ཀི་ལ་དགོན་པ།


༉ སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་གནང་སྟེ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་ཏེ་བྱིན་གྱིས་བརླབས་གནངམ་མ་ཚད་ ཨོ་རྒྱན་ཐམས་ཅད་མཁྱེན་པ་སྐུ་དངོས་ཀྱིས་ཞབས་བཅགས་ཏེ་ ཆོས་ནོར་ཟབ་གཏེར་གྱིས་གང་བའི་སྤ་རོ་སྦོང་སྡེ་ལས་ སྣུམ་འཁོར་ཟུར་ལམ་བདའ་སྟེ་འགྱོཝ་ད་ ལྕེ་ལི་ལ་མ་ལྷོདཔ་ཅིག་ཁར་ རྐང་སྟོང་སྦེ་དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་གི་ས་ཁར་ བྱག་རིའི་རྐེད་པར་ཆགས་ཏེ་ཡོད་མི་ ཀི་ལ་དགོན་པར་ལྷོདཔ་ཨིན་མས།

དབེན་པའི་གནས་དེ་ནང་ མིའི་འུར་འབྱེལ་དང་སྣུམ་འཁོར་གྱི་སྐད་ཚུ་ག་ནེ་ཡང་མེད་པར་སྐྱིད་ཏོང་ཏོ་དང་ དུང་རྒྱ་གླིང་གི་ཆོས་དབྱངས་ཚུ་གོཝ་ད་ རང་བཞིན་གྱིས་བློ་སེམས་ཆོས་ལུ་འགྱུརཝ་ཨིན་མས།

འབྲུག་རྒྱལ་ཁབ་ནང་ཨ་ནེ་མོའི་སྡེ་ལེ་ཤ་ཡོད་པའི་གྲས་ལས་ ཀི་ལ་དགོན་པ་དེ་ཨ་ནེམོ་གི་སྡེ་རྙིང་ཤོས་ཅིག་ཨིནམ་ད་ ད་རིས་ནངས་པ་གཞུང་གིས་ སྤ་རོ་རབ་སྡེ་ལས་བླམ་ཅིག་བསྐོས་སྲོལ་ཡོད་མི་འདི་གིས་ ཨ་ཎིམ་༣༠ཀག་སྐོར་ཅིག་ཡོད་མི་ཚུ་ལུ་ དཀྱིལ་ཆོག་གི་གདངས་དབྱངས་དང་ ཆོས་ཀྱི་སློབ་སྟོན་གནང་དོ་ཡོདཔ་ཨིན་མས། དམ་པའི་ཆོས་འབད་ནི་ལུ་ ཕོ་མོའི་དབྱེ་བ་མེདཔ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ ཨ་ནེམ་གྱི་དགོན་སྡེ་རྒྱགས་ཚད་ཡོད་པའི་ནང་ལུ་ ཨ་ནེམོ་ཚུ་གིས་ དུས་ཚོད་མང་ཤོས་ཅིག་བསྙེན་གནས་སྲུང་སྟེ་རང་སྡོད་དོ་ཡོདཔ་ཨིནམ་ད་ དེ་ཡང་རྒྱལ་ཁབ་ནང་ཡོངས་གྲགས་ལུ་བསྙེན་གནས་གཏང་ནི་འདི་ ཨ་ནེམ་ཚུ་དྲགཔ་སྦེ་བརྩི་དོ་ཡོད་དོ་བཟུམ་སྦེ་ སྤ་རོ་ཀི་ལ་དགོན་པ་འདི་ ཁྲོམ་ཁ་ལས་ཐག་རིང་རུང་ བསྙེན་གནས་བཙུགས་པར་འོང་མི་ཆད་ནི་མེདཔ་ཨིན་མས།

གནས་ཀྱི་མཚན་ཀི་ལ་ཟེར་ཞུ་དགོ་པའི་ཁུངས་འདི་ ཁ་གསལ་ཅིག་བཀལ་ནི་མེད་རུང་ འབྲུག་གི་ས་གནས་མཐའ་དབུས་མེདཔ་དང་ འདིའི་ནང་ལས་ཡང་ སྤ་རོ་ལུང་ཕྱོགས་དེ་ནང་ལུ་ ཨོ་རྒྱན་རིན་པོ་ཆེ་སྐུ་དངོས་ཀྱི་ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་གནང་ཡོདཔ་ལས་ ཀི་ལ་དགོན་པའི་གནས་ཆེན་དེ་ནང་བྱོན་ཏེ་ཞབས་ཀྱིས་བཅགས་སྒྲུབ་པ་གནང་སྟེ་བཞུགས་བཞུགསཔ་ཨིནམ་རང་བཞིན་གྱིས་ཧ་གོ་ཚུགས་ནི་ཨིན་མས།

འབྲུག་གི་ས་གནས་ག་ཏེ་ལུ་ གནས་མཇལ་བར་འགྱོ་སྟེ་འབད་ས་ཅིག་རུང་ ས་རྡོ་རི་བྲག་ག་ར་གནས་སྦེ་བྱིན་གྱིས་བརླབས་གནང་སྟེ་ཡོད་པའི་ནང་ལས་ ཕྱག་རྗེས་ཞབས་རྗེས་དང་སྐུ་རྗེས་ཚུ་ བྱག་དང་རྡོ་གུར་མང་ཤོས་བཞག་གནང་མི་དེ་ཡང་ མ་འོངས་པའི་སེམས་ཅན་ཚུའི་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ ཕྱག་མཆོད་ཀྱི་རྟེན་འགྱུར་བ་མེད་པ་གནས་ཚུགས་ནིའི་དོན་ལུ་ བཞག་གནང་གནངམ་བཟུམ་ཅིག་ཨིན་མས། སྟེ་དེ་འབད་ནི་དེ་གིས་ གནས་མཇལ་བའི་སྐབས་ལུ་ དད་པ་དངས་སྣང་བསྐྱེད་དེ་མཇལ་བ་ཅིན་ ཚེ་ད་རེས་ནད་རིགས་བཞི་བརྒྱ་རྩ་བཞི་དང་ གདོན་རིགས་སྟོང་ཕྲག་བརྒྱད་བཅུ་ཚུ་གིས་ གླགས་ཁེལ་མི་ཚུགསཔ་མ་ཚད་ ལས་ངན་སྡིག་སྒྲིབ་དག་སྟེ་ ཚེ་ཕྱི་མ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ལུ་སྐྱེ་ཚུགས་པའི་དགོས་པ་ཡོདཔ་ཨིན་མས།།

ཐུགས་འཆར།