ཆུ་མོ་ཕུག


སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་བསྟན་ཏེ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་ཏེ་བྱིན་གྱིས་བརླབས་གནངམ་མ་ཚད། ཨོ་རྒྱན་ཐམས་ཅད་མཁྱེན་པ་སྐུ་དངོས་ཀྱིས་ཞབས་བཅགས་ཏེ་ ཆོས་ནོར་ཟབ་སྟེར་གྱིས་གང་བའི་ སྤ་རོ་ཁྲོམ་ཁ་ལས་ གྱང་ས་ཟླུམ་བརྩེགས་ལྷ་ཁང་བརྒལ་ཏེ་ དོསཔ་ཤར་རི་ཟམ་པ་ལས་ལྷ་ཁང་ཐང་ཚུན་ སྣུམ་འཁོར་ནང་འགྱོ་བའི་ཤུལ་ལུ་ བྱི་ཤིང་དང་སི་སི་ཤིང་གི་སྦུག་ལས་ ལམ་རྐེད་ཀེ་བདའ་སྟེ་ བྱ་སྐད་བྱི་སྐད་ཧན་ཏོང་ཏོ་དང་ རོང་ཆུའི་འུར་སྒྲ་གིས་རྣོཝ་ཚ་སི་སི་སྦེ་འགྱོ་བའི་སྐབས་ལུ་ སེམས་ལུ་སྤྲོ་བ་ཨ་རྟག་དང་མ་འདྲཝ་སྦེ་བྱུངམ་ཨིན་པས།

སྤ་རོ་དོས་སྟེང་རྒེད་འོག་ ལྷ་ཁང་ཐང་ལས་འགོ་བཙུགས་ཏེ་ ཆུམོ་ཕུག་གནས་ངོ་མ་ལུ་མ་ལྷོད་ཚུན་གྱི་བར་ན་ ལམ་གྱི་གཡས་དང་གཡོན་གྱི་རྡོ་དང་བྱག་གུ་ ཨོ་རྒྱན་རིན་པོ་ཆེ། མཁའ་འགྲོ་ཡེ་ཤེས། ལྷ་ལྕམ་མནྡ་ར་བ། རྡོ་རྗེ་ཕག་མོ། དཔའ་བོ་རྟ་མགྲིན་གྱི་སྐུ་རྗེས་དང་ ཕྱག་རྗེས་ཞབས་རྗེས་ སྒྲུབ་ཆུ་ཐང་མེདཔ་ཅིག་མཇལ་ནི་ཡོད་མི་ཚུ་ མ་འོངས་པའི་སེམས་ཅན་ཚུ་གི་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ ཕྱག་མཆོད་ཀྱི་རྟེན་འགྱུར་བ་མེད་པར་གནས་ཚུགས་པའི་ཐབས་ལུ་བཞག་གནང་གནངམ་ཨིན་པས།

དེ་ཡང་ལམ་གྱི་གཡོན་ཁ་ཐུག་ རོང་ཆུའི་མཐའ་མར་ བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པའི་དཀྱིལ་འཁོར། གཏེར་གྱི་ལྡེ་མིག་གི་མ། ཆོས་ནོར་ཟབ་གཏེར་གྱི་གཏེར་ཁ་མང་རབས་ཅིག་དང་ གནམ་ལྕགས་དབང་མོའི་རལ་གྲིའི་གཏེར་ཚུ་ མ་འོངས་གདུལ་བྱའི་དོན་ལུ་ སྦ་བཞག་གནང་སའི་བྱག་ཚུ་མཇལ་ཚུགསཔ་ཨིན་པས།

ཆུམོ་ཕུག་གནས་དེ་ ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཁྱད་པར་ཅན་ཅིག་ཨིནམ་མ་ཚད་ རྗེ་མཁན་ཁྲི་རབས་༩པ་ རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་ སྒྲུབ་པ་ལུ་བཞུགས་པའི་སྐབས་ རྡོ་རྗེ་ཕག་མོའི་ཞལ་དངོས་སུ་མཇལ་ཏེ་ ཙ་རི་གཉིས་པ་སྦེ་བྱིན་གྱིས་བརླབས་གནང་བའི་གནས་རྩ་ཆེ་ཏོག་ཏོ་ཅིག་ཨིན་པས་ཟེར་ཞུ་ནི་ཨིན།།