ཨ་ཙ་ར་ཁ་བརྒྱང་མི།


ddddཞབས་དྲུང་འཇིགས་མེད་ཆོས་རྒྱལ་མཆོག་གི་ རྟ་ལོག་ཚེས་བཅུའི་སྐབས་ ཨ་ཙ་ར་ཐེབས་བཙུགས་ནིའི་ཐུགས་བསམ་བཞེས་ཏེ་ ཨ་ཙ་རའི་ཞལ་འབགཔ་བཟོ་བའི་སྐབས་ ཐུགས་འདོད་བཞིན་དུ་འགྱོ་མ་བཏུབ་པར་དགོངསམ་ཁྲེལ་ཏེ་ གཙུག་ལག་ཁང་གི་རབ་གསལ་ནང་ལས་སྦྱིག་གོ་སེང་བཀོ་གནངམ་ད། རྫོང་གི་རྩ་བར་རྡོ་གཅལ་ནང་སྦྱག་ཏ་ཁྱེནམ་ཕོགས་རུང་     མར་ལས་ཡར་བགའ་དོ་བཟུམ་སྦེ་ནི་འདི་གིས་ ཕྱག་གཡོག་ཅིག་འཐུ་བར་བཏང་སྟེ་ མ་མཁལ་གུ་གག་གྲམ་བྱུང་མི་འདི་ ཟངས་སྐུད་ཀྱིས་སྤུས་ཙ་སྦེ་བཅོ་ཁ་གནང་སྟེ་ ལོ་བསྟར་རྟ་ལོག་ཚེས་བཅུའི་སྐབས་མཇལ་ཁ་གནང་མི་ ཨ་ཙ་ར་ཁ་བརྒྱང་མི་ཟེར་མི་འདི་ཨིན་པས། དེ་ལས་ཚུར་ གནད་དོན་ག་ཅི་གིས་དགོངས་ཁྲེལ་བྱུང་རུང་ གཟིམ་ཅུང་ནང་ལུ་ཀ་གུ་དཔྱངས་ཏེ་ཡོད་པའི་ ཞལ་འབགཔ་འདི་གཟིགསཔ་ཅིག་ཕྱག་ཐལ་རྩེད་བརྡུང་སྟེ་ དགོངསམ་ཁྲེལཝ་སངས་དོ་ཡོདཔ་ཨིན་པས།
ཞབས་དྲུང་འཇིགས་མེད་ཆོས་རྒྱལ་མཆོག་གི་ ཕྱག་བཟོ་ཨ་ཙ་རའི་ཞལ་འབགཔ་དང་ ཕྱག་མཚན་དབང་ཕྱུག་ཆེནམོ་འདི་ བྱིན་རླབས་ཆེ་བའི་ལོ་རྒྱུས་ཞུ་དགོ་པ་ཅིན་ བར་སྐབས་ཅིག་ཁར་ རྟ་ལོག་ཚེས་བཅུའི་སྐབས་ གཡུས་ཚན་གཞན་ཁའི་བུཚ་གཅིག་གིས་ རྩེདམོ་རྩེ་ནིའི་དོན་ལུ་ ཕྱག་མཚན་དབང་ཕྱུག་ཆེནམོ་ ཁྱིམ་ནང་འཐུ་འབག་པའི་ནུབ་མོ་ གཉིད་དགའཝ་སྐྱིདཔ་སྦེ་ལོག་མ་སྟེར་བ་ ཆོས་སྐྱོང་ཐུགས་མ་དགྱེས་པའི་རྟགས་དངོས་སུ་སྟོན་པའི་ལོ་རྒྱུས་འདུག འདི་གིས་སྦེ་ ཨ་ཙ་རའི་ཕྱག་མཚན་དང་ ཞལ་འབག་གུ་ལས་དབང་ཞུ་བ་ཅིན་ གདོན་བགེགས་ཀྱིས་གླགས་འཁེལ་མ་ཚུགས་པའི་ ནུས་མཐུ་ཡོདཔ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་པས།