ཨེ་མ་གི་དབྱེ་བ།


དུས་རབས་ལེ་ཤ་གི་ཧེ་མ་ལས་ འཛམ་གླིང་རྒྱལ་ཁབ་མང་རབས་ཅིག་ནང་ ལཱ་ག་ཅི་ར་འབད་རུང་ འཕྲུལ་རིགས༌ཀྱི༌ཐོག་ལས་འབད་ནི་འགོ་བཙུགས་པའི་ཤུལ་ལུ་ དང་ཕུའི་ལུགས་སྲོལ་མིག་མཐོང་ལག་ཟུན་དང་ རྣ་རྒྱུན་དང་ཁ་རྒྱུན་ཚུ་རིམ༌གྱིས༌ཡལ་ཏེ་ ཤུལ་མ་གི་མི་རབས་ཚུ་གིས་ དངོས་སུ་ལག་ལེན་འཐབ་ནི་མེད་པའི་ནམ་དུས་ལུ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ སྔོན་གྱི་ལུགས་སྲོལ་མ་ཉམས་པ་ སྔར་ག་ཨིནམ་སྦེ་འབད་སྲོལ་ཡོད་མི་ལུ་ བལྟ་བཤལཔ་ཚུ་ཧ་ལས་ཏེ་ངལ་རངས་བསྐྱེདཔ་ཨིན་པས། 
སྤྱིར་བཏང་ལུ་ ཨེ་མ་ཧོནམོ་དང་ ཨེ་མ་སྐམ་ཟེར་སླབ་དོ་ཡོདཔ་ཨིན་རུང་། ནང་གསེས་ཀྱི་དབྱེ་བ་ ཨེ་མ་བཤུར་སྐམ། ཨེ་མ་ཧོ་སྐམ། ཨེརཔ་ཕྱེ་རྩིས་ཏེ་ དབྱེ་བ་ཁག་༣སྦེ་ཕྱེ་ནི་ཡོདཔ་ཨིན་པས། ཨེ་མ་ཧོནམོ་ལུ་ཡང་ ལྕུག་གུ། ཁུག་ཁུགཔ། ཨེ་རུ་ཟེར་བརྩི་སྲོལ་ཡོདཔ་མ་ཚད། དེ་ལས་ཨེ་མ་སྐམ་ལུ་ གློ་དཀར་ཟེར་ཡོདཔ་ཨིན།

ཡོངས་གྲགས་ཀྱི་ཨེ་མ་སྐམ་བཟོ་ཐངས་དེ་ཡང་ དང་པ་ར་ཨེ་མ་ཧོནམ་སེར་ཀྲེ་དམར་ཀྲེ་ ཁུག་ཁུགཔ་ཚུ་སེལ།གངམ་མེད་པ་ཅིན་ ཨེ་མ་གི་ལུང་ཏོག་གུ་ སྐུདཔ་བརྒྱུས་ཞིནམ་ལས་དཔྱང་སྟེ་སྐམ་དོ་ཡོད་རུང་། ཨེ་མ་བུང་སྦེ་ཡོད་པ་ཅིན་ ཁྱིམ་ཐོག་གུ་བརྡལ་ཏེ་ ཟླ་ངོ་གཅིག་དེ་ཅིག་གི་རྒྱབ་ལས་ བཅོམ་ཅོ་སྦེ་སྐམ་དང་རྐྱངམ་གཅིག་བསྡུཝ་ཨིན།

BhutaneseChiliesWhite

ཨེ་མ་བཤུར་སྐམ་བཟོ་ཐངས། ཨེ་མ་ཧོནམོ་ཁུག་ཁུགཔ་དམརཔོ་མ་ཐལ་མི་ཚུ་སེལ་ཏེ་ ཆུ་ཚན་ཏག་ཏ་ནང་བླུག་སྟེ་ ཡུདཔ་ཐེངས་ཅིག་སྦང་བཞག དེ་ལས་ཨ་ཙི་ཅིག་ཁ་ལས་ སྦ་ཟེ་ནང་ལུ་བྱོ་སྟེ་ ཆུ་སྤུས་ཙ་སྦེ་བཙག་ཞིན་ན་ བདུན་ཕྲག་༣དེ་ཅིག་ ཉི་མར་བརྡལ་ཏེ་བཞག་དགོཔ་ཨིན་པས། དེ་ལས་ཨེ་མ་ཅོམ་ཅོམ་ཐལཝ་ད་ དྲོ་པ་ཉིམ་མ་ཤརཝ་ཅིག་ཁར་བསྡུ་དགོཔ་ཨིན་པས། དེ་མིན་པ་ཉིན་མར་བསྡུ་བ་ཅིན་ དྲོད་ཀྱིས་ཧེང་སྐལ་ར་ཅོམ་ཅོམ་ཐལ་ཏེ་གྲུམ་འགྱོཝ་ཨིན་པས།

དེ་ལས་ཨེ་མ་ཧོ་སྐམ་བཟོ་ཐངས་དེ་ཡང་ ཨེ་མ་ལྕུག་ཀུ་ཚུ་བཀག་ཞིན་ན་ ཉི་མའི་ནང་སྐམ་བཞག་དགོཔ་ཨིན།

ཨེ་མ་སྐམ་པའི་སྐབས་ ཆརཔ་གིས་བརྡུང་ནི་དང་ ཉིམ་ལེགས་ཤོམ་སྦེ་མ་ཕོག་པ་ ཨེ་མ་གློ་དཀར་ཐལ་མི་ཚུ་ ལུང་ཏོ་སྤོག་སྟེ་ སྤུས་གཙང་སྦེ་འཕྱག་ཞིན་ན་ཨེར་ཕྱེ་བརྡུངམ་ཨིན།

ནུབ་ཕྱོགས་རྫོང་ཁག་ནང་ ཨེ་མ་གི་བཀྱག་ལེགས་ཤོས་དང་བྱོ་ལྷ་ཆེ་ཤོས་ར་ སྟོདཔ་བོད་སྒར་ནང་དང་ ཤར་གྱི་ཨེ་མ་ལུ་ཆ་བཞགཔ་ཨིནམ་ལས་ མི་མང་ཤོས་ཀྱིས་ ཨེར་ལྕང་ཡང་ས་ཁོངས་འདི་ནང་གི་གདམ་ཁ་རྐྱབ་དོ་ཡོདཔ་ཨིན་རུང་། ད་རིས་ནངས་པ་ འཐོན་ཤུགས་ཆེ་ཧིང་གི་ཁྱད་པར་ལུ་བལྟ་སྟེ་ བྱི་ཙི་ཨེ་མ་གི་སོན་དང་སླ་བསྲེས་སྦེ་བཏབ་ནི་འདི་གིས་ སྔོན་མ་བཟུམ་སྦེ་ཡོངས་གྲགས་སྦེ་བརྩི་སྲོལ་ཆེནམོ་ཅིག་མེདཔ་ཨིན་པས།

2 thoughts on “ཨེ་མ་གི་དབྱེ་བ།

  1. ཟིན་བྲིས་འདི་གི་རྩོམ་པ་པོ་ལུ་ལེགས་སོའི་གཟེངས་བསྟོད་ཞུ་ནི་དང་ ལྷག་པར་དུ་ གོང་གི་རྩོམ་ཡིག་འདི་ གནམ་མེད་ས་མེད་ལེགས་ཤོམ་ཅིག་ཨིན་མས། འདི་ནང་ལུ་ རྫོང་ཁ་ཉག་རྐྱང་གི་ཐ་སྙད་ ལེ་ཤ་ར་ལག་ལེན་འཐབ་སྟེ་འདུག ད་རེས་ནངས་པར་ འ་ནི་བཟུམ་གྱི་རྫོང་ཁའི་ཐ་སྙད་ཚུ་ རྫོང་ཁ་རྩོམ་པ་པོ་མཁས་མཆོག་ཚུ་གིས་བརྩམས་བསྒྲིགས་འབད་དེ་ཡོད་པའི་ ཀི་དེབ་ཚུ་ནང་ མཐོང་ཚུགས་པར་ལཱ་ཁག་ཡོད།

    Like

  2. ང་ལུ་ལྕོགསཔ་བཅའཝ་མེད་རུང་ དེ་སྦེ་བསྟོད་པ་གནང་མི་ལུ་ དགའ་ཚོར་ཞུ་ནི་དང་ ད་ལས་ཕར་སྔར་སྲོལ་གྱི་གནད་དོན་སྤྲོ་བ་ཅན་ཚུ་འབྲི་ནི་གི་སེམས་ཤུགས་ཐོབ་ཅི། དེ་འབདཝ་ད་ ཨིང་སྐད་ཀྱི་འབྲི་རྩོམ་ཅིག་ནང་བཀོད་ཡོདཔ་བཟུམ་སྦེ་ འབྲི་རྩོམ་གྱི་རིགས་ག་ཅི་ར་འབད་རུང་ ལོག་ཅི་ལོག་ཅི་ཞུན་དག་འབད་རུང་ རེ་རེ་གཉིས་གཉིས་ ཡིག་སྡེབ་མ་དགཔ་དང་ ཚིག་སྦྱོར་གོང་འོག་གི་ནོར་འཁྲུལ་བྱུང་ཡོད་མི་ལུ་དགོངསམ་ཁྲེལ་མ་ཆེ་ཟེར་གསོལ་འདེབས་ཞུ་ནི་ཨིན་ལགས།

    Like

ཐུགས་འཆར།