མཁའ་འགྲོའི་རྟགས་མཚན།


དཔལ་ལྡན་འབྲུག་པའི་གདུང་འཛིན་ གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན་ འགྲོ་བའི་མགོན་པོ་ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་གིས་ ཉེ་རོང་ལ་རྒྱབ་ལུ་ བུམོ་ཚུ་ལུ་གསུངས་པའི་མཁའ་འགྲོའི་རྟགས་མཚན།

དང་པ་ཡེས་ཤེས་མཁའ་འགྲོ། ཤ་མདོག་དཀར་པོའི་གུ་དམར་པོའི་མདངས་ཆགས་ཆགསཔ། གཟུགས་ཆེ་ཆུང་ཚད་དང་ལྡན་པའི་གུ་སེམས་སྙིང་རྗེ་ཆེ་ཏོག་ཏོ་ གཙང་སྦྲ་བསྟེན་ནི་ལུ་དགའཝ་མ་ཚད་ ཆོས་ལུ་དད་མོས་ཆེ་དྲགས་ཡོདཔ་ཨིན། དེ་དང་ཅིག་ཁར་ལུས་འབྲེལ་འབད་བ་ཅིན་ ཚེ་ད་རེས་རང་ལུ་བདེ་སྐྱིད་འབྱུང་ནི་ཨིནམ་མ་ཚད་ ཚེ་ཕྱི་མ་ངན་སོང་ལུ་མི་སྐྱེཝ་ཨིན་པས།

གཉིས་པ་བུདྷ་རིགས་ཀྱི་འགྲོ། ཚེ་རིངམ་སྦེ་བུཚ་ལེ་ཤ་སྐྱེས་མི་ ཤ་མདོག་ཧོནམ་ འདོད་ཆགས་ཆུང་དྲགས་ འཛུམ་འཕྲོས་འཕྲོས་སྦེ་ཡོདཔ་ཨིན། དེ་དང་ལུས་འབྲེལ་འབད་ཚུགས་པ་ཅིན་ ཚེ་རིངམ་མ་ཚད་ ཤིཝ་ཅིག་ཨོ་རྒྱན་གྱི་ཞིང་ཁམས་ལུ་སྐྱེ་འོང་།

གསུམ་པ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ། ཉམས་རྒྱགས་དྲགས་ ཤ་དཀརཔོ་འཇམ་ཏོང་ཏོ་ གདོང་ཐད་སྒོར་སྒོ་ མིག་ཏོག་དཀྱུས་རིངམ་ སྐད་ཧན་ཏོང་ཏོ་སྦེ་ ཞབས་ཁྲའི་རིགས་ལུ་སྤྲོ་བ་ཆེ་དྲགས་ཡོད། དེ་དང་ཆ་ལུས་འབྲེལ་འབད་ཚུགས་པ་ཅིན་ ཚེ་ད་ལྟོ་བསམ་དོན་འགྲུབ་མ་ཚད་ ཕྱི་མ་ངན་སོང་ལུ་སྐྱེ་མི་དགོ།

བཞི་པ་རིན་ཆེན་མཁའ་འགྲོ། གཟུགས་ཕྱ་སི་སི་སྦེ་རིངམ་ གདོང་དཀར་པོའི་གུ་སེར་པོའི་མདངས་ཡོདཔ་ སྐྱ་སེརཔོ་ ང་རྒྱལ་ཆུང་དྲགས་ རྐེདཔ་ཕྱ་སི་སི་སྦེ་ཡོདཔ་ཨིན། དེ་དང་ལུས་འབྲེལ་འབད་བ་ཅིན་ ཚེ་ད་ལྟོ་ནོར་ལོངས་སྤྱོད་དང་ལྡནམ་མ་ཚད་ ཕྱི་མ་དམྱལ་བར་མི་སྐྱེཝ་ཐག་ཆོད།

ལྔ་པ་པངྨ་རིགས་ཀྱི་མཁའ་འགྲོ། ཤ་མདོག་དམརཔོ་སྦེ་ཧུམ་ཆིལ་ཆི་ རྐང་ལག་ཐུང་ཀུ་ འདོད་ཆགས་ཆེ་དྲགས་ ཨ་བུ་སྦོམ་ ཁ་སྒྱིར་དྲགས་འོངམ་ཨིན། དེ་དང་ལུས་འབྲེལ་འབད་བ་ཅིན་ བུ་གཞི་དར་ཞིང་རྒྱས་ ལྷ་འདྲེ་མི་གསུམ་དབང་ལུ་བསྡུ་སྟེ་ ཕྱི་མ་ངན་སོང་ལུ་རྩ་ལས་ར་སྐྱེ་མི་དགོ།

དྲུག་པ་ཀརྨ་མཁའ་འགྲོ། ཤ་མདོག་ཧོན་པོའི་གུ་སྨུག་པོའི་མདངས་ཡོདཔ་ དཔྱལཝ་སྦོམ་ གསད་ནི་དང་བརྡུང་ནི་ལུ་དགའ་དྲགས་འོངམ་ཨིན། དེ་དང་ལུས་འབྲེལ་འབད་བ་ཅིན་ སྡང་བའི་དགྲ་གིས་གནོད་མི་ཚུགསཔ་མ་ཚད་ ཕྱི་མ་ངན་སོང་ལུ་ཡང་མི་སྐྱེ།

བདུན་པ་འཇིག་རྟེན་མཁའ་འགྲོ། གདོང་དཀརཔོ་འཛུམ་འཕྲོས་འཕྲོས་ སྦྱིན་པ་གཏང་ནི་ལུ་དང་འདོད་ཅན་ ཕམ་དང་གཉེན་གྲོགས་ལུ་དམ་ཚིག་གཙང་ཏོག་ཏོ་སྦེ་མི་ཅིག་ཡོདཔ་ཨིན། དེ་དང་ལུས་འབྲེལ་འབད་ཚུགས་པ་ཅིན་ ཟས་ནོར་དང་རིགས་བརྒྱུད་འཕེལཝ་མ་ཚད་ ཕྱི་མ་སྐྱེས་པ་ཕོ་ལུས་ཐོབ།

བརྒྱད་པ་ཤ་ཟ་མཁའ་འགྲོ། ཤ་གནགཔོ་ཐལ་གོ་རི་རི་ ཁ་སྦོམ་ སོ་ཐེབས་མཆེཝ་བཟུམ་སྦེ་ཡོདཔ་མ་ཚད་ མིག་ཏོ་གསུམ་གྱི་ཚུལ་ལུ་ དཔྱལཝ་གུ་རྟགས་མཚན་ཡོདཔ་ རྐང་ལག་གི་སེན་མོ་རིངམ་ སྟུ་ཕོ་གུ་སྨེཝ་གནགཔོ་ཡོདཔ་ ཤ་ཁྲག་ལོངས་སྤྱོད་ནི་ལུ་དགའ་དྲགས་ ཨ་ལོ་སྐྱེས་ཚད་ཅིགཔོ་མོ་རང་གིས་ཟ་སྟེ་ ནུབ་མོ་གཉིད་རྩ་ལས་ར་ཚོར་ནི་མེད་མི་ཅིག་ཡོདཔ་ཨིན། དེ་དང་ལུས་འབྲེལ་འབད་བ་ཅིན་ ཚེ་ཐུང་ན་ཚ་མང་པའི་ཁར་ ནོར་ལོངས་སྤྱོད་ཆུང་ ཕྱི་མ་རྡོ་རྗེ་དམྱལ་བར་སྐྱེ་དགོཔ་ཨིན།

དགུ་པ་གོ་ཐལ་མཁའ་འགྲོ། ཤ་སེརཔོ་ཐལ་གོ་རི་རི་ གདོང་གུ་ལས་སོབ་འཐོན་མི་ ཐབ་ནང་གི་གོ་ཐལ་ཟ་མི་ཅིག་ཡོདཔ་ཨིན། དེ་དང་ལུས་འབྲེལ་འབད་བ་ཅིན་ གཟུགས་ཐང་ཆད་དེ་ སྡུག་བསྔལ་མྱོང་ནི་དང་ ཕྱི་མ་ཡི་དྭགས་ལུ་སྐྱེ་དགོཔ་ཨིན་པས།