཡོད་རུང་ དེ་བཟུམ་གྱི་དཀའ་ངལ་འདི་ཐོན་ནི་ཨིནམ་མ་ཚད། ཚོང་འབྲེལ་དོན་ལས་ དངུལ་ཁང་ཚུ་བརྒྱུད་དེ་ ཕྱི་ལས་སྐྱིན་འགྲུལ་ལེན་ནི་འདི་ འོས་འབབ་མེད་ཟེར་ཨིནམ་དང་ འདི་ཡང་ དངུལ་ཁང་ཚུ་གིས་ ཕྱི་ཡི་དངུལ་སྐྱིན་འགྲུལ་ལེན་ཞིནམ་ལས་ ང་བཅས་རའི་དངུལ་ནང་སྦེ་ སྐྱིན་འགྲུལ་བྱིན་ད་པ་ཅིན་ དངུལ་ཚབ་སྤྲོད་ནི་གི་ནང་ སྟབས་མ་བདེཝ་ཐོན་འོང་ཟེར་ཨིན་མས།

ཅང་ང་ཇི་ཇིའི་སྡོད་ཁྱིམ་ཐོབ་ལམ་དྭངས་གསལ་མེདཔ།


རྒྱལ་ས་ཐིམ་ཕུག་ལུ་ མི་རློབས་འཕྱེལ་མི་འདི་གིས་ སྡོད་ཁྱིམ་མ་ཐོབ་པའི་དཀའ་ངལ་སེལ་ཐབས་དང་ གཞུང་གཡོགཔ་གོ་གནས་ཆུང་ཤོས་དང་ འོང་འབབ་ཆུང་རིམ་ཚུའི་མཐའ་དོན་ལུ་ རྒྱལ་ས་ཐིམ་ཕུག་ལྕང་ཇི་ཇི་ལུ་ སྡོད་ཁྱིམ་ཚུ་རྐྱབ་ཡོདཔ་ཨིན། ཨིན་རུང་ འདི་ནང་ལུ་སྡོད་མི་མང་ཤོས་ཅིག་རང་ གཞུང་གཡོགཔ་གོ་གནས་སྦོམ་ཚུ་དང་ འོང་འབབ་སྦོམ་སྦེ་ཐོབ་མི་ཚུ་སྡོད་དོ་ཡོདཔ་ཨིན་མས།གཞན་དལ་གཞི་ ལྕང་ཇི་ཇི་གི་སྡོད་ཁྱིམ་ཚུ་ ཕོ་མོ་གཉིས་རུབ་སྟེ་ སྡེ་རིམ་༨ པའི་དངུལ་ཕོག་ཐོབ་མི་ཚུ་ལུ་རྐྱངམ་ཅིག་ཐོབ་ཚུགས་ནི་ཨིན་མས།
དེ་ཚུ་ཡང་ག་དེ་སྦེ་ཧ་གོ་ཚུགསཔ་ཨིན་ན་ཟེར་བ་ཅིན་
༡ ལྕང་ཇི་ཇི་སྡོད་ཁྱིམ་གྱི་སྣུམ་འཁོར་བཞག་སའི་ས་ཁོངས་ནང་ ཨ་རྟག་རང་ གོང་ཚད་མཐོ་བའི་སྣུམ་འཁོར་ཚུ་བཞགཔ་ཨིན་པས།
༢ ལྕང་ཇི་ཇི་གི་སྡོད་ཁྱིམ་ནང་སྡོད་མི་ཚུ་གིས་ ཁང་གླ་མཐོ་སུ་ཅིག་སྦེ་ གཞན་མི་ལུ་སྡོད་བཅུག་དོ་ཡོདཔ་ཨིན་མས།༣ སྡོད་ཁྱིམ་ཚུ་ནང་ སྤྱི་ལོ་༢༠༠༣ ལས་ ཕོ་མོ་བཟང་ཚང་གཉིས་བསྡོམས་ཏེ་ སྡེ་རིམ་༨ པའི་དངུལ་ཕོགས་ཐོབ་མི་ཚུ་ལུ་གོ་སྐབས་གནང་ཡོད་རུང་   ཁོང་གི་འོང་འབབ་འདི་ ཧེ་མ་སྡོད་པའི་སྐབས་དང་ ད་ལྟོ་གི་བར་ན་ ཡར་སེང་སོང་ཡོདཔ་ལས་ སྡོད་ཁྱིམ་སྤོ་དགོཔ་བཟུམ་ཅིག་ཡོདཔ་ཨིན་མས།
༤  ལ་ལུ་ཅིག་ བློན་པོ་ཚུ་དང་ཆེ་མཐོའི་འགོ་དཔོན་ཚུ་གི་བཀའ་ཤོག་གནང་སྟེ་སྡོད་ཁྱིམ་ཚུ་ཐོབ་ཡོདཔ་ཨིན་མས།
༥ ངོ་ཤེས་འདྲིས་ཤེས་ཡོད་མི་ཚུ་ལུ་ གོ་སྐབས་དང་པ་ཐོབ་དོ་ཡོདཔ།

༦ ལས་འཛིན་གྱི་ལས་བྱེདཔ་ཚུ་ལུ་ཐོབ་ལམ་མེདཔ།

གོང་གི་གནད་ དོན་ཚུའི་ཐོག་ལུ་ རྒྱལ་ཡོངས་ཁྱོམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཞིབ་དཔྱད་འབད་ཡོད་རུང་ གྲུབ་འབྲས་དེ་ཨིན་ཟེརཝ་ཅིག་མེདཔ་ལས་ འདི་ནང་ལུ་སྡོད་ནི་ཐོབ་མི་ཚུ་སེམས་དགའ་སྟེ་འབད་རུང་ གོ་སྐབས་མ་ཐོབ་མི་ཚུ་དབུགས་གམ་སྟེ་དེ་སྦེ་རང་སྡོད་དགོ་ནི་ཨིན་རུང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་ལམ་ལུགས་ལེགས་བཅོས་འབད་དགོཔ་འདི་ དུས་ཚོད་ཕྱིསན་མ་གཏོགས་མི་ཧག་ནི་ཨིན་པས།

 

 

ཁྱིམ་གྱི་རབ་གནས་འབད་དགོཔ།


ད་རིས་ནངས་ པ་འབྲུག་ལུ་ དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འགྱོ་བའི་ནམ་དུས་ལུ་ རྒྱལ་ས་ཐིམ་ཕུག་ལུ་ གསར་སྒྲུབ་འབད་མི་སྡོད་ཁྱིམ་ལ་ལུ་ཅིག་གི་ཇོ་བདག་གིས་ དང་པ་མ་དངུལ་ཐོབ་ནིའི་རེ་འདོད་དང་ གཉིས་པ་རང་གི་སྔར་སྲོལ་ལམ་ལུགས་ལུ་ཡིད་ཆེས་མེད་པར་ ཁྱིམ་གྲུབ་ཚརཝ་ཅིག་ ལྷབ་བསངས་ཅིག་ར་མ་གཏང་པར་ འཕྲང་ཕྲ་ར་ ཁང་གླ་སྡོད་མི་བཙུགས་མི་འདི་གིས་ ཡུདཔ་ཅིག་ལས་ཁང་གླ་སྡོད་མི་ཚུ་ལུ་ ན་ཚ་དང་ཤི་ཆད་བྱུང་དོ་ཡོདཔ་ག་ར་གིས་མཁྱེན་གསལ་ཆེ། རྒྱུ་མཚན་དེ་ལུ་ཁྱིམ་གསརཔོ་བསྒྲུབས་ཅིག་ འདྲེ་སྲིན་ཚུ་གིས་མ་དབང་པའི་སྔོན་མ་ལས་ རང་གི་འབྱོར་པ་དང་འཁྲིལ་ཏེ་ རབ་གནས་རྒྱས་བསྡུས་འབྲིང་གསུམ་འབད་ཚུགས་པ་ཅིན་ ཁྱིམ་གྱི་ཇོ་བདག་དང་ ཁང་གླ་ནང་བཞུགས་མི་ག་ར་ལུ་ བྱ་བ་ལམ་འགྲོས་ལེགས་ཤོམ་འབྱུང་འོང་།

གོ་གནས་དང་བསྟུན་བཀབ་ནེའི་བཅའ་ཁྲིམས་དགོཔ།


ཞབས་དྲུང་རིན་པོ་ཆེའི་ལམ་སྟོན་དང་ སྡེ་སྲིད་དབུ་མཛད་ཆེན་མོའི་ཐུགས་རྣམ་པར་བཀྲ་བའི་ཕྱག་ཤུལ་ལུ་ སྡེ་སྲིད་དང་ལྷན་རྒྱས་ཚུ་ གཞུང་གྲྭ་ཚང་ནང་ལས་བསྐོས་སྲོལ་ཡོད་ནི་འདི་གིས་ ན་བཟའི་ཐོབ་ལམ་ཚུ་ ཆོས་ཀྱི་ཁ་ཐུག་ལས་རིགས་བསྒྲེས་ཏེ་བཟོ་ཡོད་རུང་ བར་སྐབས་ཅིག་ལས་  དཔའ་རྟགས་དང་ བཀབ་ནེ་ཚུ་ དྲགོས་ཀྱི་གོ་གནས་ཐོབ་པའི་སྐབས་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ཆོགཔ་མ་ཚད་ འདི་བཟུམ་ལག་ལེན་འཐབ་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེད་པའི་ཁར་ གོ་གནས་ཅན་ཚུ་ལུ་ མི་མང་ལས་གུས་ཞབས་དང་ བརྩི་མཐོང་སྦོམ་ཡོདཔ་ཨིན་པས། དེ་མ་ཚད་ གཞུང་འབྲེལ་གྱི་ཐོག་ལས་འབད་བ་ཅིན་ གོ་གནས་ཀྱི་མིང་དང་སྦྲགས་ཏེ་ངོ་རྐྱང་གི་མིང་ དཔྱེ་འབད་བ་ཅིན་ སྤུ་ན་གཉེར་ཆེན་ཤར་སྤྲུགས། དར་དཀར་དཔོན་སློབ་རྡོ་དཔྱལཝ། གཞུང་མགྲོན་གཉེར་སྤོབ་ཐལ། ཐིམ་ཕུག་རྫོང་དཔོན་ཀུན་བཟང་འཕྲིན་ལས་ཟེར་ཞུ་སྲོལ་ཡོདཔ་ཨིན་རུང་ ཕྱི་ཁར་མཇལ་བ་ཅིན་ གུས་ཞབས་ཀྱི་དོན་ལུ་དྲགོས་ཟེར་ཞུ་རུང་སྐྱོན་མེདཔ་ཨིན་པས། ཨིན་རུང་ད་རིས་ནངས་པ་ཡར་རྒྱས་འགྱོ་བའི་ བསྒང་ཡོད་མི་ འབྲུག་བཟུམ་མའི་ རྒྱལ་ཁབ་ནང་ གོ་གནས་དང་མིང་གཏམ་བ་ཁག་ཆེཝ་སྦེ་འགན་ཁུར་འབག་དགོཔ་ཨིན་པས།
གཅིག་ལས་ལྟ་བ་ཅིན་ གོ་ས་གོ་གནས་དང་ བཀབ་ནེ་ཐོབ་ལམ་གྱི་སྐོར་ལས་ཚ་གྱང་ལང་དགོཔ་ཅིག་མེད་རུང་ སྲིད་ཀྱི་ལམ་ལུགས་འགོ་བཙུགས་ཞིནམ་ལས་ ལོ་ངོ་༥གི་བར་ན་ཚར་རེ་བཙག་འཐུ་འབདཝ་ད་ ཡུདཔ་ཅིག་ལས་འབྲུག་ལུ་ བཀབ་ནེ་ལི་ཝང་དང་ཧོནམོ་བཀབ་མི་དང་ དཀརཔོ་བཀབ་མི་ཧ་ལམ་འདྲན་འདྲ་འགྱོ་ནི་ཨིནམ་མ་ཚད་ བརྩི་མཐོང་ཡང་ཆུང་ཀུ་འཚམས་ཅིག་སྦེ་ལུས་ནི་ཨིན་པས།
ཨིན་རུང་ཕྱོགས་གཅིག་ལས་མནོ་བསམ་གཏང་པ་ཅིན་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ གནས་ཡུན་ལོ་༥ གི་དོན་ལས་ བཀབ་ནེ་ཧོནམ་དང་ དཔའ་རྟགས་གནང་མི་དེ་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ འགན་ཁུར་ཐེབས་འབག་དགོཔ་ཡོད་པའི་ ངོས་འཛིན་ལུ་ཨིན་མས། དེ་འབདཝ་ད་ལོ་ངོ་༥་གི་གནས་ཡུན་ཚང་ཞིནམ་ལས་ ལོག་བཙག་འཐུ་གྲུབ་ན་མ་གཏོགས་ དེ་མིན་ བཀབ་ནེ་དང་དཔའ་རྟགས་ཚུ་ འཕྲོ་མཐུད་དེ་ ལག་ལེན་འཐབ་ནི་གི་ འོས་འབབ་མེདཔ་བཞིན་དུ་ འཐུས་མི་བགྲེསཔ་ཚུ་གིས་ཡང་ ལག་ལེན་མི་ནི་མ་རུངམ་ཅིག་ཨིན་རུང་ གཞུང་ལས་བཅའ་ཁྲིམས་ཅིག་མེད་ནི་འདི་གིས་ བློན་པོ་བགྲེསཔ་དང་ དྲགོས་བགྲེསཔ་ བློ་གྲོས་ཚོགས་སྡེའི་ འཐུས་མི་བགྲེསཔ་ དྲང་དཔོན་བགྲེསཔ་ རྫོང་རབ་བགྲེསཔ་ཚུ་གིས་ སྔར་ག་ཨིནམ་སྦེ་ བཀབ་ནེ་ཚུ་ བཀབ་མི་ལུ་བརྟེན་ གོ་གནས་ཐོག་ཡོད་མི་དང་ དགོངས་ཞུ་འབད་ཚར་མི་ཚུ་ ངོ་ཕྱེ་མ་ཚུགས་པར་ ལཱ་ཁག་བཏངམ་ཨིན་མས།
འདི་འབདཝ་ལས་ རབ་བྱུང་པ་ཅིན་ བཀབ་ནེ་བཀབ་ཆོག་མི་ཆོག་གི་ ལམ་ལུགས་གཅིག་མཚུངས་བཟོ་དགོཔ་དུས་ཚོད་རན་ཆི་ནུག།

 

སྔར་སྲོལ་བདག་འཛིན་འཐབ་དགོཔ།


རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ འབྲུག་པའི་ན་གཞོན་ཚུ་གིས་ ཕྱིའི་རྒྱལ་ཁབ་ཀྱི་ཁ་སྐད་དང་ལམ་སྲོལ་ལུ་ དང་འདོད་བསྐྱེད་མི་ལོ་གཅིག་བ་ལོ་གཅིག་ཡར་འཕར་འགྱོ་བཞིན་ཡོད་མི་དེ་ཚ་གྱང་ལང་དགོ་པའི་གཞི་ཅིག་ཨིན་མས། དེ་ཡང་ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པ་ན་གཞོན་ཚུ་གིས་མ་ཚད་པ་ ཐ་ན་རྒན་ཤོས་ཚུ་གིས་ཡང་ ཕྱི་རྒྱལ་ཁབ་ཀྱི་ཁ་སྐད་དང་ལམ་སྲོལ་ཚུ་ལུ་ བརྩི་མཐོང་སྦོམ་སྦེ་ར་བསྐྱེད་སར་མཐོངམ་མས། ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་དེ་ སྒྲིང་སྒྲིང་སྦེ་བདག་འཛིན་འཐབ་མ་ཚུགས་པ་ཅིན་ འབྲུག་གི་ངོ་རྟགས་འབྱང་ནིའི་ཉེན་ཁ་སྦོམ་ཡོདཔ་ཨིནམ་ག་ར་གིས་མཁྱེན་སར་ཨིན། དེ་འབད་ནི་འདི་གིས་ འབྲུག་མི་རེ་རེ་བཞིན་དུ་གིས་ ལམ་སྲོལ་བདག་འཛིན་འཐབ་ནི་ལུ་  བརྩོན་ཤུགས་བསྐྱེད་དགོ་པའི་ཁར་ འགན་འཁྲི་འབག་དགོ་པའི་དུས་ཚོད་མ་རན་ག་ཟེར་མནོཝ་མས།
རྒྱལ་ས་ཐིམ་ཕུག་ལུ་གཞི་བཙུགས་འབད་དེ་ཡོད་མི་ གྲོང་གསེབ་ཤེས་ཡོན་གཞི་ཚོགས་ཀྱིས་   འབྲུག་གི་སྐད་ཡིག་དང་ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ལུ་ ཐིམ་ཕུག་སྡེབ་སྲིད་ སྐད་ཡིག་དང་ལམ་སྲོལ་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་མི་དེ་  གནད་དོན་སྦོམ་ཡོདཔ་ཨིན་པས། གཞི་ཚོགས་ཀྱིས་ འབྲུག་གི་སྐད་ཡིག་དང་ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་ལུ་ མ་དངུལ་མེད་དེ་འབད་རུང་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ མ་དངུལ་འཚོལ་ཏེ་ སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་མི་དེ་ལུ་ ཡིད་ཆེས་ངལ་རངས་ཡོད་པའི་ཁར་ མིག་དཔེ་བཟང་པོ་ཅིག་ཨིན་མས། ག་ཅི་སྦེ་ཟེར་བ་ཅིན་ ད་ལྟོ་ཚུན་ གཞུང་དང་སྒེར་གྱི་ཐོག་ལས་ སློབ་གཉེར་གྲོགས་རམ་བྱིན་མི་ཚུ་ ཆ་མཉམ་ར་ ཕྱི་ཆོས་ཀྱི་དོན་རྐྱངམ་ཅིག་མ་གཏོགས་ ང་བཅས་རའི་སྐད་ཡིག་དང་ལམ་སྲོལ་   ཉམས་སྲུང་འབད་ནིའི་དོན་ལུ་ དེ་སྦེ་བྱིན་མི་མ་ཐོནམ་ཨིན་པས། སློབ་གཉེར་གྲོགས་རམ་གྱི་ མ་དངུལ་རྒྱབ་སྐྱོར་དེ་ཡང་ ཨེ་མི་རི་ཀ་ལུ་ཡོད་མི་ མོ་ཌིསི་གཞི་ཚོགས་ཀྱིས་འབད་ཡོདཔ་བཞིན་དུ་ གཞི་ཚོགས་དེ་གིས་སློབ་གཉེར་གྲོགས་རམ་འབད་མི་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་འགོ་དང་པ་ཨིན་མས། གྲོང་གསེབ་ཤེས་ཡོན་གཞི་ཚོགས་ཀྱིས་འབད་བ་ཅིན་ ད་རེས་ནངས་པ་ རང་གི་སྐད་ཡིག་དང་ལམ་སྲོལ་ལུ་ དང་འདོད་བསྐྱེད་མི་ལེ་ཤ་མེདཔ་ལས་བརྟེན་ སློབ་ཕྲུག་ཨ་ལུ་ཚུ་གིས་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་དང་ ལྷག་པར་དུ་ ན་གཞོན་ག་ར་ལུ་ཤེས་ཡོན་སྤྲོད་དགོ་ཟེར་མི་ ཤེས་རིག་གི་དམིགས་ཡུལ་འགྲུབ་ཐབས་ལུ་ཨིན་མས། གཞི་ཚོགས་ཀྱིས་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ཕམ་ཡ་བྲལ་སོང་མིའི་ ཨ་ལུ་ཚུ་དང་ ཟད་འགྲོ་གཏང་མ་ཚུགས་མི་ ཕམ་ཉམ་ཚུ་གི་ ཨ་ལུ་ཚུ་ གདམ་འཐུ་འབད་ནི་ཨིན་པའི་ ཁྱད་ཚད་བཟོ་ཡོད་མི་དེ་ཡང་ ཐབས་བྱུས་དྲག་ཤོས་ཅིག་ཨིན་པས།
གཞི་ཚོགས་ཀྱིས་ ད་ལྟོ་ཚུན་ སློབ་ཕྲུག་ཚུ་ལུ་ ཤེས་རིག་གི་ རྒྱབ་སྐྱོར་འབད་བའི་ཁར་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་མི་སློབ་ཕྲུག་ཚུ་ལུ་སློབ་གཉེར་གྲོགས་རམ་འབད་དེ་ཡོདཔ་ཨིན། ད་ལས་ཕར་སྒེར་གྱི་གཞི་ཚོགས་གཞན་ཚུ་གིས་འབད་རུང་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་དང་ལམ་སྲོལ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སློབ་གཉེར་གྱི་གྲོགས་རམ་ཚུ་བྱིན་པ་ཅིན་ ཉམ་ཆུང་ལུ་ཕན་ཐོགས་འབྱུང་ནི་རྐྱངམ་ཅིག་མིན་པ་ སྔར་སྲོལ་ལམ་ལུགས་བདག་འཛིན་འཐབ་ནི་ལུ་ ཐབས་ལམ་དྲག་ཤོས་ཅིག་ཨིནམ་ལས་ གཞུང་མིན་ལས་སྡེ་དང་སྦྱིན་བདག་འབྱོར་པ་ཅན་ཚུ་གི་མཁྱེན་ཚུགས་ནིའི་དོན་ལུ་    བརྡ་བརྒྱུད་ནང་དར་ཁྱབ་གཏང་དགོཔ་ཁག་ཆེ་བས་ཟེར་ཞུ་ནི་ཨིན།

ཞིབ་འཚོལ་འབད་ཐངས།


འཛམ་གླིང་རྒྱལ་ཁབ་ནང་ ཞིབ་འཚོལཔ་མང་ཤོས་ཅིག་གིས་ གནད་དོན་ག་ཅིའི་སྐོར་ལས་ཨིན་རུང་ ཞིབ་འཚོལ་གྱི་གཞི་རྟེན་རྒྱབ་ཁུངས་ ཨིང་སྐད་ནང་ལས་བཏོན་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ རང་སོའི་རྒྱལ་ཡོངས་སྐད་ཡིག་གི་ཐོག་ལས་ ཞིབ་འཚོལ་འབད་མི་ཡང་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ལུ་ དང་ཕུ་འབད་བ་ཅིན་ ཞིབ་འཚོལ་གྱི་རྒྱབ་རྟེན་གཞི་བཞག་ས་ ཆོས་འབྱུང་། རྒྱལ་རབས། རྣམ་ཐར་ཚུ་ཨིན་རུང་ བར་སྐབས་ཅིག་ལས་ མཁས་མཆོག་ཚུ་གིས་ གཞི་དེ་ཚུ་ལུ་བཞག་སྟེ་ ཞིབ་འཇུག་མཐིལ་ཕྱིན་འབད་དེ་རྩོམ་སྒྲིག་འབད་ཡོད་པའི་དཔེ་དེབ་ཚུ་བཏོན་ནི་འགོ་བཙུགས་ནུག
བར་སྐབས་ཅིག་ལས་ འཛམ་གླིང་ནང་བརྡ་དོན་འཕྲུལ་རིགས་ཡར་རྒྱས་འགྱོ་བའི་དུས་དང་བསྟུན་ཏེ་ གནད་དོན་ག་ཅི་ར་འབད་རུང་ ཡོངས་འབྲེལ་གྱི་ཐོག་ལས་ཐོབ་ཚུགས་ནི་འདི་གིས་ ཞིབ་འཚོལ་གྱི་ཐབས་ལམ་འཇམ་ཤོས་ཨིན་པས། ཨིན་རུང་ཡོངས་འབྲེལ་མང་ཤོས་ར་ ཨིང་སྐད་ནང་བཟོ་སྟེ་ཡོད་ནི་འདི་གིས་ ཨིང་སྐད་ཀྱི་ཤེས་ཡོན་མེད་མི་ཚུ་གིས་ གནད་དོན་ཆ་ཚང་སྦེ་ཧ་མ་གོ་མ་ཚུགས་པར་ ཞིབ་འཚོལ་འབད་ནི་ལུ་དཀའ་ངལ་བྱུངམ་ཨིན་པས། གཞན་དལ་གཞིར་ ཡོངས་འབྲེལ་ནང་ལུ་ རྒྱལ་ཡོངས་སྐད་ཡིག་ཐོག་ལས་ གནད་དོན་ག་ཅི་ར་འབད་རུང་འཐོབ་ཚུགས་པའི་ཐབས་ལམ་ཅིག་བཏོན་ཚུགས་པ་ཅིན་ དང་པ་ཨིང་སྐད་ཀྱི་ཤེས་ཡོན་མེད་མི་ཚུ་གིས་ ཞིབ་འཚོལ་འབད་ནི་ལུ་དཀའ་ངལ་མི་འབྱུང་ནི་དང་། གཉིས་པ་རྒྱལ་ཁམས་ཀྱི་ཆོས་དང་ལམ་སྲོལ་དང་འབྲེལ་བའི་གནད་དོན་ཚུ་ གནད་དོན་མ་འཛོལ་བར་ གོ་བརྡ་འཕྲོད་ཚུགས་ནི། གསུམ་པ་རྒྱལ་ཡོངས་སྐད་ཡིག་སྐད་ཡིག་གོང་འཕེལ་དང་ དར་ཁྱབ་གཏང་ཚུགས་པའི་ཐབས་ལམ་དྲག་ཤོས་ཅིག་ཨིན་པས། ཨིང་སྐད་ཀྱི་ཡོངས་འབྲེལ་མང་ཤོས་ནང་ར་ འབྲུག་དང་འབྲེལ་བའི་གནད་དོན་རེ་རེ་གཉིས་གཉིས་ རྫོང་ཁའི་མིང་ཚིག་ཨིང་སྐད་ནང་ལུ་ཕྱི་འགྱུར་སྦེ་ཚུད་དེ་ཡོད་ནི་འདི་གིས་ གོ་བ་འཛོལ་ཏེ་ལེན་ནིའི་ཉེན་ཁ་སྦོམ་འདུག
ད་ལྟོའི་གནས་སྟངས་ལུ་ལྟཝ་ད་ རྫོང་ཁའི་ཡོངས་འབྲེལ་དག་པ་ཅིག་བཟོ་སྟེ་ཡོད་མི་ཚུའི་ནང་ ཐུགས་འཆར་བཀོད་མི་གངམ་མ་ཐོན་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ཧ་གོ་མ་ཚུགས་ཟེར་ཞུ་ནི་ཨིན།

མི་སེར་དང་ཕྱད་ནིའི་ལས་རིམ་འདི་མཐར་འཁྱོལ་བྱུང་ནུག་ག


གཞུང་གིས་ སྤྱི་ལོ་༢༠༡༣ ཟླ་༨ པའི་ནང་ འགོ་བཙུགས་མི་ མི་སེར་ཚུ་དང་གཅིག་ཁར་ འཕྱད་ནི་གི་ལས་རིམ་དེ་ གཙོ་བོ་ར་མི་སེར་ཉམས་ཆུང་མགུ་འཐོན་མ་ཚུགས་མི་ཆ་ཁྱབ་ཀྱི་དོན་ལུ་ འཆར་གཞི་ལེགས་ཤོམ་ཅིག་ཨིནམ་སྦེ་གསལ་བཤད་གནང་ཡོདཔ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཞལ་འཛོམས་ཐེངས་༨༢ འགོ་འདྲེན་འཐབ་ཡོད་མི་དེ་ནང་ མི་༡,༠༠༠ ལྷགཔ་ཅིག་ འོང་ཡོད་མི་ལས་ བརྒྱ་ཆ་༦༠ ལུ་ དཀའ་ངལ་སེལ་དགོཔ་ཡོད་མི་ལུ་བརྟེན་ འབྲེལ་ཡོད་ཡིག་ཚང་ཚུ་ལུ་ སེལ་གནང་དགོ་པའི་ ཡི་གུ་བཏང་ཡོདཔ་བཞིན་དུ་ བརྒྱ་ཆ་༤༠ དེ་ སྐྱིད་སྡུག་དང་འབྲེལ་བའི་ གནད་དོན་ཨིནམ་ལས་ ཐག་བཅད་མ་ཚུགས་པས། དེ་མ་ཚད་ མི་༡,༠༠༠ ལྷགཔ་ཅིག་དང་ ཕྱད་མིའི་ནང་ལས་༣༠༩ རྐྱངམ་གཅིག་ གཞུང་སྐྱོང་ཚོགས་པའི་ རྒྱབ་སྐྱོར་འབད་མི་ཚུ་འོང་ཡོདཔ་ཨིན་པས།
གནད་དོན་གཙོ་བོ་ར་ གཞུང་གིས་ མི་སེར་དང་འཕྱད་ནིའི་ལས་རིམ་འགོ་བཙུགས་མི་དེ་ གཙོ་བོ་ར་ མི་སེར་ཚུ་ལུ་ བློན་ཆེན་དང་ བློན་པོ་ཚུ་དང་ གོ་ཡངས་ཐོག་འབྲེལ་བ་འཐབ་ནི་གི་གོ་སྐབས་བྱིན་ནི་དང་ གཞུང་གི་མཛད་རིམ་ཚུ་གི་སྐོར་ བསམ་འཆར་བརྗེ་སོར་དང་ བསམ་ལན་འབད་ཐབས་ལུ་ཨིན་པས།
ཨིན་རུང་བར་སྐབས་ཅིག་ལས་ ལས་རིམ་འདི་བཤོལ་བཞག་ཡོདཔ་ལས་ མི་སེར་ལུ་ཕན་ཐོགས་འདུག་ཟེར་མི་ལུ་ཐེ་ཚོམ་ཆགས་པའི་གཞི་ཅིག་ཨིན་པས་ཟེར་ཞུ་ནི་ཨིན།།

 

ཐིམ་ཕུག་དང་བར་པའི་ས་གི་མགྱོགས་ལམ།


640px-Thimphu_from_the_south_080907ལོ་ངོ་མང་རབས་ཅིག་འཆར་གཞི་བརྩམས་པའི་ཤུལ་ལུ་ སྤྱི་ལོ་༡༩༩༩ ལུ་ ཐིམ་ཕུག་དང་བར་པའི་ས་གི་མགྱོགས་ལམ་གྲུབ་ཡོད་ནི་འདི་གིས་    སྣུམ་འཁོར་གཏང་ནི་ལུ་སྟབས་བདེ་ཏོག་ཏོ་སོང་ཡོད་རུང་ རེ་ཚེ་སྐབས་སྣུམ་འཁོར་ཤུགས་ཚད་བཀག་མ་ཚུགས་པར་ཐུག་རྐྱེན་བྱུང་མི་བཀག་ཐབས་ལུ་ སྣུམ་འཁོར་ཤུགས་ཚད་ཕབ་ནིའི་འབུར་བཏོན་བམ་པར་བཟོ་ཡོད་མི་འདི་   ཚན་རིག་དང་མཐུན་པའི་བཟོ་བཀོད་མེདཔ་ཨིན་པས། སྣུམ་འཁོར་བཏང་མི་ མང་ཤོས་ཅིག་གིས་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་གཏང་ནི་དེ་ ཉེན་སྲུང་མིན་འདུག་ཟེར་ཨིནམ་ད་ ཧེ་མ་མགྱོགས་ལམ་སྦུག་བདའ་སྟེ་ ལྕགས་ཀྱི་རཝ་རྐྱབ་ཡོད་མི་དེ་ ཤུབས་བཀོག་བའི་ཤུལ་ལུ་ མི་ཚུ་གིས་ག་ལྷོད་སྦེ་ འཁོར་ལམ་སྐེདཔ་བཏོགས་འགྱོཝ་མས་ཟེར་ ལམ་རྐེད་པར་བཏོག་འགྱོ་ས་བཟོ་ཡོད་རུང་ མི་ཚུ་གིས་སྣང་མེད་སྦེ་ལམ་རྐེད་པར་བཏོགས་ཏེ་འགྱོ་ནི་འདི་གིས་ སྟབས་བདེ་ཏོག་ཏོ་མེད་པའི་སྐོར་ལས་ ལ་ལུ་ཅིག་གིས་འབྲེལ་ཡོད་དབང་འཛིན་ལུ་སྙན་ཞུ་ཕུལ་ཡོད་རུང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དང་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འཇམ་ཏོང་ཏོ་སྦེ་ལཱ་འབད་ནི་ལུ་ཁ་མི་བཟེད་དོ་ཡོདཔ་ཨིན་པས།

fly over

ཨིན་རུང་ཐིམ་ཕུག་ཁྲོམ་དཔོན་གྱིས་འབད་བ་ཅིན་ རྐང་འགྲུལ་པ་ཚུ་གིས་ ལམ་ལུགས་དང་མ་འཁྲིལ་བ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠༠རེ་བཀལ་འོང་ཟེར་ཨིནམ་ད་ ཐིམ་ཕུག་དང་བར་པའི་སའི་མགྱོགས་ལམ་ ཀི་ལོ་མི་ཊར་༦འབད་མི་དེ་    མགྱོགས་ལམ་མེན་པར་ ཁྲོམ་སྡེའི་འཁོར་ལམ་བཀོད་ཁྲམ་ཨིན་ཟེར་ཨིན་པས། ད་རུང་རྒྱ་གར་གྱི་སྲིད་བློན་མཆོག་ རྒྱལ་ཁབ་ནང་གཟིགས་སྐོར་ལུ་མ་བྱོན་པའི་ཧེ་མར་ ལྕགས་ཀྱི་རཝ་ཤུབས་སྟེ་འབུར་བཏོན་བམ་པར་༡༡དང་ ཟེབ་ར་ཀོ་རསི་བཟོ་མི་དེ་ལུ་ དངུལ་ཀྲམ་ས་ཡ་༢དེ་ཅིག་གནས་ཡི་ཟེར་ཨིནམ་ད་ དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ ཁྲོམ་སྡེ་ དེ་ལས་ སྐྱེལ་འདྲེན་དབང་འཛིན་དང་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་ཤུལ་ལུ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས། ཐིམ་ཕུག་བར་པའི་ས་གི་མགྱོགས་ལམ་བར་ན་ ལྕགས་ཀྱི་དྲྭ་མིག་གི་ར་བ་བཏོན་བཏང་མི་འདི་གིས་ སྣུམ་འཁོར་བཏང་མི་དང་ འགྲོ་འགྲུལ་འབད་མི་གཉིས་ཆ་ར་ལུ་ ཚ་གྱང་ལང་བཅུག་སྟེ་སྦེ་འདུག མགྱོགས་ལམ་འདི་གི་བར་ནའི་དྲྭ་མིག་ཚུ་ཡང་ སྤྱི་ལོ་༢༠༡༥་སྤྱི་ཟླ་༦་པའི་ནང་ལུ་ རྒྱ་གར་གྱི་སྲིད་བློན་ན་རེན་དར་མོ་དི་བྱོན་པའི་སྐབས་ བཏོན་བཏང་སྟེ་ཡོདཔ་ཨིན། བར་པའི་ས་གི་མགྱོགས་ལམ་བདའ་སྟེ་ སྣུམ་འཁོར་བཏང་མི་ཚུ་གིས་སླབ་མི་ནང་ མགྱོགས་ལམ་གྱི་བར་ན་ལུ་ རཝ་མེད་པའི་བསྒང་ལས་ མི་ཚུ་གིས་སྣུམ་འ་ཁོར་འགྱོ་སྡོད་པའི་བར་ན་རང་ ཧང་སྟོང་མར་ ལམ་སྐེདཔ་བཏོག་སྟེ་འོང་དོ་ཡོདཔ་ལས་ ཉེན་ཁ་ཆེ་བས་ཟེར་ཨིན་རུང་ ཐིམ་ཕུག་ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ མགྱོགས་ལམ་བདའ་གི་ལྕགས་ཀྱི་ར་བ་འགོར་ནི་འདི་གིས་ ཧེང་སྐལ་ར་སྣུམ་འཁོར་ཐུག་རྐྱེན་འབྱུང་བཅུག་དོ་ཡོདཔ་ལས་བཏོན་བཏང་ཡི་ཟེར་ཨིན་མས།640px-Thimphu_from_the_south_080907

མི་ཚུ་གིས་སླབ་མི་ནང་ མགྱོགས་ལམ་འདི་བདའ་སྟེ་ ཁྲོམ་སྡེ་གི་ཁ་ཐུག་ལས་ མི་འགྱོ་སའི་ཟམ་བཟོ་བྱིན་རུང་བཏུབ་པས་ཟེར་ཨིན་མས། ཨིན་རུང་འདི་ལུ་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ འཁོར་ལམ་གྱི་ལྟག་ལས་མི་འགྱོ་སའི་ཟམ་རྐྱབ་ནི་འདི་ ཟད་འགྲོ་འཕྲོ་བརླག་འགྱོ་དོ་ཡོདཔ་ལས་ འདི་བཟུམ་གྱི་མཐུན་རྐྱེན་འདི་ ལམ་འོག་ལུ་བཟོ་ནི་གི་འཆར་གཞི་ཡོད་ཟེར་ཨིན་རུང་ ལག་ལེན་འཐབ་ནི་ལུ་དུས་ཚོད་འགོར་འོང་ཟེར་ཨིན་པས།

ཤའི་ལས་འགུལ།


འབྲུག་རྒྱལ་ཁབ་འདི་ ཡར་རྒྱས་གོང་འཕེལ་མགྱོགས་དྲགས་སྦེ་འགྱོ་བའི་ནམ་དུས་ལུ་ གཞུང་གི་ཁ་ཐུག་ལས་ གོང་འཕེལ་གྱི་གཞི་རྟེན་མཐུན་རྐྱེན་གྱི་རིགས་ཚུ་ ས་གནས་མཐའ་དབུས་མེད་པར་གཞི་བཙུགས་གནང་སྟེ་ཡོདཔ་མ་ཚད། མི་སེར་ཚུ་རང་མགོ་རང་འདྲོང་གི་དོན་ལུ་ ཟ་ཆས་དང་སྐྱ་རྣམ་གྱི་རིགས་ཚུ་ ཕྱི་རྒྱལ་ཁབ་ལས་ནང་འདྲེན་འཐབ་མི་དགོ་པར་ རྒྱལ་ཁབ་ནང་འཁོད་ལས་ལང་ཚུགས་པའི་ཐབས་ལམ་ལེ་ཤ་ར་བཏོན་པའི་གྲས་ལས་ ལོ་ངོ་༥པའི་འཆར་གཞི་༡༡པའི་ནང་ ནང་འཁོད་ཀྱི་ཚོད་བསྲེའི་རིགས་ཚུ་ ག་དེ་མང་མ་ཚོང་འབྲེལ་འཐབ་ནིའི་གཙོ་རིམ་བཟུང་མི་དེ་ དུས་ཚོད་བསྟུན་པའི་འཆར་གཞི་གལ་ཅན་ཅིག་ཨིནམ་ལས་ སོ་ནམས་ལས་ཁུངས་ལུ་བཀའ་དྲིན་དགའ་ཚོར་ཞཝ་དགོཔ་ཨིན་པས།

རྒྱལ་ཁབ་ནང་འཁོད་ལུ་ཤའི་ལས་འགུལ་གཞི་བཙུགས་ཀྱི་གྲ་འགྲིག་འདི་ སྤྱིར་བཏང་ལུ་རྒྱལ་ཁབ་ཀྱི་མིང་དོན་དང་རྩ་ལས་མ་མཐུནམ་ཅིག་ཨིནམ་ལས་ རྒྱལ་ཁབ་གཞན་གྱིས་ཁ་གཏང་ནིའི་གཞི་རྐྱངམ་གཅིག་མིན་པར་ སྔོན་མ་ལས་ལོ་བསྟར་རང་ཟླ་༤དང་༥་པ་གཉིས་ལུ་ ཤ་བཀག་དམ་འབད་སྲོལ་ཡོད་མི་དང་ རྒྱལ་འགལ་འགྱོ་ནི་ཨིན་པས། གཙོ་བོ་ དམར་གསད་ཀྱི་ལཱ་ལུ་བརྟེན་ ཆོས་སྐྱོང་སྲུང་མ་དང་ གནས་བདག་གཞི་བདག་ཚུ་ཐུགས་ཁྲོས་ཏེ་ རྒྱལ་ཁབ་ནང་འབྱུང་བཞིའི་རྐྱེན་ངན་དང་ ནད་ཡམ་མུ་གེ་ ནང་འཁྲུགས་འབྱུང་ནི་གི་ཉེན་ཁ་སྦོམ་ཡོདཔ་ལས་ མི་སེར་རྣམ་རྟོག་ལངས་སེམས་འཁྲུལ་རུང་ འབད་ཐབས་ག་ནེ་ཡང་མེད་པར་ ད་རིས་ནངས་པ་མི་སྡེའི་བརྡ་བརྒྱུད་ནང་ རང་སོའི་བསམ་འཆར་བརྗེ་སོར་འབདཝ་ཨིན་པས།
དེ་སྦེ་མནོ་བསམ་བཏང་སྟེ་སྡོད་པའི་བར་ན་ མནོ་བའི་ཤིང་ཁར་བསམ་པའི་བྱ་འཁོར། ཟེར་དོ་བཟུམ་སྦེ་ གཞུང་གྲྭ་ཚང་དགེ་འདུན་དམངས་ཀྱིས་ ཤའི་ལས་འགུལ་གྱི་འཆར་གཞི་ཆ་མེད་གཏང་དགོ་པའི་རྒྱབ་ཁུངས་གསལ་རི་རི་སྦེ་གནང་ནི་འདི་གིས་ གཞུང་ཡང་ཐབས་ར་མེད་པར་ ཤ་གསད་ཁང་བཙུགས་ནི་མིན་པའི་སྒྲུབ་བྱེད་བཀོད་མི་ག་དེ་སྦེ་ར་ཨིན་རུང་ དོན་མཐརཐུག་ཤ་གསད་ཁང་མ་བཙུག་པ་ཅིན་ ནོར་སེམས་ཅན་མང་རབས་ཅིག་ ཚེ་མ་རྗོགསཔ་ལས་ལྗགས་མི་རྫོགས་ནི་དང་ མི་མང་ཤ་ཟ་སྟེ་རྣམ་སྨིན་མྱོང་མི་དགོ་པའི་ཕན་ཐོགས་སྦོམ་འབྱུང་ཚུགས་ནི་ཨིན་པས།

དེ་ལས་བརྟེན་གཞུང་གྲྭ་ཚང་འཕགས་པའི་དགེ་འདུན་གྱིས་ ཤའི་ལས་འགུལ་བཀག་ཆག་འབད་དགོ་པའི་གྲོས་འབུལ་ཅིག་གཞུང་ལུ་གནང་མི་དེ་ལུ་ཐུགས་བཞེད་ཐེབས་ཅིག་གནང་དགོཔ་འདུག་ཟེར་མནོཝ་མས། ད་རེས་སྤྱི་ཚོགས་༢པའི་ཚོགས་ཐེངས་༥པའི་ནང་ དྲི་བཀོད་ཀྱི་སྐབས་ལུ་ འཐུས་མི་ཚུ་གིས་གཅིག་ཤུལ་གཉིས་ཤུལ་སྦེ་ ཤའི་ལས་འགུལ་གྱི་སྐོར་ལས་དྲི་བ་བཀོད་རུང་ ནང་སྲིད་བློན་པོ་གིས་ དེའི་སྐོར་ལས་སོ་ནམས་ལྷན་ཁག་གི་འཆར་གཞི་བརྩམས་ཏེ་ཡོདཔ་མ་གཏོགས་ ལྷན་རྒྱས་གཞུང་ཚོགས་ནང་གསུང་གྲོས་གནང་གནངམ་མེད་པའི་ལོ་རྒྱུས་གསལ་ཞུ་འབད་མི་ལུ་ འཐུས་མི་ལ་ལུ་གིས་ དམངས་གཙོའི་གཞུང་གི་རིང་ལུགས་ལུ་ནང་ལུ་ དེ་བཟུམ་གྱི་ལས་འགུལ་གཞི་བཙུགས་ཀྱི་སྐོར་རྒྱུས་མེད་པའི་ལོ་རྒྱུས་ཞུ་མི་དེ་ལུ་ ཡིད་མ་ཆེས་བའི་ཁུངས་བཀལ་ཡོད་རུང་ སོ་ནམས་བློན་པོ་གིས་ རྒྱ་གར་ལས་ནང་འདྲེན་འབད་མི་ཤའི་རིགས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ལེགས་བཅོས་འབད་ནི་མ་གཏོགས་ སྲོག་གཅོད་ཀྱི་ལཱ་རྒྱལ་ཁབ་ནང་འཁོད་འབད་ནི་མིན་པའི་སྐོར་ལས་བདེན་ཁུངས་བཀལ་མི་དེ་བདེན་ཚོད་ག་དེ་སྦེ་འོང་ག་ཟེར་མནོཝ་མས། 

 

ཤ་ཟ་བའི་ཉེས་དམིགས།


མི་མང་ཤོས་ཀྱིས་ རང་ཤ་ཟ་དགོ་མནོ་སྟེ་ གཞན་ལུ་ཤ་འ་ནེ་ཅིག་འབག་ཤོག་ཟེར་ མཁོ་མངགས་འབད་མི་དེ་ལུ་ ཤ་ཟ་བའི་ཉེས་པ་རྐྱངམ་གཅིག་མ་གཏོགས་ སྲོག་གཅོད་ཀྱི་རྣམ་སྨིན་མྱོང་མི་དགོ་པའི་མནོ་བསམ་བཏང་མི་དེ་འཛོལ་བ་ཨིན་པས། གཞན་ལུ་རྒྱུད་སྐུལ་འབད་བའི་སྲོག་གཅོད་ཀྱི་ལས་འདི་ རང་གིས་ར་མྱོང་དགོཔ་མ་ཚད་ གཞན་ལུ་གསད་བཅུག་མི་དེ་ སྡིག་པའི་ལས་བགོ་བཤའ་རྐྱབ་སྟེ་ སྡུག་བསྔལ་མྱོང་དགོཔ་ཨིན་པས།

དེ་མ་ཚད་སྤྱིར་བཏང་ཤའི་ཆེད་དུ་ སེམས་ཅན་སྲོག་བཅད་མི་འདི་བ་ ཤ་ཟ་མི་འདི་ཉེས་པ་ཆེ་བའི་ཚུལ་  ལུང་ལས། གསོད་པོ་ནོར་ལ་སྲེད་པ་དག །བསྐལ་བ་འབུམ་དུ་འཚེད་པར་འགྱུར། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པར་འགྱུར། །ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ སེམས་ཅན་གསད་མི་འདི་ བསྐལ་པ་འབུམ་ཕྲག་གཅིག་གི་རིང་ལུ་ དམྱལ་བའི་བཙོ་སྲེག་གི་སྡུག་བསྔལ་མྱོང་དགོཔ་ད། ཤ་ཟ་མི་ཚུ་ དེ་ལས་ལོག་བལྟབ་ ཚར་བཅུ་ཐམ་གྱིས་ཡུན་རིངམ་སྦེ་བསྐལ་པ་བྱེ་བ་གཅིག་གི་རིང་ལུ་ བཙོ་སྲེག་གི་སྡུག་བསྔལ་མྱོང་དགོཔ་ཡོདཔ་ལས་ ལས་རྣམ་སྨིན་ལྕི་ཡང་གི་ཁྱད་པར་གསུངས་ཡོད་མི་འདི་གིས་ སེམས་ཅན་སྲོག་གཅད་མི་བ་ ཤ་ཟ་མི་ཉེས་པ་ཆེ་དྲགས་ཨིནམ་ཤུགས་ཀྱིས་ཧ་གོ་བས།

ཤ་ཟ་བའི་ཉེས་དམིགས་དང་སྤངས་པའི་ཕན་ཡོན། 

ཤ་ཟ་ནི་དེ་ ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་།  གསང་སྔགས་ཀྱི་སྐབས་ལུ་ཁྱད་མེདཔ་སྦེ་རྩིས་མི་དེ་ ཐོས་པའི་ཤེས་རབ་ཉུང་པའི་སྐྱོན་ཨིན་མི་དེ་ཡང་ ལུང་ལས། གང་ཞིག་ཤ་ཁྲག་ལོངས་སྤྱོད་ནི། །ཁམས་གསུམ་ཕུང་བར་བྱེད་པའི་ཟས། །ཐར་པའི་སྲོག་རྩ་གཅོད་པའི་མཚོན། །བྱང་ཆུབ་ས་བོན་བསྲེག་པའི་མེ། །དལ་འབྱོར་མཐོ་རིས་འཇོམས་པའི་ཐོག །སུས་ཀྱང་ཟ་བར་མི་རུང་ན། །རྒྱལ་བའི་བསྟན་ལ་རབ་བཞུགས་པའི། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས། །དགེ་ཚུལ་དགེ་སློང་ཁྲུམས་ལྡན་པས། །བཟའ་བར་ནམ་ཡང་མ་གནང་ངོ་། །བྱང་ཆུབ་སེམས་དཔའི་ལམ་ཞུགས་པས། །ཕ་མར་གྱུར་པའི་སེམས་ཅན་ཤ །ཟོས་པའི་ཉེས་དམིགས་རྒྱ་ཆེར་འགྱུར།།ཟེར་སྔོན་བྱོན་རྒྱལ་བ་གོང་མ་ཚུ་གིས་ ཤ་ཁྲག་དུག་ཟས་བཟུམ་སྤངས་དགོཔ་སྦེ་གསུངས་ཏེ་ཡོད། ད་རེས་རིག་གསར་གྱི་ལམ་ལུགས་ལས་ཡང་ ཨེ་ཤི་ཡ་དང་ ཡུ་རོབ་ དེ་ལས་ ཨེ་མི་རེ་ཀ་རྒྱལ་ཁབ་ཀྱི་ གསོ་བའི་མཁས་མཆོག་ཚུ་གིས་འབད་རུང་ འཛམ་གླིང་ཚ་དྲོད་ཡར་འཕར་དང་ འབྱུང་བཞི་འཁྲུགས་པའི་རྐྱེན་ངན་ཚུ་མར་ཕབ་འབད་དགོ་པ་ཅིན་ ཤ་ཟ་ནི་སྤང་དགོ་པའི་སྐོར་ལས་ བརྡ་བརྒྱུད་ནང་ཁྱབ་བསྒྲགས་འབད་བཞིན་ཡོད། དེ་མ་ཚད་ཇ་པཱན་དང་ ཨིན་ཌོ་ནེ་ཤི་ཡ་ ཐའི་ལེནཌ་རྒྱལ་ཁབ་ཚུ་ནང་ རྒྱ་མཚོའི་རྦ་རླབས་ཀྱི་གནོད་པ་ལུ་བརྟེན་ མི་ས་ཡ་ལས་བཅད་དེ་ཤི་རྐྱེན་བྱུང་མི་ཚུ་ གཙོ་བོ་ར་ ཉམས་དགའ་བའི་ཞོར་ཁར་ ཆུ་ནང་གི་སྲོག་ཆགས་གྱངས་ཁ་མ་ཆོདཔ་ཅིག་ བསད་ཟ་བའི་རྣམ་སྨིན་གྱིས་ཨིནམ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་པས།

མ་གཞི་དམ་པའི་ཆོས་ཟེར་མི་དེ་ སེམས་ཅན་ལུ་གནོདཔ་བཀལ་ནི་སྤང་མི་ཅིག་ཨིནམ་སྦེ སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ཚུལ་ བསྟན་བཅོས་བཞི་བརྒྱ་པ་ལས་ཡང་། མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཟེར་ཡོདཔ་ཨིན། སེམས་ཅན་ལུ་སྡི་ཆེ་སྙིང་རྗེ་ག་ནི་ཡང་མེད་པར་ཤ་ཟ་བ་ཅིན་ ཆོས་ལྡན་རྒྱལ་ཁབ་ནང་སྐྱེས་རུང་ ནང་གི་སེམས་འདི་ གཅན་གཟན་སྟག་དང་གཟིག་ དེ་ལས་ཤ་ཟ་སྲིན་པོ་བཟུམ་ཨིནམ་སྦེ་ རྒྱུད་དགོངས་པ་ཟངས་ཐལ་ལས་ ཨོ་རྒྱན་རིན་པོ་ཆེ་གིས་གསུངས་ཏེ་ཡོད།

དེ་སྦེ་ཨིན་རུང་ ཤ་ནི་སྙིང་རྗེ་ཅན་གྱིས་ཟ། །ཆང་ནི་དམ་ཚིག་ཅན་གྱིས་འཐུང་། །ཟེར་གསུངས་མི་འདི་ དམིགས་པ་མེད་པའི་སྙིང་རྗེ་ཚུ་ རང་གི་སེམས་ལུ་བརྟན་པ་ཐོབ་པའི་ཁར་ ཤ་དང་ཆང་ཨིན་ཟེར་བའི་རྣམ་རྟོག་གི་འདུ་ཤེས་ནུབ་ཞིནམ་ལས་ བདུད་རྩིའི་ངོ་བོར་མཐོང་བའི་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལུ་འཁྲུངས་ཡོད་པ་ཅིན་ ཤ་ཆང་ལུ་ལོངས་སྤྱོད་ཆོག་པའི་གནང་བ་སངས་རྒྱས་ཀྱིས་གནང་སྟེ་ཡོདཔ་ཨིན། ཤ་ཟ་ནི་སྤངས་དཔ་འདྲཝ་ཅིག་འབད་བ་ཅིན་ སྡོམ་པ་དང་ཚུལ་ཁྲིམས་ཡང་འདི་ཨིན་ཟེར་ སྤྱོད་འཇུག་ནང་ལུ་ ག་ནེ་བ་གསལ་ཏོག་ཏོ་སྦེ་གསུངས་ཏེ་ཡོདཔ་ཨིན་པས།

སེམས་ཅན་ལུ་གནོད་པ་སྤངས་བའི་དགེ་བ་ལུ་བརྟེན་ གནས་སྐབས་མཐོ་རིས་ལྷ་དང་མིའི་གོ་འཕང་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡང་འཐོབ་ནི་ཡོད་པའི་ཁར་ ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་ལམ་སྣ་ཡང་ཟིན་ཚུགསཔ་སྦེ་ རྗེ་བཙུན་མི་ལ་རས་པ་གིས། ཤ་ཁྲག་ཟས་སུ་མ་བཟའ་ན། །མཐོ་རིས་ཐར་པ་ཐོབ་པ་ཡིན། །འགྲོ་ལ་འཚེ་བ་སྤངས་པ་ན། །བྱང་ཆུབ་ལམ་སྣ་མྱུར་དུ་ཟིན། །ཟེར་གསུངས་ཡོདཔ་ལས་ ང་བཅས་ར་ག་ར་གིས་ ཤ་ཟ་བ་ཅིན་སྡིག་པ་ལྕི་དྲགས་དང་ ཤ་མ་ཟ་བ་ཅིན་ ཕན་པ་ཚད་མེདཔ་ཅིག་ཡོད་མི་ལུ་ཐུགས་བཞེད་གནང་སྟེ་ རབ་བྱུང་པ་ཅིན་ཤ་རྩ་ལས་ར་མི་བཞེས་ནིའི་དམ་བཅའ་དང་། འབྲིང་ཚེས་བཟང་དུས་བཟང་གི་སྐབས་ལུ་ཤ་སྤང་། དེ་མིན་རུང་ ག་དེ་ཉུང་ཉུ་སྦེ་བཞེས་ནི་གི་ཐབས་ལམ་བཏོན་གནང་ཟེར་ཞུ་ནི་ཨིན།

 

ལོ་བསྟར་བཞིན་དུ་རང་སྲོག་གཅད་མི་ཡར་འཕར་འགྱོ་དོ་ཡོདཔ།


ཁྲིམས་སྲུང་འགག་སྡེའི་ཐོ་བཀོད་དང་འཁྲིལ་བ་ཅིན་ འབྲུག་ལུ་སྤྱི་ལོ་༢༠༡༤ལོར་ མི་གྲངས་༨༤གིས་ རང་སྲོག་བཅད་ཡོད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༥སྤྱི་ཟླ་༡པ་ལས་ སྤྱི་ཟླ་༤པའི་ཚེས་༣༠ཚུན་ མི་གྲངས་༢༢ཀྱིས་ རང་སྲོག་བཅད་ཡོད་མི་འདི་ ཚ་གྱང་ཆེ་བའི་གཞི་ཅིག་ཨིན་པས།

མ་གཞི་རང་སྲོད་བཅད་དགོ་པའི་རྒྱུ་རྐྱེན་སོ་སོར་ཡོད་རུང་ ཁྱབ་ཆེ་ཤོས་ཅིག་ བཟའ་ཚང་གི་དཀའ་ངལ་དང་ ཕོ་མོའི་བར་ན་མ་འགྲིགཔ་ སྨྱོ་རྫས་ལས་བརྟེན་ཏེ་ཨིནམ་བཟུམ་ཅིག་ཨིན་པས།

ནང་པའི་ཆོས་ནང་ལས་ སྐྱེ་བའི་མཐའ་མར་ཤི་དགོཔ་དང་ ག་ཅི་ར་འབད་རུང་ ཚེ་སྔོན་མའི་ལས་ལུ་བརྟེན་ཏེ་བྱུང་དོ་ཡོདཔ་ལས་ དུས་ཚོད་ལུ་ལྷོད་པའི་ཚེ་ཟུར་ཐབས་མེད་པར་ མི་ཚེ་རྫོགས་དགོ་པའི་ཡིད་ཆེས་བསྐྱེདཔ་ཨིན་རུང་ ཚེ་ད་ལྟོའི་བར་རྐྱེན་ལུ་བརྟེན་ཏེ་ དེ་བཟུམ་གྱི་རྐྱེན་ངན་འབྱུངམ་སྲིད་ནི་ཨིན་པས།

ག་དེ་སྦེ་ར་ཨིན་རུང་ ཚེ་ད་ལྟོ་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་ལུ་ ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ གཞན་དོན་འགྲུབ་མ་ཚུགས་རུང་ རང་གི་བཟའ་ཚང་མཐའ་སྐྱོང་འབད་ཚུགསཔ་ཅིག་འབད་རུང་ དྲག་ནི་ཨིན་རུང་ དེ་མིན་པར་རང་སྲོག་གཅད་པ་ཅིན་ སྐྱེ་བ་ལྔ་བརྒྱ་རང་སྲོག་གཅད་དགོ་ཟེར་ཡིད་ཆེས་བསྐྱེདཔ་ཨིན་པས།

གནས་ཚུལ་ཐོབ་དབང་དཔྱད་ཡིག། ?


གོ་རྒྱུས་གོ་དོ་བཟུམ་ཨིན་པ་ཅིན་ འབྲུག་གི་གནས་ཚུལ་ཐོབ་དབང་གི་དཔྱད་ཡིག་ཟིན་བྲིས་དེ་ སྤྱི་ལོ་༢༠༠༦དེ་ཅིག་ལས་ བརྒྱུད་འབྲེལ་ལྷན་ཁག་ལུ་ཕུལ་ཏེ་ དབྱེ་ཞིབ་མ་བཏུབ་སྦེ་འབད་དེ་ ལོ་ངོ་མང་རབས་ཅིག་སོང་པའི་ཤུལ་ལུ་ སྤྱི་ལོ་༢༠༠༨ལུ་ དམངས་གཙོའི་གཞུང་དབུ་བརྙེས་ཞིནམ་ལས་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༢པའི་ནང་ གྲོས་གཞིའི་གྲངས་སུ་ཕུལ་ཡོད་རུང་། གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་མ་ཤེས་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གི་སྐབས་ལུ་གསུང་གྲོས་གནང་མ་ཚུགས་རུང་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ སྤྱི་ཚོགས་དང་པའི་ནང་ར་ གྲོས་གཞི་གཙོ་བོ་ཅིག་སྦེ་བཙུགས་ཡོད་རུང་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ རྩ་ཁྲིམས་ཆེན་མོའི་ནང་ འབྲུག་པའི་མི་སེར་ཡོངས་ལུ་ གནས་ཚུལ་ཐོབ་དབང་གི་རྩ་ཚན་ཅིག་བཀོད་དེ་ཡོདཔ་ལས་ ལོགས་སུ་སྦེ་བཅའ་ཁྲིམས་བཟོ་མི་དགོ་པའི་བསམ་འཆར་བཀོད་ཡོདཔ་མ་ཚད་ ག་དེམ་ཅིག་སྦེ་དགོ་རུང་ མི་མང་གི་བསམ་ལན་བསྡུ་ནིའི་དོན་ལུ་ ཤུལ་མའི་ཚོགས་བཞུགས་ནང་གསུང་གྲོས་གནང་ནི་སྦེ་ཆ་འཇོག་གྲུབ་ཨིན་པས། 
མ་གཞི་བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ སྲིད་བྱུས་ཟིན་བྲིས་དེ་ མི་མང་ལས་ བསམ་ལན་བསྡུ་ནིའི་དོན་ལུ་ མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ནང་བཙུགས་ནུག གཅིག་ལས་ལྟ་བ་ཅིན་ འབྲུག་མི་མང་ཤོས་ཀྱིས་ ཡོངས་འབྲེལ་ནང་ལྷག་ནིའི་གོ་སྐབས་མ་ཐོབ་མ་ཚད་ ལ་ལུ་ཅིག་གིས་ལྷག་ནིའི་རིག་རྩལ་མེདཔ་ལས་བརྟེན་ དངོས་སུ་སྦེ་རྒེད་འོག་གི་གནས་ཚད་ལས་མི་མང་གི་བསམ་འཆར་བསྡུ་ཚུགས་པ་ཅིན་ ལེགས་ཆ་ཆེ་ནི་ཨིན་རུང་ དེ་སྦེ་མ་མཛད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ཧ་གོ་མ་ཚུགས།

གནས་ཚུལ་གྱི་ཐོབ་དབང་དཔྱད་ཡིག་འདི་ བཅའ་ཁྲིམས་སྦེ་ཆ་འཇོག་འགྲུབ་པ་ཅིན་ གཞུང་སྐྱོང་ནང་ མི་སེར་གྱིས་བཅའ་མར་དངོས་སུ་གཏོགས་མ་ཚུགས་རུང་ གནད་དོན་ཚུ་དྭངས་གསལ་ཅན་དང་ འགན་འཁྲི་ཅན་བཟོ་ནི་གི་ཕན་པ་ལེ་ཤ་ཡོདཔ་བཞིན་དུ་ གཞུང་གསརཔ་གིས་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ བཅའ་ཁྲིམས་དེ་ལུ་ ངོས་ལེན་འབད་ནི་གི་ཁས་བླངས་འབད་ཡོདཔ་ཨིན།

དཔྱད་ཡིག་དེ་ལུ་བརྟེན་པའི་ ཕན་གནོད་ག་དེ་སྦེ་ར་འོང་ནི་ཨིན་རུང་ གནས་ཚུལ་གྱི་ ཐོབ་དབང་དཔྱད་ཡིག་ཟིན་བྲིས་བཀོད་དེ་ལོ་༧ གྱི་ཤུལ་ལས་ གཞུང་འབྲེལ་ཐོག་ གྲོས་བསྡུར་གནང་ས་མཐོངམ་ལས་ ག་དེ་སྦེ་ཨིན་ན་ཧ་གོ་མི་ཚུགས་པས། མ་གཞི་གནས་ཚུལ་ཐོབ་དབང་གི་བཅའ་ཁྲིམས་ཅིག་ཡོད་པ་ཅིན་ དེ་གིས་བརྡ་བརྒྱུད་རྐྱངམ་ཅིག་མིན་པར་ སྤྱིར་བཏང་མི་མང་གི་དོན་ལུ་དགོས་མཁོ་ཆེ་ཏོག་ཏོ་ཅིག་ཨིནམ་འདི་ ལོགས་སུ་སྦེ་ཁུངས་བཀལ་དགོཔ་མིན་ནུག།
ད་ལྟོའི་གནས་སྟངས་ལུ་ཆ་དཔག་པ་ཅིན་ བརྡ་བརྒྱུད་བཟུམ་ཅིག་ལུ་ཆ་བཞག་རུང་ ངན་ལྷད་ཀྱི་གནད་དོན་ཅིག་ནང་ གཞུང་སྐྱོང་གི་ཆེ་མཐོའི་གོ་གནས་འཆང་མི་ཅིག་འབྲེལ་བ་ཡོད་པ་ཅིན་ བརྡ་བརྒྱུདཔ་ཅིག་གིས་ གནས་ཚུལ་རྩོམ་སྒྲིག་འབད་ནི་ལུ་ མགོ་རྙོགས་དྲག་སྦེ་ གནད་དོན་དེ་འགོ་ལས་མཇུག་ཚུན་ཧིང་སངས་ས་སྦེ་ གནས་ཚུལ་བཏོན་ནི་འཇམ་ཏོང་ཏོ་མིན་ནུག། ག་དེམ་ཅི་སྦེ་གནས་ཚུལ་བཀྲམ་ད་པ་ཅིན་ དབང་ཚད་ཅན་དེ་གིས་ བརྡ་བརྒྱུད་ལས་ཁང་དེ་ལུ་ཧེད་བཏགས་འཚོལ་རུང་ རྒྱབ་གཏད་ཀྱི་བཅའ་ཁྲིམས་ཅིག་མེདཔ་ལས་བརྟེན་ མཇུག་ལུ་ཕམ་ཤོ་ར་གནས་ཚུལ་རྩོམ་སྒྲིགཔ་དེ་ཨིན་པས། གནད་དོན་གཞན་མི་ཡང་ གནས་ཚུལ་བསྡུ་ལེན་པ་ཅིག་གིས་ གནད་དོན་ཅིག་གི་སྐོར་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཅིག་ལུ་བརྡ་དོན་ལེན་རུང་ འགོ་དཔོན་དེ་གིས་ ལོ་རྒྱུས་སླབ་ནིའི་དང་འདོད་མེདཔ་ལས་ དགོ་པའི་བརྡ་དོན་ལུ་བྱིན་བ་ལྷགཔ་སྦེ་ བཞུ་མ་ཚུགས་པའི་གཏམ་སླབ་ནི་འདི་གིས་ ངན་ལྷད་དང་འབྲེལ་བའི་གནད་དོན་དེ་ མི་མང་གིས་མཁྱེན་མ་ཚུགསཔ་བཟུམ་ཅིག་ཨིན་པས། མ་གཞི་གནས་ཚུལ་ག་ཅི་ར་ཨིན་རུང་ ཆགས་སྡང་ཕྱོགས་རིའི་དབང་ལུ་མ་ཐལ་བར་ དྲང་བདེན་གྱི་གནས་ཚུལ་ཁྱབ་སྤེལ་འབད་དགོཔ་ཨིན་རུང་ དུམ་གྲ་རེ་ཕྱོགས་བཟུང་སྦེ་འགྱོ་དོ་ཡོད་མི་དེ་ཡང་ གནས་ཚུལ་གཅིག་ བརྡ་བརྒྱུད་སོའི་གནས་ཚུལ་ནང་ མ་འདྲཝ་སྦེ་ཐོན་མི་དེ་གིས་ཧ་གོ་ཚུགས་པས། དེ་འབད་ནི་འདི་གིས་ བཅའ་ཁྲིམས་ཅིག་ཡོད་པ་ཅིན་དེ་ཚུ་ཡང་གཅིག་མཚུངས་དང་ དྲང་བདེན་སྦེ་ཧ་གོ་ཚུགས་ནིའི་ཕན་པ་འདུག་ཟེར་ཞུ་ནི་ཨིན།

ལམ་འགྲུལ་གྱི་ཁྲིམས་ལུགས་གཟིགས་དགོཔ།


ee

འབྲུག་རྒྱལ་ཁབ་ཡར་གོང་འཕེལ་དང་བསྟུན་ཏེ་ ཧེ་མ་དང་ཕྱདཔ་ད་ ད་རིས་ནངས་པ་སྣུམ་འཁོར་རྒྱགས་ཚད་ཡོད་པའི་ཁར་ དེའི་ནང་དོན་ཉིད་ལས་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ སྣུམ་འཁོར་གཏང་མི་མང་ནི་འདི་གིས་ ཉིནམ་རིང་ཆད་ར་ སྣུམ་འཁོར་གཅིག་གིས་གཅིག་གུ་བརྡུང་དོ་ཡོདཔ་ཨིན།

འདས་པའི་བདུན་ཕྲག་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་འོག་ལས་ ཞབས་ཏོག་ལྷན་ཁག་གི་ཡིག་ཚང་ནང་འགྱོ་སའི་ལམ་བདའ་སྟེ་ སྣུམ་འཁོར་བཞག་མ་ཆོག་པའི་བརྡ་བྱང་གསལ་ཏོག་ཏོ་སྦེ་ལྷོང་སྟེ་ཡོད་རུང་ སྣུམ་འཁོར་ཧའི་ལསི་ཅིག་བཞག་མི་འདི་གིས་ རྒྱབ་ཁ་ལས་ སྣུམ་འཁོར་འོང་དོ་ག་མ་འོང་མ་ལྟཝ་མ་ཚད་ གཞུང་ལམ་ནང་འཛུལ་དོ་ཟེར་བའི་བརྡ་མེ་མ་བཏེག་པར་ འཕྲལ་ཐུམ་ལུ་གཡས་ལྷོང་ལུ་སྒྱིར་ཏེ་ གཞུང་ལམ་འཛུལ་མི་ལུ་བརྟེན་ ལམ་འཕྲང་སྟེ་འོང་མི་ སྣུམ་འཁོར་ཀོ་ཀོ་ན་ཀར་གུ་བརྡུང་རུང་ ཁྲིམས་སྲུང་བརྡ་དོན་གྱི་ལམ་ལུགས་དང་འཁྲིལ་པ་ཅིན་ རྒྱབ་ལས་བརྡུང་མི་སྣུམ་འཁོར་འདི་ལུ་ཡང་ ཉེས་རྒྱ་ཕོགཔ་སྦེ་ཡོད་མི་འདིའི་ཐད་ ང་བཅས་ཀྱིས་བལྟ་བ་ཅིན་ བཞག་མ་ཆོག་པའི་ས་ཁོངས་ནང་ སྣུམ་འཁོར་བཞག་ནི་དང་ ཟུར་ཕྱོགས་གཞུང་ལམ་ནང་འཛུལཝ་ད་ རྒྱབ་ལས་སྣུམ་འཁོར་འོང་ག་མ་འོང་ག་ན་འཐན་བལྟ་དགོཔ་མ་ཚད་ བརྡ་མ་འབད་བ་འཕྲང་ཕྲ་འོང་མི་དེ་ལུ་ ཉེས་རྒྱ་ཕོག་དགོཔ་ངེས་བདེན་མཐོངམ་མས།