ཝང་ཙེའུ་སྒང་ལྷ་ཁང་།


རྒྱལ་ས་ཐིམ་ཕུག་ལས་ ཕུན་ཚོགས་གླིང་གི་སྣུམ་འཁོར་གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཀྲར་༡༥ལྷགཔ་ཅིག་གི་ས་ཁར་ ཝང་འགྱམ་མི་ས་ལས་ རྐང་སྟོང་སྦེ་  དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་འགྱོཝ་ད་ ས་གནས་ཀྱི་ཆགས་ཐངས་ ཙེའུ་ཁ་སྤུབ་སྟེ་བཞག་བཞགཔ་བཟུམ་སྦེ་ཡོད་པའི་ ཙེའུ་སྒང་ལུ་ལྷོདཔ་ཨིན་པས། ས་གནས་དེ་ནང་ལས་གཡོན་ཁ་ཐུག་ལུ་བལྟཝ་ད་ རམ་ཏོག་ཏོ་དང་ བར་པའི་ས་གི་གཡུས་ཚན་ཚུ་གསལ་ཏོག་ཏོ་སྦེ་མཐོང་ཚུགསཔ་མ་ཚད་ གཡོན་ཁ་ཐུག་ལུ་ དང་ལོང་། མདའ་ལྟོང་དགོན་པ། ཁ་ས་གྲབ་ཆུ། གདོང་སྐོར་ལུ་ ཝང་འགྱམ་མི་ས། སྲིན་མོ། ཇོམོ་ཆུ་ཁ། རྣམ་སྲས་གླིང་གི་གཡུས་ཚན་ཚུ་ ལག་མཐིལ་སྦུག་ལུ་ལེན་ལེནམ་བཟུམ་སྦེ་མཐོང་ཚུགསཔ་ལས་ དགོན་སྡེ་འདི་མཐོང་གསལ་ཆེ་བའི་ས་ཁོངས་ཅིག་ཨིནམ་མ་ཚད་ ས་གནས་སྐྱིད་ཏོང་ཏོ་ཅིག་ཨིནམ་ལས་ ལྷ་ཁང་མཇལ་བར་འོང་མི་ཚུ་ ས་ཁོངས་འདི་ནང་ལྷོད་ཞིནམ་ལས་ ལོག་འགྱོ་དགོ་མི་མནོཝ་ཨིན་པས།

མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡབ་མེས་ འབྲུག་ཆེན་ངག་དབང་ཆོས་རྒྱལ་མཆོག་ སྤྱི་ལོ་༡༤༩༠གོ་གྲངས་ལུ་ རྒྱལ་ཁབ་ནང་བྱོན་ཏེ་ ཐིམ་ཕུག་སྤང་རི་ཟམ་པ། ཕྲིན་ལས་སྒང་། མཆོད་གཞི་བསམ་གཏན་རྩེ་མོ། སྤུས་མོ་བདེ་ཆེན་ཆོས་འཁོར་ཚུ་ དེ་གིས་ཡང་མ་ཚད་པ་ གདན་ས་ལེ་ཤ་ཅིག་ཕྱག་བཏབ་གནང་པའི་གྲས་ལས་གཅིག་ ཝང་ཙེའུ་སྒང་དགོན་པ་འདི་ཨིན་པས། དེའི་ཤུལ་མ་འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་ ཤར་ཝང་སྤར་གསུམ་ལུ་ སེམས་ཅན་གྱི་འགྲོ་དོན་མཛད་ཚར་ཏེ་ བར་པའི་ཆོས་འཛོམས་ཀྱི་ཁྱིམ་ནང་ལས་ ཚེ་ལུང་གནས་ལུ་བྱོན་པའི་ཞོར་ཁར་ དེ་ཚེ་ནུབ་མོ་ཝང་དགོན་ཙེའུ་སྒང་ལུ་བྱོནམ་ད་ དེ་ནང་བཤད་སྒྲུབ་ཀྱི་སྡེ་ཅིག་བཙུགས་པ་ཅིན་ ལུང་བསྟན་ཡོད་མེད་གཟིགས་ནིའི་དོན་ལུ་ ལྷ་ཁང་གི་འོག་ལས་ཁ་ཡར་ལྟ་སྟེ་ བླམ་སངས་རྒྱས་ཟེར་གསུངསམ་ད་ ལྷ་ཁང་གི་དཀོན་གཉེར་གྱིས་ བླམ་སངས་རྒྱས་ཟེར་མི་ནཱ་ལུ་མེད་ཟེར་ཞུཝ་མ་ཚད། བཙུནམོ་དམ་ཆོས་ཟེར་གསུངས་རུང་མེད། གཉེརཔ་ལོངས་སྤྱོད་ཟེར་གསུངས་རུང་མེད་ཟེར་ཞུ་ད་ནི་འདི་གིས་ རྟེན་འབྲེལ་ཕྱུགས་སོངམ་ལས་ཐུགས་མ་མཉེས་པ་ རི་མགོ་གངས་ལུ་བརྟེན་རུང་ ར་གཅིག་འགྲངས་པའི་རྩ་མེད། རི་མཇུག་ཆུ་ལུ་བརྟེན་རུང་ བྱ་གཅིག་འགྲངས་པའི་ཆུ་མེད། རི་བར་ནགས་ཚལ་གྱིས་ཁྱབ་རུང་ ཇ་གཅིག་འཁོལ་བའི་ཤིང་མེད། མེདཔ་གསུམ་གྱི་བདགཔོ་ དཀོན་གཉེར་ཁྱོད་ཀྱིས་འབད་ཟེར་གསུངས་ནུག ཨིན་རུང་ལྷ་ཁང་གི་རྟེན་ཇོ་བོ་རིན་པོ་ཆེ་ལུ་ ཡོན་ཆབ་ཅིག་མེད་པ་ཅིན་མི་བཏུབ་པས་ཟེར་བའི་ཐུགས་བསམ་བཞེས་ཏེ་ ལོག་བྱོན་པའི་ཞོར་ཁར་ ཕྱག་མཛུབ་ཀྱིས་སྒྲུབ་ཆུ་ཅིག་བཏོན་གནང་སྟེ་བྱོན་སོང་ནུག དེའི་རྟེན་འབྲེལ་གྱིས་ གནམ་བྱཱར་དགུན་མེད་པ་སྒྲུབ་ཆུ་འདི་ནང་ལས་ མཆོད་པའི་ཆུ་ལངམ་ཅིག་མ་གཏོགས་ དཀོན་གཉེར་གྱི་ཟ་ཆུ་སྦོ་ལོགས་ཁའི་གཡུས་ཚན་ནང་ལས་ དབོག་པར་འགྱོ་དགོཔ་ཨིན་པས་ཟེར་ཞུ་ནི་ཨིན།