བཞེས་སྒོ་ལས་བརྟེན་པའི་བར་རྐྱེན།


བར་སྐབས་ཅིག་ཁར་ སྤུ་ན་ཁ་ཕུ་གླིང་གསུམ་གཡུས་ཚན་ནང་ལས་ བུམོ་བྱད་ངོ་རིས་ལྷ་བ་ལེགསཔ་ གཟུགས་གཞི་ཉ་ཁག་ཅུ་གི་རྐེད་པར་རྡོ་ཕོག་ཕོགཔ་བཟུམ་ ག་ཅིའི་ཐད་ལས་འབད་རུང་ སྤྱི་དང་མ་འདྲཝ་ཅིག་ཡོད་མི་བུམོ་དཔལ་འཛོམས་ཟེར་མི་འདི་ སྤུངས་ཐང་རྫོང་གི་འུར་ལཱ་རྒྱུག་སྟེ་སྡོད་པའི་སྐབས་ དཀར་སྦྱིས་ས་གཡུས་ཚན་ལས་ཨིན་མི་བུཚ་དོད་རི་རི་སེང་གེ་རྡོ་རྗེ་ཟེར་མི་འདི་ཡང་ འུར་ལཱ་པའི་གྲས་ཁར་ཡོདཔ་ཨིན་པས།

དེ་སྐབས་ ཕོ་མོ་མང་ཧེད་རྫོགསཔ་ཅིག་ཡོད་རུང་ སེང་གེ་རྡོ་རྗེའི་མིག་ཁར་ བྱད་ངོ་རིས་དཔལ་འཛོམས་བ་འཇའཝ་གཞན་ག་ཡང་མ་མཐོང་པས། དེ་ཅོག་འཐདཔ་སྦེ་ སེང་གེ་རྡོ་རྗེའི་འབད་གཞག་བཅའ་གཞག་དེ་ དཔལ་འཛོམས་ཀྱི་སེམས་ཁར་འབབ་སྟེ་ ཧིང་གཏམ་བཤད་དགོ་མནོཝ་ཡོད་རུང་ ཁ་ལས་འཐོན་ཏེ་སླབ་མ་ཚུགས་པར་ ཧིང་སུག་སྤར་སུག་འཐབ་སྟེ་བདུན་ཕྲག་གཅིག་ལྷག་ཙམ་ཡར་སོང་ནུག ཨིན་རུང་ཨམ་སྲུ་དང་ཕྱདཔ་ད་ ཕོ་རྒས་དུམ་གྲ་ཅིག་སྤོབ་ཆེ་ནི་འདི་གིས་ སེང་གེ་རྡོ་རྗེ་གིས་ ཕྱི་རུ་འུར་མཇུག་བསྡུཝ་ད་ སྤུ་ན་ཟམ་པའི་ལུང་ཁར་སྒུག་སྡོད་དེ་ དཔལ་འཛོམས་ལྷོདཔ་ཅིག་ ཁྱོད་གཡུས་ག་ཏེ་ལས་ཨིནམ། གནསཔོ་ག་ཏེ་སྡོདཔ་སྨོ་ཟེར་དྲིཝ་ད། དཔལ་འཛོམས་ཀྱིས་ ང་ཕུ་གླིང་གསུམ་ལས་ཨིན། གནསཔོ་ལྕང་ཡུལ་ལུ་སྡོདཔ་ཨིན་ཟེར་སླབ་ནུག།

དེ་ལས་འབདནི་ སེང་གེ་རྡོ་རྗེ་ཡང་དུམ་གྲ་ཅིག་བློ་སྤོབས་ཐོབ་སྟེ་ དགའ་བའི་ལོ་རྒྱུས་ཆར་འབབ་དོ་བཟུམ་སྦེ་བཤད་རུང་། དཔལ་འཛོམས་དེནི་མགུ་ས་ཁར་བཙུགས་ཏེ་ ཁོ་གི་གདོང་ཐད་ཁར་ལྟ་མ་ཚུགས་པར་ ཁ་ལན་ཡང་དེ་དང་འདི་ཨིན་ཟེརཝ་ཅིག་འཇལ་མ་ཚུགས་པར་ ཁ་གྱེས་ཏེ་གནས་པོའི་ཁྱིམ་ནང་ཡར་སོང་ནུག དཔལ་འཛོམས་འདི་ དེ་ཚེ་ནུབམོ་གཅིག་ར་ ཉིན་མ་ཁོ་གིས་བཤད་མི་ཧིང་གཏམ་ཚུ་སེམས་ཁར་དྲན་ཏེ་ གཉེན་གྲོགས་སྡོམ་ནིའི་མནོ་བསམ་བཏང་ཆི་ནུག།

དེའི་ནངས་པ་དྲོ་པ་ དཔལ་འཛོམས་ཀྱིས་ རྫོང་གི་སྒོ་ར་ཁ་ལས་ ལག་གཡུག་རྐྱབ་སྟེ་ སེང་གེ་རྡོ་རྗེ་ཚུར་འབོ་ཞིན་ན་ ད་ངེའི་ཚེ་སྔོན་གྱི་ལས་འཕྲོ་དེ་ཁྱོད་ལུ་འབབ་འོང་ནི་ཨིན་པས། མདང་ཕྱི་རུ་ཁྱོད་ཀྱི་མནོ་བསམ་བཏང་སྟེ་གཉིད་ར་ལོག་མ་བཏུབ། ཁྱོད་ཀྱིས་སླབ་ནི་ག་ཅི་ཡོདཔ་ཟེར་དྲིཝ་ཅིག་ སེང་གེ་རྡོ་རྗེ་ག་ཅི་འབདཝ་དྲག་ག་མ་ཤེས་པར་ ཡུདཔ་ཐེངས་ཅིག་ག་ནེ་ཡང་སླབ་མ་ཚུགས་པས། ཨིན་རུང་ཨ་ཙི་ཅིག་ཁ་ལས་ ཁྱོད་ཀྱིས་ང་ལུ་སྲན་མ་ཚུགཔ་བཟུམ་ ང་གིས་ཁྱོད་ལུ་ལོག་བལྟབ་སྦེ་ཡོད་ཟེར་ ལོ་རྒྱུས་ཕར་བཤད་ཚུར་བཤད་འབད་དེ་དུས་ཚོད་ཧ་ལམ་ཕྱིས་སོ་ནུག

དེ་ལས་ཉིནམ་གཉིས་ཀྱི་རྒྱབ་ལས་ ཟ་ཁང་ཅིག་ནང་ལྟོ་ཟ་བར་སོང་སྟེ་་བཞེས་སྒོ་ཟཝ་ད་ སེང་གེ་རྡོ་རྗེ་གིས་ཨེ་མ་དར་ཚིལ་དང་གཅིག་ཁར་ལྟོ་ཟ་རུང་། དཔལ་འཛོམས་ཀྱིས་ དོམ་ལྟོགསཔ་ཤ་མུ་དང་ཕྱད་ཕྱདཔ་བཟུམ་སྦེ་ ཟ་བའི་བར་ན་ཡང་ཟ་ལོང་མེད་པར་ ཕག་ཤ་སྤགས་སོ་གིས་བཅད་དེ་ལྟོ་ལེ་བཙོང་སྟེ་ཟཝ་ད་ སེང་གེ་ཧ་ལས་ཏེ་ མོ་ལུ་དགའ་བའི་གདུང་བ་དེ་ ཡུད་ཐེངས་གཅིག་པོ་ཡལ་སོང་ནུག ཨིན་རུང་བུད་མེད་ཤེས་རབ་ཀྱི་རང་བཞིན་འབད་ནི་འདི་གིས་ མོ་རའི་བཞེས་སྒོ་ཟ་ཐངས་ལུ་བལྟ་སྟེ་ ཁོ་སེམས་ཁར་མ་འབབ་ཨིནམ་རིགཔ་ཆི་རུང་ མ་ཤེསཔ་བཟོ་སྟེ་ འ་ཡེ་ཁྱོད་ག་ཅི་འབདཔ་སྨོ། མ་འདྲཝ་ཅིག་སྦེ་མཐོངམ་མས་ས་ཟེར་སླབ་ད་ ཁོ་གིས་ལན་ག་ནེ་ཡང་སླབ་མ་བཏུབ་པས།

དེ་ལས་མོ་གིས་ ད་རིས་ཚུན་གྱི་བར་ན་ ཁྱོད་ཀྱིས་ ང་ལུ་དགའ་བའི་ལོ་རྒྱུས་བཤད་ཡོདཔ་ཨིན་རུང་ ད་རིས་ག་ནེ་ཡང་སླབ་མ་བཏུབ་མི་དེ་གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ ཁ་གསལ་སྦེ་མ་སླབ་པ་ཅིན་ ང་རྩ་ལས་ར་སེམས་མི་དགའ་བས་ཟེར་ཨུ་ཚུགས་བསྐྱེདཔ་ད། ཁོ་ཡང་ཐབས་རང་མེད་པར་སླབ་དགོཔ་ཐལ་སོང་ནུག གཞན་དལ་གཞིར་ ངེའི་དགའ་བའི་སེམས་འདི་ ཁྱོད་ལུ་བྱིན་ཚར་བའི་ཤུལ་ལུ་ དེ་སྦེ་སླབ་ད་ཁྱོད་སེམས་ཡང་མི་དགའཝ་འོང་། ཨིན་རུང་ ཧིང་ཁར་མནོཝ་དུག།ཁ་འཐོན་སྨན།།ཟེར་སླབ་དོ་བཟུམ་སྦེ་ སྤྱིར་བཏང་ཨམ་སྲུ་གིས་ག་ཅི་ར་འབད་རུང་ ཕོ་རྒས་བཟུམ་སྦེ་མིན་པར་འཇའ་ཆི་ཆི་ཀུན་གྱི་མིག་ཁར་འབབ་ཏོག་ཏོ་སྦེ་འབད་དགོཔ་ཁག་ཆེ། ལྷག་པར་དུ་ ཤ་ཟ་ནི་ལུ་ནེ་ཚུན་ཚོད་ཀྱི་ལྟོ་ཟེ་བསྐྱེད་མི་འདི་གིས་ ང་མནོ་ར་མ་ཚུགས་ཟེར་སླབ་ད། མོ་གིས་དེ་སྦེ་ཨིན་པ་ཅིན་ ཁྱད་མིན་ནུག ད་རིས་ང་ཤའི་རིགས་རྩ་ལས་ར་མི་ཟ་ཟེར་ཁས་བླངས་དམ་བཅའ་ལེན་ཏེ་ གཉེན་གྲོགས་སྡོམ་ཞིནམ་ལས་ མི་ཚེ་གསརཔ་འགོ་བཙུགས་ནུག།

ཐུགས་འཆར།