རྒྱང་མཐོང་ནང་སླབ་མི་ཚུ་དཔྱེ་བལྟ་དོ་ཡོདཔ།


སྤྱིར་བཏང་འབྲུག་མི་དང་ ལྷག་པར་དུ་ ན་གཞོན་ཚུ་གིས་ རྫོང་ཁ་སླབ་ཐངས་དཔྱེ་བལྟ་ས་ཅིག་ རྒྱང་མཐོང་ནང་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ དྲི་བ་བཀོད་ཐངས་དང་ལན་འཇལ་ཐངས་ གནས་ཚུལ་ལྷག་ཐངས་ལུ་གཞི་བཞག་དོ་ཡོདཔ་ལས་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ ཞེ་ས་དང་ཕལ་སྐད། ཚིག་གི་གོང་འོག་དང་ མིང་ཚིག་ཕོག་ལམ་དང་འཁྲིལ་ཏེ་ དབྱེ་བ་དཔྱད་དེ་སྒྲ་དག་གསལ་གསུམ་སྦེ་མ་སླབ་པ་ཅིན་ ག་མེན་གུ་མེན་གྱི་མིང་ཚིག་ཚུ་ དར་ཁྱབ་འགྱོ་ནིའི་ཉེན་ཁ་སྦོམ་འདུག།

  • ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ལེགས་བཅོས་འབད་དགོཔ་ལེ་ཤ་ཅིག་ར་འདུག ཨིན་རུང་འདི་ཚུ་རེ་རེ་བཞིན་དུ་ཞུ་བའི་འོས་འབབ་མེདཔ་ལས་ དཔྱེ་ཅིག་བཀོད་པ་ཅིན་
  • ཐུགས་འོ་བརྒྱལ་བར་མ་གཟིགས་པརཟེར་མི་འདི་ སྐུ་འོ་བརྒྱལ་བ་དང་ཐུགས་འཚེར་བར་མ་གཟིགས་པ་ཟེར་སླབ་པ་ཅིན་དྲག་ནི་ཨིན་པས།
  • བྱོན་གནང་མི་ལུ་བཀའ་དྲིན་ཆེ་ཟེར་བའི་སྐབས་ལུ་ བྱོན་ཟེར་མི་འདི་ར་ཞེ་ས་ཨིནམ་ལས་ ལོགས་སུ་ཞེ་ས་ཉིས་སྦྲེལ་བཙུག་དགོཔ་ཅིག་མ་མཐོངམ་མ་ཚད་ ངག་གཤིས་དང་བསྟུནམ་ད་ དུམ་གྲ་ཅིག་ཧན་ཏོང་ཏོ་མེདཔ་ལས་ བྱོན་མི་ལུ་ཟེར་སླབ་རུང་འཐུས་པས་ཟེར་མནོཝ་མས།
  • དེ་ལས་ལས་རིམ་འགོ་བཙུགས་པའི་བསྒང་ལས་མཇུག་བསྡུ་དཔ་བཟུམ་སྦེ་ ཕྲང་ཕྲ་ར་ བཀའ་དྲིན་ཆེ་ཟེར་ཞུ་ནི་མི་དེ་འོས་འབབ་ཅིག་མ་མཐོང་། ད་རིས་ནཱ་བྱོན་མི་ལུ་དགའ་ཚོར་ཡོད་ཟེར་བསུ་བ་འབད་བའི་བརྡ་སྟོན་པ་ཅིན་དྲག་ནི་ཨིན་པས། ག་ནེ་བ་ཁག་ཆེཝ་སྦེ་ གནད་དོན་ངོ་མ་གུ་གྲོས་བསྡུར་མཐིལ་ཕྱིན་སྦེ་འབད་ཚུགས་ནིའི་དོན་ལུ་ ངོ་སྤྲོད་དང་བཀའ་དྲིན་དགའ་ཚོར་མང་མ་པར་ དུས་ཚོད་བར་སྟོང་མ་གཏངམ་དྲག་ནི་མས། 
  • གནས་ཚུལ་ལྷག་པའི་སྐབས་ གཟིགས་གནང་མི་ཚུ་ལུ་སྐུ་གཟུགས་བཟང་པོ་ཟེར་ཞུ་སྲོལ་ཡོད་མི་དེ་བ་འདི་ གཟིགས་ཟེར་མི་འདི་ར་ཞེ་ས་ཨིནམ་ལས་ གནང་མི་ཟེར་བའི་ཚིག་འདི་མ་བཙུག་རུང་བཏུབ་ནི་ཨིན་པས།
  • དགེ་འདུན་དམངས་ གསོལ་ཐབ་བྱོན་གནང་པའི་བསྒངཡོདཔ་ཨིན་པས་ཟེར་མི་དེ་ གསོལ་ཐབ་བྱོན་པའི་བསྒང་ཟེར་རུང་འཐུས་པས། 
  • ལས་རིམ་གཟིགས་མི་ཚུ་ཐུགས་མི་བསུན་ནི་དང་ གོ་བརྡ་ཧིང་སངས་ས་སྦེ་སྤྲོད་ཚུགས་ནིའི་དོན་ལུ་ ཚིག་ལོག་ཅི་ར་སླབ་ནི་ལང་ཤོར་ཚུད་མི་དེ་བ་འདི་ མིང་ཚིག་གོ་བ་བདེ་ཏོག་ཏོ་ཚུ་སེམས་ཁར་བཀལ། རིགཔ་སྒྲིམ་སྟེ་སླབ་པ་ཅིན་དྲག་ནི་ཨིན་པས་ཟེར་ཞུ་ནི་ཨིན། འདི་ནང་བཀོད་མི་འདི་ ང་རའི་བསམ་འཆར་ཨིནམ་ལས་ འཛོལ་བ་འབྱུང་པ་ཅིན་དགོངསམ་མ་ཁྲེལ་ཟེར་བཟོད་གསོལ་ཞུ་ནི་ཨིན།།

 

ཐུགས་འཆར།