ཚེ་སྔ་ཕྱིའི་སྐོར།


བསྒྲུབ་བྱ་དམ་པའི་ཆོས་ཀྱི་སྙིང་པོ་མདོར་བསྡུ་བ་ཅིན་ གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང་མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་གཉིས་ལུ་འདུསཔ་ཨིནམ་ད། དེ་གཉིས་སྒྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་གཉིས་ཡོད་པའི་ནང་ལས་ ལས་འབྲས་ལུ་ཡིད་ཆེས་པའི་དད་པ་དང་ བདག་མེད་ཀྱི་དོན་རྟོགས་པའི་ཤེས་རབ་གཉིས་ཡོད། དེ་གཉིས་ལས་ཤེས་རབ་གཙོ་ཆེ་རུང་ དང་པོ་གལ་ཆེ་ཤོས་དད་པ་འདི་ཨིན་པས། དེ་འབད་ནི་འདི་གིས་ ལས་འབྲས་ལུ་ཡིད་ཆེས་པའི་དབང་གཏང་པ་ཅིན་ སྐྱེ་བ་སྔ་ཕྱི་ཡོད་པའི་ཁུངས་དང་རྒྱུ་མཚན་དུམ་གྲ་ཅིན་ཞུ་བ་ཅིན་ མདོ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་སྟེ་ སྐྱེ་བ་ལེན་པ་ན་ རྟག་པ་འཕོ་བ་ཡང་མ་ཡིན་ནོ། །ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་གི་བཅུད་ མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་སྟོན་པ་རྐྱངམ་ཅིག་ཨིནམ་ལས་ སྐྱེ་བ་སྔ་ཕྱི་མེད་པ་ཅིན་ དེ་གཉིས་ཀྱི་གཞི་རྟེན་མེད་པ་ཨིན། དེ་འབད་ནི་འདི་གིས་ སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ལུ་བཞི་ཡོད་མི་དེ་ཡང་། རིགས་འདྲ་སྔོན་སོང་གིས་སྒྲུབ་པ། ཉེར་ལེན་སྔོན་སོང་གིས་སྒྲུབ་པ། གོམས་པ་སྔོན་སོང་གིས་སྒྲུབ་པ། མྱོང་བ་སྔོན་སོང་གིས་སྒྲུབ་པའོ། །དང་པོ་ནི། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཟེར་གསུངས་ཡོདཔ་བཟུམ་སྦེ་ ཨ་ལོ་སྐྱེས་ཚརཝ་ཅིག་དབུགས་གཏོང་ལེན་ཚུ་རང་གི་རང་གིས་གཟུགས་ཁ་ལས་རང་བཞིན་གྱིས་བྱུངམ་ཨིན། སློབ་དཔོན་དཔའ་བོས། སྔ་མའི་བློ་ལས་ཕྱི་མའི་བློ་གྲུབ་ན། །འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན། །མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི། །དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ། །ཟེར་མི་དང་། སློབ་དཔོན་ལེགས་ལྡན་གྱིས། མངལ་གནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་བློ་ཡོད། །ཡང་ན་བློ་ཕྱིར་དེ་འོག་བཞིན། །ཟེར་གསུངས་ནུག །གཉིས་པ་ཉེན་ལེན་སྔོན་སོང་གིས་སྒྲུབ་པ་ནི། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཟེར་དོ་བཟུམ་དཔེར་ན་ ཨེ་མའི་ལྕུག་གུ་ཉེར་ལེན་ལུ་ཨེ་མ་གི་ས་བོན་ཨིན་ཅི་མིན་ཅི་དགོཔ་བཟུམ་སྦེ་ རྣམ་ཤེས་ཀྱི་ཉེར་ལེན་ལུ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཅིག་ངེས་པར་དགོཔ་ལས་ ཚེ་འདིའི་ཧེ་མའི་རྣམ་ཤེས་ཀྱི་ཉེར་ལེན་ལུ་ཡང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཅིག་ཡོད་དགོཔ་ཨིན་པས། དེ་ཡོད་པ་ཅིན་སྐྱེ་བ་སྔ་མ་ཡོད་དགོ་པའི་རྒྱུ་མཚན་ཧེ་མ་བཟུམ་ཅིག་ཨིན་པས། །མཁན་ཆེན་ཞི་བ་འཚོ་གིས། དེ་ཕྱིར་ཐོག་མའི་རྣམ་ཤེས་ནི། །རང་གི་ཉེར་ལེན་སྟོབས་ལས་བྱུང་། །ཟེར་གསུངས་དོ་ཅིག་ཨིན་པས། གསུམ་པ་གོམས་པ་སྔོན་སོང་གིས་སྒྲུབ་པ་དེ་། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བར། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །ཟེར་གསུངས་དོ་བཟུམ་སྦེ་ རང་གི་རྒྱུད་ལུ་ཡོད་པའི་ཆགས་སྡང་ཚུ་ སྔོ་ནམ་འབད་བའི་ལང་ཤོར་ལུ་བརྟེན་ཏེ་བྱུང་དོ་ཡོདཔ་ལས་ བློ་ཐམས་ཅད་གོམས་པའི་རྗེས་སུ་བྱེད་པར་གསུངས་ནུག །ད་ལྟོ་སྐྱེས་བའི་ཨ་ལོ་གིས་ ཨོམ་འཐུང་ཤེས་ནི་ཚུ་ ཚེ་ད་ལྟོ་གསརཔ་སྦེ་ལྷབ་མི་དགོ་པ་ རང་བཞིན་གྱིས་ཤེས་མི་ཚུ་ག་ར་ ཚེ་རབས་སྔ་མའི་གོམས་ཤུགས་ལུ་བརྟེན་ཏེ་ཨིནམ་སྦེ་གསུངས་ནུག སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་། །ནུ་ཞོ་འཐུང་བར་རྩོལ་བར་བྱེད་པ་ཡང་། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །ཟེར་མི་དང་། སློབ་དཔོན་ལེགས་ལྡན་གྱིས། བེའུ་མང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཟེར་གསུངས་དོ་བཟུམ་ཅིག་ཨིན། །ང་བཅས་ཆ་ཁྱབ་ཀྱིས་ དགེ་བའི་བསམ་པ་ཡོད་རུང་ དངོས་སུ་འབད་ནི་ལ་ཁག་བཏང་དོ་ཡོདཔ་མ་ཚད་ ག་དེམ་ཅིག་སྦེ་སྐྱེ་རུང་ གཏན་འཇགས་འབད་ཚུགས་པར་དཀའ་ལས་ཚ་བས། དེ་མིན་པར་ མི་དགེ་བ་འབད་ནིའི་མནོ་བསམ་མེད་རུང་ ངམ་ངམ་ཤུགས་ཀྱིས་སྐྱེས་འོངམ་མ་ཚད་ དེ་ཡང་ཡུན་རིང་ལུ་ཤུགས་དྲག་པོ་སྐྱེ་བ་མྱོང་བས་གྲུབ་པ་དེ་བཟུམ་ཅིག་ཨིན་པས། །བཞི་པ་མྱོང་བ་སྔོན་སོང་གིས་སྒྲུབ་པ་ནི། སྐྱེས་རབས་ལས། བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས། །ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད། །འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ཟེར་གསུངས་དོ་བཟུམ་ ནང་པའི་མཁས་གྲུབ་དང་ ཞིབ་འཚོལཔ་ཚུ་གིས་ ཚེ་ཧེ་མ་ཡོད་པར་གྲུབ་པ་ཅིན་ ཚེ་ཕྱི་མ་ཡོདཔ་ཡང་དོན་གྱིས་གྲུབ་ཨིནམ་ལས་ སྐྱེ་བ་སྔ་ཕྱི་ཡོདཔ་ཁས་ལེན་པ་ཅིན་ ལས་རྒྱུ་འབྲས་ལུ་ཡིད་ཆེས་བསྐྱེད་གནང་ཟེར་ཞུ་ནི་ཨིན།།