གསང་ཆེན་ཆོས་འཁོར།


pa

སྤ་རོ་གསང་ཆེན་ཆོས་འཁོར།

ལྷོ་ཕྱོགས་ཙན་དན་བཀོད་པའི་ལྗོངས་འདི་ནང་ སྟོན་པ་བཅོམ་ལྡན་འདས་ཀྱི་ཉི་མའི་སྙིང་པོའི་མདོ་སྡེ་ལས་ མ་འོངས་པ་ན་ སངས་རྒྱས་ཀྱི་བསྟན་པ་དང་ དགེ་འདུན་གྱི་སྡེ་གཙུག་ལག་ཁང་ཚུ་བྱུང་ནི་ལུང་བསྟན་གནང་ཡོདཔ་ལས་ འགོ་དང་པ་ར་ དུས་རབས་༧པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ སྤ་རོ་སྐྱེར་ཆུ་ལྷ་ཁང་ཚུ་མཐའ་གདུལ་གྱི་གཙུག་ལག་ཁང་བཞེངས་ཏེ་ དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ་ དུས་རབས་༨པའི་ནང་ཨོ་རྒྱན་ཐམས་ཅད་མཁྱེན་པ་སྐུ་དངོས་ཀྱིས་ཞབས་ཀྱིས་བཅགས། སྐུ་རྗེས་མཐོང་གྲོལ་བརྒྱ་རྩ་དང་ཞབས་རྗེས་སྟོང་རྩ་ མ་འོངས་པའི་ཕྱག་མཆོད་ཀྱི་རྟེན་སྦེ་བཞག་གནང་། སྤ་རོ་སྟག་ཚང་གིས་གཙོས་པའི་གནས་ཆེན་སྟོང་རྩ་དང་ གནས་ཕྲན་གྱངས་ཁ་མ་ཆོདཔ་ཚུའི་ནང་ ཆོས་ནོར་ཟབ་གཏེར་མང་ཧེ་རྫོགསཔ་ཅིག་བཀང་སྟེ་ ཆོས་སྒྲུབ་པའི་གནས་སྦེ་བྱིན་གྱིས་བརླབས་གནང་། དེ་ལས་རིམ་པར་བཞིན་དུ་ དགེ་ལུགཔ་དང་བཀའ་བརྒྱུདཔ་ རྙིང་མའི་ཆོས་རྒྱུན་འཛིན་མི་བསྟན་འཛིན་གྱི་སྐྱེ་ཆེན་དམ་པ་ཚུ་གིས་ ཞབས་ཀྱི་བཅག་བྱིན་གྱིས་བརླབས་གནངམ་མ་ཚད། ལྷག་པར་དུ་དུས་ཀྱི་མཐའ་མར་ བསྟན་འགྲོའི་བདེ་སྐྱིད་འབྱུང་བའི་ངེས་པ་དོན་གྱི་སྦས་གནས་ལུ་ ལུང་བསྟན་གནང་བའི་ ལུང་གཤོང་འདི་ནང་ལུ་ སྔོན་གྱི་ཞལ་ཆེམས་ལུང་བསྟན་བཞིན་ ཆོས་རྗེ་དཔལ་ལྡན་འབྲུག་པ་སྐུ་དངོས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ གནམ་ལོ་མེ་འབྲུག་སྤྱི་ལོ་༡༦༡༦ལུ་ ཁ་བཞི་ལྷོའི་རྒྱལ་ཁམས་འདི་ནང་བྱོན་ཏེ་ དཔལ་ལྡན་འབྲུག་པའི་སྲོག་རྫོང་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་བཞེངས་ཏེ་ ལུགས་གཉིས་ཁྲིམས་ཀྱི་སྲོལ་བཙུགས་གནང་། འབངས་མི་སེར་ཚུ་ གནས་སྐབས་དང་ མཐར་ཐུག་བདེ་བའི་དཔལ་ལུ་བཀོད་གནང་ནུག འདི་གིས་འབད་ནི་འདི་གིས་ སྤ་རོ་ལུང་གཤོང་ནང་ རི་དང་སྤོ་ཏོ་ཡོད་རེ་ཡོད་ཚེ་གུ་ ལྷ་ཁང་དང་དགོན་སྡེ་ལེ་ཤ་མཇལ་ནི་ཡོད་པའི་གྲས་ལས་གཅིག་ སྤ་རོ་གསང་ཆེན་ཆོས་འཁོར་དགོན་པ་འདི་ཨིན་པས། དགོན་སྡེ་འདི་ནང་ལས་བལྟཝ་ད་ སྤ་རོ་ལུང་གཤོང་འདི་ གནམ་ཁར་སྐརམ་ཤར་ཤརཝ་བཟུམ་སྦེ་ ཕྲ་ཆེམ་ཆེམ་སྦེ་མཐོང་ཚུགསཔ་མ་ཚད་ སྤ་རོ་རིན་སྤུངས་རྫོང་དང་ ལྷ་ཁང་དགོན་སྡེ་ཚུ་ མན་དྲལ་ཕུལ་དོ་བཟུམ་དང་ སྤ་ཆུ་འདི་ཡོན་ཆབ་ཕུལ་བའི་རྣམ་པ་སྦེ་མཐོངམ་ཨིན་པས།

སྤ་རོ་གསང་ཆེ་ཆོས་འཁོར་དགོན་སྡེ་འདི་ ཞབས་དྲུང་རིན་པོ་ཆེའི་གསུང་སྤྲུལ་༢པ་ ཕྱོགས་ལས་ཤཱཀྱ་བསྟན་འཛིན་མཆོག་གིས་ སྤྱི་ལོ་༡༧༦༥ལུ་གདན་ས་ཕྱག་བཏབ་གནང་པའི་ཤུལ་ སྤྱི་ལོ་༡༩༣༢ཚུན་ མི་ལོ་༡༦༧དེ་ཅིག་གི་རིང་ལུ་ གསུང་སྤྲུལ་རིམ་བྱོན་ཚུ་གིས་ གདན་ས་བདག་འཛིན་མཛད་དེ་ རྒྱ་བོད་ཧོར་གསུམ་གྱི་མི་དང་ ཡུལ་ལྷ་གཞི་བདག་ཚུ་ དཀར་ཕྱོགས་ལུ་དགའ་བའི་མི་མ་ཡིན་ཚུ་གིས་ཕུལ་བའི་ རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་ཚུ་ འཛམ་གླིང་ནང་འགྲན་ཟླ་དང་བྲལ་བའི་ ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་གཏེར་གྱི་མཛོད་དང་། མ་འོངས་ཕྱག་མཆོད་ཀྱི་རྟེན་གཙུག་ལག་ཁང་དེ་ སྤྱི་ལོ་༡༩༣༢ལུ་ ཕངས་སི་སི་སྦེ་མེ་མཆོད་བཞེས་ཡོདཔ་ཨིན་པས། ཨིན་རུང་རིན་སྤུངས་རྫོང་དཔོན་རྟ་མགྲིན་དཔལ་འབྱོར་གྱིས་འགོ་འདྲེན་འཐབ་སྟེ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་སློབམ་ཚུ་གིས་ ཉམས་གསོ་ལེགས་ཤོམ་སྦེ་ཞུས་ཏེ་ སྐུ་གསུང་ཐུགས་རྟེན་དང་ མཆོད་ཆས་ཀྱི་རིགས་ཚུ་མཁོ་སྒྲུབ་གནང་སྟེ་ ལྷ་ཡི་གཞལ་ཡས་ཁང་བཟུམ་བཟོ་གནང་མི་འདི་ ད་རུང་སྤྱི་ལོ་༡༩༧༠དོན་གྲངས་ལུ་ མེ་རྐྱེན་བཞེས་ཡོདཔ་ཨིན་པས། དེའི་སྐབས་ཀྱི་རྫོང་དཔོན་རྡོ་དཀྲུགས་ཀྱིས་ དགོན་སྡེའི་ཆོས་གཞི་ཡོ་བྱད་ཐོག་ལས་ འགྲོ་སོང་བཏང་སྟེ་ ལྷ་ཁང་ཐོག་གཅིགམ་བཞེགས་ཏེ་འབད་རུང་ མ་དངུལ་གྱིས་ལང་མ་ཚུགསཔ་ལས་བརྟེན་ ཡིད་ངེས་ཐིང་ངེས་ཅིག་བཞེངས་མ་ཚུགས་པས། ཨིན་རུང་བསོད་ནམས་བྱེ་གིས་རྫོགས་རུང་ ཕུད་ཀྱིས་མ་རྫོགས་ཟེར་བའི་དཔྱེ་བཟུམ་སྦེ་ གསུང་སྤྲུལ་༥པ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་སྐུ་ཚཝ་དང་ གསུང་སྤྲུལ་༦པ་ ཕྱོགས་ལས་འཇིགས་མེད་སྟན་འཛིན་གྱི་སྐུ་ནུ་ ཡབ་དྲགོས་ཨོ་རྒྱན་རྡོ་རྗེ་དང་ལྷན་སྐྱེས་རྒྱལ་མཚན་གཉིས་ཀྱིས་ སྤྱི་ལོ་༡༩༨༠ལས་ གདན་ས་ཉམས་གསོ་འགོ་བཙུགས་ཏེ་ སྤྱི་ལོ་༡༩༩༡ལུ་ རྫོང་དབུ་རྩེ་ཐོག་གཉིསམ་ ཕྱིའི་འཁྱམས་དང་བཅསཔ་སྦེ་མ་བཏུབ་བཏུབ་སྦེ་བཞེངས་ཏེ་ རབ་གནས་རྒྱས་ཞིང་རྒྱསཔ་སྦེ་གནང་པའི་ཤུལ་ལུ་ སྤྱི་ལོ་༡༩༩༡གི་ལོ་ལུ་ར་ སངས་རྒྱས་ཀྱི་བསྟན་པའི་རྩ་བ་ དགེ་འདུན་གྱི་སྡེ་ བཤད་གྲྭ་གསརཔ་འགོ་བཙུགས་གནང་མི་འདི་གིས་ ཧེང་སྐལ་ར་དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིང་རྒྱས་ཏེ་ཡོདཔ་ལས་ ད་རིས་ནངས་པ་དགོན་སྡེ་འདི་མཇལ་བར་འགྱོཝ་ད་ རང་བཞིན་གྱིས་བློ་སེམས་ཆོས་ལུ་བསྒྱུརཝ་ཨིན་པས།