རྟ་ལོག་ཚེས་བཅུའི་སྔར་ཁྱུན་སྙིང་གི་མུན་སེལ།


༉ སྙིགས་མའི་སྐྱབས་མཆོག་ཨོ་རྒྱན་པདྨ་འབྱུང་གནས་རིན་པོ་ཆེ་གིས་ འབྲུག་རྒྱལ་ཁབ་ཀྱི་ས་གནས་རྟ་རྨིག་ཙམ་ཅིག་ཡང་མ་ལུས་པ་ ཞབས་ཀྱིས་བཅགས་ཏེ་ སྦས་གནས་ཁྱད་པར་ཅན་སྦེ་བྱིན་གྱིས་བརླབས་གནང་ཡོདཔ་མ་ཚད། བླ་ཆེན་མང་རབས་ཅིག་གིས་སངས་རྒྱས་ཀྱི་བསྟན་པའི་སྣང་བ་ གངས་ལས་ཉིམ་ཤར་དོ་བཟུམ་སྦེ་ ཆོས་རྒྱུན་སྤེལ་གནང་ཡོད་པའི་ཁར་ འདིའི་ནང་ལས་ཡང་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་སྲིད་གདུགས་དཀར་གཅིག་གི་འོག་ལུ་ རྒྱལ་ཁབ་བདེ་བར་བཀོད་གནང་ནུག།

རྒྱུ་མཚན་དེ་ལུ་བརྟེན་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་ཞབས་དྲུང་ངག་རྣམ་རྒྱལ་མཆོག་གི་ ཐུགས་དགོངས་རྫོགས་ཐབས་ལུ་ དངོས་སུ་འབྱོར་བའི་མཆོད་པ་རྒྱ་ཆེ་ཏོག་ཏོ་སྦེ་ཕུལ་མ་ཚུགས་རུང་  ཞབས་དྲུང་རིན་པོ་ཆེ་ ལྷ་དང་བླ་མའི་ལུང་བསྟན་དང་ དཔལ་ཡེ་ཤེས་མགོན་པོ་གིས་སྡོང་གྲོགས་མཛད་དེ་ སྨན་ལྗོངས་རྒྱལ་ཁབ་ནང་བྱོན་ཏེ་ ལོ་ངོ་༤༠༠འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་བའི་ཚུལ་ལུ་ ཉམ་ཆུང་རང་ཡང་འབྲུག་མི་ཅིག་དང་ དཔལ་ལྡན་བླ་མ་དང་བརྒྱུད་འཛིན་རིམ་བྱོན་ཚུ་ལུ་ ཧིང་གི་གདིང་ལས་ དད་པ་དག་སྣང་ཡོད་མི་ཅིག་ཨིན་ནི་འདི་གིས་ ལྷག་བསམ་རྣམ་པར་དག་པའི་སེམས་ ཁོག་པའི་ཧིང་ལུ་མ་ཤོང་པར་ ཤེསཔ་རང་གིས་དང་ མ་ཤེསཔ་གཞན་ལུ་དྲིས་ཏེ་ རྟ་ལོག་ཚེས་བཅུའི་སྔར་ཁྱུན་སྙིང་གི་མུན་སེལ་ཟེར་བའི་དཔེ་དེབ་ཅིག་རྩོམ་སྒྲིག་འབད་ཡོདཔ་ཨིན།

དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་རིམ་པར་བྱོན་པའི་གྲས་ལས་ ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་གྱི་གདན་ས་རྟ་ལོག་གསང་སྔགས་ཆོས་གླིང་འདི་ ཕྱི་ཆགས་མཐོང་ག་ནེ་བ་ལེགས་པའི་གུ་ ནང་སྐུ་གསུང་ཐུགས་རྟེན་རྩ་ཅན་མང་རབས་ཅིག་བཞུགས་ཡོདཔ་ལས་ ཚོགས་གཉིས་བསག་པའི་ཞིང་མཆོག་ཁྱད་པར་ཅན་འདི་ ག་ར་གིས་མཁྱེན་ཐབས་ལུ་ ཆ་རྐྱེན་བཟུམ་ཅིག་སྦེ་ རྟ་ལོག་གསང་སྔགས་ཆོས་གླིང་ཆགས་རབས་དང་ རྟ་ལོག་ཚེས་བཅུའི་རྒྱབ་ཁུངས་མདོར་བསྡུས་ཅིག་རྩོམ་སྒྲིག་འབད་ཡོད་མི་འདི་གིས་ དུམ་གྲ་ཅིག་ཨིན་རུང་ཕན་ཐོགས་འབྱུང་པའི་རེ་བ་ཡོད།

  • འདི་གུ་ཨེབ་སྟེ་ རྟ་ལོག་ཚེས་བཅུའི་སྔར་ཁྱུན་སྙིང་གི་མུན་སེལ་གཟིགས་གནང་།       

  • Talo tshechu༽