རྒྱལ་སྲས་བསྟན་འཛིན་རབ་རྒྱས་དང་སྐུ་ཕྲེང་རིམ་བྱོན།


                     རྒྱལ་སྲས་བསྟན་འཛིན་རབ་རྒྱས།

འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ གཙང་པ་རྒྱ་རས་ཀྱི་གདུང་བརྒྱུད་ལས་བར་མ་ཆད་པ་བྱོན་མི་ ཆོས་རྗེ་ཀུན་ལེགས་པའི་གདུང་སྲས་ གསང་བདག་གར་སྟོན་གྱི་སྤྲུལ་པ་ ངག་དབང་བསྟན་འཛིན། དེའི་སྲས་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་ཡང་སྲིད་ སྒྲུབ་པའི་དབང་ཕྱུག་ཚེ་དབང་བསྟན་འཛིན་དང་ ཡུམ་ལྕང་སྒང་ཁའི་སྲསམོ་ དམ་ཆོས་བསྟན་འཛིན་མ་གཉིས་ཀྱི་སྲས་ལུ་ སྟོན་པའི་འདས་ལོ་ཉིས་སྟོང་ལྔ་བརྒྱ་བཅུ་དྲུག་དང་། སྤྱི་ལོ་༡༦༣༨ རབ་བྱུང་༡༡པའི་ས་སྟག་ལུ་ ངོ་མཚར་བའི་ལྟས་སྣ་ཚོགས་དང་བཅས་སྦེ་སྐུ་འཁྲུངས་ནུག།

དགུང་ལོ་༨་བཞེསཔ་ད་ སྐྱབས་མགོན་གོང་མ་ཞབས་དྲུང་རིན་པོ་ཆེ་གིས་ དབུ་སྐྲ་གཙུག་ཕུད་བཞེས་ མཚན་ཡང་ཞབས་དྲུང་རིན་པོ་ཆེ་ཁོང་རའི་མཚན་ལས་རྟགས་དྲངས་ཏེ་ ངག་དབང་བསྟན་འཛིན་རབ་རྒྱས་ཟེར་མཚན་གསོལ། མཐུན་རྐྱེན་ག་ར་ཕྱག་མཛོད་ནང་ལས་གནང་སྟེ་ དགེ་སློང་ནང་བཙུགས་ནུག།

དུས་དེ་ལས་བཟུང་ཞབས་དྲུང་རིན་པོ་ཆེ་དང་ ཕོ་རྒསམོ་སྦྱིན་པ་རྒྱལ་མཚན། དེ་ལས་ ཡོངས་འཛིན་དམ་ཆོས་རྒྱལ་མཚན་དང་ མཁན་ཆེན་རྣམ་གཉིས་ཀྱི་ཞབས་ལས་ དགེ་ཚུལ་སློང་གཉིས་ཀྱི་སྡོམ་པས་གཙོས་པའི་ དཔལ་ལྡན་འབྲུག་པའི་ཆོས་ཡོད་ཚད་ཅིགཔ་ལུ་གསན་བསམ་མཛད་དེ་ མཁས་པའི་ཕུལ་དུ་ཕྱིན་མ་ཚད་ རང་གི་གདན་ས་རྟ་མགོའི་ཡང་དབེན་རྫོང་ཁའི་རི་ཁྲོད་ལུ་ སྒྲུབ་པ་ལུ་བཞུགསཔ་ད་ མཆོག་དང་མཐུན་མོང་གི་དངོས་སྒྲུབ་ཐོབ་སྟེ་ ཆོ་སྐུའི་ཡེ་ཤེས་མངོན་དུ་གྱུར་ནུག།

དེ་ལས་ རང་ལུགས་འདས་ལོ་༡༨པ་ གནམ་ལོ་ས་སྤྲེལ་ དགུང་ལོ་༣༡བཞེསཔ་ད་ དཔལ་ལྡན་འབྲུག་པ་གོང་མ་རིན་པོ་ཆེའི་རྒྱལ་ཚབ་སྦེ་ གསེར་ཁྲི་མངའ་གསོལ་ཞུ་ཞིནམ་ལས་ རྫོང་ཁག་སོ་སོའི་རབ་སྡེ་ནང་ མགོན་ཁང་དང་ རྟེན་མདོས་གསར་བཙུགས་ལེ་ཤ་མཛད་དེ་ གདན་ས་ལུ་རང་ལུགས་ཀྱི་གར་ཐིག་དབྱངས་གསུམ་ཚུ་ གསང་སྔགས་ཀྱི་ཕྱག་ལེན་རྩལ་དུ་བཏོན་ཏེ་ ཆོས་སྲིད་འཛིན་སྐྱོང་སྤེལ་བཞུགས་པའི་བར་ན་ དགུང་ལོ་༤༣་བཞེས་པའི་ སྤྱི་ལོ་ ༡༦༨༠ གནམ་ལོ་ལྕགས་སྤྲེལ་ལུ་ འབྲུག་གི་སྡེ་སྲིད་བཞི་པའི་རྒྱལ་ས་ཕྱག་ལུ་བཞེས་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པའི་བདག་པོར་གསེར་ཁྲི་མངའ་གསོལ་ཞུ་བའི་ ཉིནམ་འདི་ཁ་ལས་འགོ་བཟུང་ སྨན་ལྗོངས་འདི་ནང་ བདེ་སྐྱིད་ལྷ་བཟུམ་བྱུང་མི་འདི་ཡང་། ཨོ་རྒྱན་རིན་པོ་ཆེའི་ལུང་ལས། རྡོར་གདན་མཐིལ་ནས་བསྟན་འཛིན་མིང་ཅན་འབྱུང་༔ དེ་བཞུགས་རིང་ལ་ལྷོ་བོད་ཡུགས་གཅིག་བདེ༔ ཟེར་ལུང་བསྟན་གནང་མི་དོན་ཐོག་ཏུ་བབ་ཏེ་ ལྷོ་ལྗོངས་ཀྱི་མི་ཚུ་གིས་ དུས་འདི་བསྒང་བཟུམ་སྐྱིད་ཏོང་ཏོ་ནམ་ཡང་མ་བྱུང་ཟེར་ ལོ་རྒྱུས་བསླབ་མི་ཡང་འཐོན་ནུག།

ལྷག་པར་དུ་ཞབས་དྲུང་རིན་པོ་ཆེ་གིས་ ངས་རྟ་མགོའི་གདུང་འཛིན་འདི་ལུ་རེ་བ་སྦོམ་ཡོདཔ་ལས་ ཁོ་གིས་གྲུབ་རུང་གྲུབ་ཚུགས་ཟེར་གསུང་དོ་བཟུམ་སྦེ་ བླ་མའི་དགོངས་གཞེད་བཟུམ་སྦེ་ཕྱག་ལཱ་མཛད་དེ་ ཤར་ཝང་སྤར་གསུམ་ལས་བཙུན་ཁྲལ་བསྡུས་ དགེ་འདུན་གྱི་སྡེ་རྒྱ་བསྐྱེད་མཛད་དེ་ མཚན་ཉིད་ཀྱི་སྡེ་གསར་བཙུགས་གནང་ནུག།

དེ་མ་ཚད་ གསོ་བ་རིག་པ་དང་རྩིས་པའི་སྡེ།། ལྷ་རིསཔ་དང་འཇིམ་བཟོ་པའི་སྡེ། ཡིག་རིསཔ་དང་ཚེམས་དྲུབ་པའི་སྡེ། པརཔ་དང་གསེར་ཤོག་པའི་སྡེ། དེ་ལས་ དངུལ་བཟོ་པའི་སྡེ་ཚུ་ བཟོ་རིགས་ཀྱི་སྡེ་ལེ་ཤ་གསར་བཙུགས་གནང་། ཤར་ནུབ་དགུང་གསུམ་ཀྱི་གཡུས་ཚན་ཚུ་ནང་སྒར་བསྐོར་ལུ་བྱོན་ཏེ་ རང་རང་སོ་སོའི་འདོད་པ་དང་བསྟུན་ཏེ་ ཆོས་དང་ནོར་གྱི་སྦྱིན་པ་ ག་ཅི་དགོཔ་གནང་སྟེ་ ག་ར་གི་ཡིད་ཚིམ་མཛད་ནུག།

ཟ་མ་ཟ་གདོང་ལུ་ལྟ། །འབད་མ་འབད་ཤུལ་ལུ་ལྟ། །ཟེར་བའི་དཔྱེ་བཟུམ་སྦེ་ཕྱག་ཤུལ་ལུ། རྒྱལ་བ་ཤཱཀྱ་ཐུབ་པའི་གསེར་སྐུ་ ཐོག་ཚད་གསུམ་འབད་མི་གིས་གཙོས་པའི་ སྐུ་རྟེན་གྱི་རིགས་དང་། བཀའ་འགྱུར་གསེར་བྲིས་མ་གིས་གཙོས་པའི་གསུང་རྟེན་གྱི་རིགས། སངས་རྒྱས་ཤཱཀྱ་ཐུབ་པའི་ མཐོང་གྲོལ་ཆེན་མོ་གིས་གཙོས་པའི་ཐང་ཀ་དང་། འཆམས་ཆས་དང་མཆོད་རྫས་ཚུ་གསར་སྒྲུབ་ལེ་ཤ་མཛད་གནང་ནུག། 

ཞབས་དྲུང་རིན་པོ་ཆེ་གིས་སྔོན་མ་ལས་ བདེ་མཆོག་འཁོར་ལོའི་སྒྲུབ་མཆོད་ཀྱི་སྐབས་རིག་མ་བཅུ་དྲུག་གི་མཆོད་པ་དང་འབྲེལ་བའི་ གར་འཆམ་བཙུགས་ནིའི་རུས་རྒྱན་ཚུ་གི་ཅ་ལ༌ལེ༌ཤ༌་བསྒྲུབས་གནང་རུང་ སྲོལ་རྒྱུན་བཙུགས་མ་ཚུགས་པར་ལུས་མི་འདི་གི་ ཐུགས་དགོངས་ཡང་བསྒྲུབ་ནི་གི་དོན་ལུ་ བོད་ལྷོ་བྲག་འཇའ་ལུང་པ་ཨོ་རྒྱན་ཚེ་རིང་ བོད་ལུ་ཆེད་མངགས་བཏང་གནངམ་བཞིན་དུ་ ཁོ་གིས་བོད་གོང་དཀར་གྱི་ཆོས་སྡེ་ རྡོ་རྗེ་གདན་ སྣེ་གདོང་ཆོས་སྡེ་དང་ ལྷ་ལུང་ཆོས་སྡེ་ཚུ་ལས་ ཟླཝ་བརྒྱད་ཀྱི་རིང་ལུ་ འཆམ་ཆ་ཚང་མཐར་ཕྱིནམ་སྦེ་ལྷབ་སྟེ་ལོག་འབྲུག་ལུ་ལྷོད་ཞིན་ན་ འཆམ་དེ་ཚུ་རྒྱལ་སྲས་ལུ་གཟིགས་འབུལ་ཕུལཝ་ད་ཐུགས་ག་ཅི་དེ་མཉེས་ཏེ་ གནས་ཕུན་སུམ་ཚོགས་པ་བཀྲིས་ཆོས་ཀྱི་རྫོང་ཆེན་འདི་ནང་ དུས་ཕུན་སུམ་ཚོགས་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ལོའི་ སྟོན་ཟླ་ར་བའི་ཁྲུམས་ཟླ་ ཧོར་ཟླ་ ༨ པའི་ཚེས་བཅུ་ཐམས་ སྤྱི་ལོ་༡༦༨༧ལས་འགོ་བཟུང་ ཨོ་རྒྱན་ཚེས་བཅུའི་སྲོལ་གསར་བཙུགས་གནང་མི་དང་འབྲེལ་ཏེ་ གུ་རུ་མཚན་བརྒྱད་དང་ རིག་མ་བཅུ་དྲུག་གཏུམ་རྔམ་གྱི་སྐུ་འཆམ་དང་བཅས་པའི་དུས་སྟོན་གསར་འཛུགས་གནང་ནུག།

གནམ་ལོ་ས་འབྲུག་ལུ་ དྲུང་ཡིག་ནོར་བུ་གིས་འགོ་འདྲེན་ཐོག་རྟ་མགོ་ལུ་ གཙུག་ལག་ཁང་ཟུར་༡༢ ཐོག་གསུམ་འབད་མི་ ཀ་སྤུངས་དང་བཅས་ ཟླཝ་གཉིས་ཀྱི་ནང་འཁོད་ལུ་གྲུབ། ད་རུང་ གནམ་ལོ་ཆུ་སྤྲེལ་ལུ་ གྲགས་པ་རྒྱ་མཚོ་གིས་འགོ་འདྲེན་འབད་དེ་ ཞབས་དྲུང་རིན་པོ་ཆེའི་དགོངས་གཞེད་དང་འཁྲིལ་ སྟག་ཚང་ལུ་ དཔལ་ཕུག་གི་གཙུག་ལག་ཁང་ཐོག་གཉིས་འབད་མི་ རྟེན་དང་བརྟེན་པར་བཅས་གསར་བཞེངས་གནང་སྟེ་ མངའ་ཞབས་ཀྱི་དགོན་སྡེ་མང་ཆེ་ཤོས་ཞིག་གསོས་མཛད་ནུག།

གྲུབ་པའི་རྟགས་མཚན་ལུ་ མགར་ས་ལུ་ཞལ་དཀར་བར་སྣང་ཁམས་ལུ་བཞག་ནི་དང་། སྟག་ཚང་ལུ་རྫུ་འཕྲུལ་གྱི་སྐུ་གཉིས་སྦེ་སྟོན་མི། ཕྱག་ཌམ་གྱི་ཟུར་ཁར་ ཕྱག་མཛུབ་ཀྱི་རི་མོ་གསལ་རིལ་རི་སྟོན་གནང་མི་འདི་ ལོ་རྒྱུས་ཙམ་མེན་པར་ མངོན་སུམ་དུ་གྲུབ་སྟེ་ཡོདཔ་ལས་ དེ་བཟུམ་མའི་མཁས་གྲུབ་གཉིས་ལྡན་གྱི་འགོ་ལས་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་སྲིད་ གོང་ལས་གོང་དུ་འཕེལ་བའི་ མཛད་བྱ་བསམ་གྱི་མི་ཁྱབ་པར་མཛད་དེ་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ མི་ལོ་བལྕེ་ལྔ་བསྐྱངས་པའི་མཐའ་མར་ དགུང་ལོ་༥༧བཞེས་པའི་ གནམ་ལོ་ཤིང་ཁྱི་ལུ་ སྙུན་གཞི་ཟུན་ཏེ་ སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུ་མཛད་ གདན་ས་རྟ་མགོ་ལུ་བཞུགས་པའི་བར་ན་ དགུང་གྲངས་༥༩བཞེས་པའི་ གནམ་ལོ་མེ་བྱའི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་༡༠ལུ་ ངོ་མཚར་བའི་ལྟས་དང་ མཁའ་འགྲོའི་བསུས་མ་བཅས་ དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ལུ་བྱོན་སོ་ནུག་ཟེར་ཞུ་ནི་ཨིན།། །།

      རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐུ་ཕྲེང་ཁྲི་སྤྲུལ་རིམ་བྱོན།

༡༽ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ ཁྲི་སྤྲུལ་སྐུ་ཕྲེང་དང་པ་མི་ཕམ་དབང་པོ་མཆོག་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་རྫོང་གི་མངའ་ཁུལ་ བོན་སྦིས་ཆོས་རྗེའི་གདུང་རབས་ལུ་ རང་ལུགས་འདས་ལོ་༥༩དང་ རབ་བྱུང་༡༢པའི་ གནམ་ལོ་ས་གླང་ལུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་ནུག།

མཁན་ཆེན་བཟོད་པ་ཕྲིན་ལས་ལས་ ཕྱི་སོ་ཐར་གྱི་བསླབ་པ་དགེ་ཚུལ་སློང་གི་སྡོམ་པ་བཞེས་ཏེ་ རིགས་བདག་ཆོས་རྗེ་ངག་དབང་རྒྱལ་མཚན་དང་། སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ། ཡོངས་འཛིན་ངག་དབང་ལྷུན་གྲུབ་དང་། ངག་དབང་ཕྲིན་ལས་ཚུ་ལས་ ཐུན་མོང་རིག་པའི་གཞུང་ལས་འགོ་བཟུང་། གསང་སྔགས་གསར་རྙིང་གི་དབང་དང་གདམས་པ་མ་ལུས་པ་ བུམ་པ་གང་བྱོའི་ཚུལ་དུ་བཞེས་ཏེ་ ལུང་རྟོགས་ཡོན་ཏན་རྒྱ་མཚོའི་བསྟན་བདག་ལུ་བསྒྱུར་ཞིནམ་ལས་ གནས་སྐབས་ཅིག་སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པ་ལུ་ སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱི་སྐུ་ཚབ་སྦེ་གདན་ས་བཟུང་བཞུགས་ནུག།

ཁྲི་སྤྲུལ་རིན་པོ་ཆེ་དགུང་ལོ་༢༡ལུ་ སྐྱབས་མགོན་གོང་མའི་རྒྱལ་ཚབ་ཀྱི་ གསེར་ཁྲི་ལུ་བྱོནམ་དང་འབྲེལ་ཏེ་ འབྲུག་གི་སྡེ་སྲིད་༡༠པའི་ཕྱག་འགན་ཡང་ མཉམ་ཅིག་བཞེས་ཏེ་བཞུགས་པའི་སྐབས་ རིན་སྤུངས་སྤྱི་བླ་དཀར་སྤེ་དོན་གྲུབ་ཀྱིས་ངོ་ལོག་སྟེ་ གཞུང་ལུ་དམག་ལོག་ཅིག་ལོག་ཅིག་རྐྱབ་རུང་ གླགས་མ་ཁེལ་བར་ བོད་ཀྱི་རྒྱལ་པོ་བསོད་ནམས་སྟོབས་ལུ་མགོ་གཏད་ཞུས་ཏེ་ དགའ་ལྡན་ཕོ་བྲང་པའི་དམག་རྒྱབ་ཚར་གཉིས་འོང་པའི་སྐབས་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་༡༢པ་བྱང་ཆུབ་རྡོ་རྗེ་དང་ ཞྭ་དམར་སྐུ་ཕྲེང་༨པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་རྣམ་གཉིས་ཀྱིས་ ལྷོ་བོད་གཉིས་ཀྱི་བར་ན་ཆིངས་འགྲིགས་བཟོ་གནང་བའི་སྐབས་ ཁྲི་སྤྲུལ་རིན་པོ་ཆེ་གིས་ དགའ་ལྡན་ཕོ་བྲང་དང་འབྲུག་གཞུང་གཉིས་ཀྱི་བར་ན་ མཐུན་ལམ་ ཡུན་རིངམོ་གནས་ནིའི་དོན་ལུ་གན་རྒྱ་བཞེས་ཏེ་ བོད་ལུ་འབྲུག་པའི་སྐུ་ཚབ་བཞག་ཆོགཔ་བཟོ་གནང་སྟེ་ ཚ་བོ་ཚེ་རིང་དབང་ཕྱུག་སྐུ་ཚབ་སྦེ་བཀོ་བཞག་གནང་ནུག།

བཀྲ་ཤིས་ཆོས་རྫོང་ནང་དཀར་བརྒྱུད་ཕོ་བྲང་དང་ སྤུ་ན་ཁ་ལུ་བླ་མ་དྲག་པོའི་དཀྱིལ་འཁོར་བློས་བླངས། དེ་ལས་ གསེར་ཟངས་ཀྱི་སྤྱན་རས་གཟིགས་ ཐོག་ཚད་གསུམ་འབད་མི་ཚུ་བཞེངས་གནང་པའི་བསྒང་ ནུ་གཅུང་རྒྱལ་སྲས་འཇིགས་མེད་ནོར་བུ་ ཞིང་ལུ་ཕེབས་སོ་ནི་འདི་གིས་ཐུགས་ཕམ་ཏེ་ གནམ་ལོ་ཤིང་ཡོས་ལུ་ དགུང་ལོ་༢༧བཞེསཔ་ད་ སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུས་ཏེ་ བོད་ལུ་ནུ་གཅུང་ རྒྱལ་སྲས་རིན་པོ་ཆེའི་དགོངས་རྫོགས་སྒྲུབ་ནི་དང་འབྲེལ་ གནས་གཟིགས་ལུ་བྱོནམ་ད་ བོད་ཀྱི་རྒྱལ་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ ཞབས་ཏོག་བསྙེན་བཀུར་ལེགས་ཤོམ་སྦེ་མཛད་ ལོག་སྟེ་འབྲུག་ལུ་ཕེབས་ཞིནམ་ལས་ རྟ་མགོའི་གདན་ས་ལུ་བཞུགས་པའི་མཐའ་མར་ དགུང་ལོ་༣༠ གནམ་ལོ་ས་རྟ་ལུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནུག། །།

སྐུ་ཕྲེང་གཉིས་པ།

༢༽ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ ཁྲི་སྤྲུལ་སྐུ་ཕྲེང་གཉིས་པ་འཇིགས་མེད་སེངྒེ་མཆོག་ ཀྲོང་གསར་བོན་སྦིས་གདུང་རབས་ལུ་ རང་ལུགས་འདས་ལོ་༩༢དང་ རབ་བྱུང་༡༢པའི་ གནམ་ལོ་ཆུ་ཁྱི་ལུ་སྐུ་འཁྲུངས་ནུག།

མཁན་ཆེན་ཤཱཀྱ་རིན་ཆེན་རྩ་བའི་བླམ་སྦེ་བསྟེན་ཏེ་ ཕྱི་སོ་ཐར་གྱི་སྡོམ་པ་བཞེས་ཏེ་ ཡོངས་འཛིན་བསྟན་འཛིན་ཆོས་རྒྱལ་དང་། ཀུན་ཡོན་རྣམ་གཉིས་ལས་ རིགས་ལམ་ལས་འགོ་བཟུང་ གཞུང་ལུགས་ལུ་ཐོས་བསམ་བསམ་མཛད་དེ་ མཁས་པའི་གྲགས་པ་འཐོནམ་མ་ཚད་ དུང་ལོ་༢༢ལུ་ གོང་མའི་གསེར་ལུ་མངའ་གསོལ་ཞུ་ཞིནམ་ལས་ ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ལུ་བཞུགས་ཏེ་ རྟོགས་པས་བདག་རྒྱུད་གྲོལ་ ཐུགས་རྗེས་གཞན་དོན་མཛད་དེ་ དགུང་ལོ་༢༥བཞེས་པའི་ གནམ་ལོ་མེ་ཕག་ལུ་ རྟ་ལོག་གསང་སྔགས་ཆོས་གླིང་གི་གདན་ས་བཏབ་སྟེ་ འགྲོ་དོན་མཛད།

དེ་ལས་ དགུང་ལོ་༣༥བཞེས་པའི་ གནམ་ལོ་མེ་སྤྲེལ་ལུ་ སྡེ་སྲིད་ཁྲི་རབས་༡༨པའི་གསེར་ཁྲི་ཕྱག་ལུ་བཞེས་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་ ཆོས་བཞིན་བསྐྱངས་ཏེ་བཞུགས་པའི་བསྒང་ ཕ་ཇོ་སྡིངས་རྣམ་གྲོལ་མཁའ་སྤྱོད་གླིང་དང་ རྟ་མགོ་ཆོས་དབྱིངས་རྫོང་ཉམས་གསོ་ཞུཝ་མ་ཚད་ དཀར་སྤེ་ས་སོ་རལ་རྫོང་དང དཀར་སྤེ་མཆོད་རྟེན་རྙིང་པོ་ལུ་ མི་འགྱུར་ལྷུན་པོའི་གཙུག་ལག་ཁང་ཚུ་རྟེན་གསུམ་ཁྱད་པར་ཅན་ལེ་ཤ་ཕྱག་བཏབ། གདན་ས་སྤུང་ཐང་རྫོང་མེ་མཆོད་བཞེས་མི་འདིའི་ཉམས་གསོ་དང་ ནང་རྟེན་གསར་བཙུགས་གནངམ་དང་འབྲེལ་ ཀུན་མཁྱེན་བཀའ་འབུམ་གྱི་སྤར་གཞིའི་བཟོ་གྲྭ་ཚུ་བཙུགས་ཏེ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་ཕྱག་ཤུལ་ལེ་ཤ་བཞག་ནུག།

 དེ་ལས་ དགུང་ལོ་༤༧བཞེསཔ་ད་ སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུ་མཛད་ཞིནམ་ལས་ ཙཱ་རི་དང་བོད་ལུ་གནས་གཟིགས་ལུ་ཞབས་བསྐོར་བྱོན་ཏེ་ ལོག་འབྲུག་ལུ་ཆིབས་བསྒྱུར་གནང་པའི་མཐའ་མ་ དགུང་ལོ་༤༨བཞེས་པའི་ གནམ་ལོ་ས་བྱ་ལུ་ དགོངས་པ་ཆོས་དབྱིངས་ལུ་བྱོན་ནུག་ཟེར་ཞུ་ནི་ཨིན།།

ཁྲི་སྤྲུལ་གསུམ་པ།

༣༽ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ ཁྲི་སྤྲུལ་སྐུ་ཕྲེང་གསུམ་པ་ངག་དབང་འཇམ་དཔལ་རྒྱ་མཚོ་ མཚན་གཞན་ ཚུལ་ཁྲིམས་གྲགས་པ་ཟེར་ཞུ་མི་ རང་ལུགས་འདས་ལོ་༡༤༠པ་ རབ་བྱུང་༡༣པའི་ གནམ་ལོ་ལྕགས་ཁྱི་ལུ་སྐུ་འཁྲུངས་ནུག།

མཁན་ཆེན་འཇམ་དབྱངས་རྒྱལ་མཚན་དང་ ཡོངས་འཛིན་ངག་ཆོས་རྒྱལ་ཚུ་ལས་ སོ་ཐར་གྱི་སྡོམ་པས་གཙོས་པའི་ རང་ལུགས་དཔལ་ལྡན་འབྲུག་པའི་ ཐུན་མོང་དང་ཐུན་མིན་གྱི་སྨིན་གྲོལ་གདམས་པ་ཚུ་མཐིལ་ཕྱིན་གསན་ཏེ་ དགུང་ལོ་༢༠བཞེས་པའི་ གནམ་ལོ་ས་སྦྲུལ་ལུ་ སྡེ་སྲིད་༢༦པའི་ཕྱག་འགན་བཞེས་གནང་ནུག།

དེ་བསྒང་ ཞབས་དྲུང་ཐུགས་གསུམ་པ་འཇིགས་གྲགས་པ་དང་ ཞབས་དྲུང་གསུང་སྤྲུལ་གསུམ་པ་ཡེ་ཤེས་རྒྱལ་མཚན་རྣམ་གཉིས་ཀྱི་བར་ན་ མི་ངན་དག་པ་ཅིག་གིས་དཀྲུགས་ཤིང་ལས་བརྟེན་ ནང་འཁོད་འབྲེལ་ཟིང་གིས་ཐུགས་བསུན་ཏེ་ དགུང་ལོ་༢༡ལུ་ སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུ་མཛད་དེ་ གདནས་རྟ་མགོ་ལུ་ ཆོས་ཕྱོགས་ཀྱི་བྱ་བ་ཁོ་ན་མཛད་བཞུགས་པའི་བར་ན་ དགུང་ལོ་༤༡བཞེས་པའི་ གནམ་ལོ་ལྕགས་སྟག་ལུ་ དགོངས་པ་རྫོགས་སོ་ནུག།

ཁྲི་སྤྲུལ་བཞི་པ།

༤ ༽རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ ཁྲི་སྤྲུལ་སྐུ་ཕྲེང་བཞི་པ་ཕྲིན་ལས་རྒྱ་མཚོ་མཆོག་ རི་ལུགས་འདས་ལོ་༡༨༥པ་ རབ་བྱུང་༡༤པའི་ གནམ་ལོ་ཤིང་ལུག་ལུ་སྐུ་འཁྲུངས་ནུག།

མཁན་ཆེན་ཡོན་ཏན་རྒྱ་མཚོ་དང་ པདྨ་བཟང་པོ་ཚུ་ལས་ དགེ་ཚུལ་སློང་གི་སྡོམ་དང་ སྨིན་གྲོལ་གྱི་གདམས་པ་སྒོམ་མཛད་དེ་ རྗེ་མཁན་པོའི་ཕྱག་འགན་དང་ སྡེ་སྲིད་ཀྱི་ཕྱག་འགན་ག་ནི་ཡང་མ་བཞེས་པར་ རྟ་མགོའི་གདན་ས་བཟུང་བཞུགས་བཞུགས་པར་དགོངས་པ་རྫོགས་སོ་ནུག།

ཁྲི་སྤྲུལ་ལྔ་པ།

༥༽ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ ཁྲི་སྤྲུལ་སྐུ་ཕྲེང་ལྔ་པ་མི་ཕམ་རྣམ་རྒྱལ་མཆོག་ སྔོན་གྱི་བག་བགས་སད་དེ་ སྐུ་གོང་མ་ཁྲི་སྤྲུལ་ཕྲིན་ལས་རྒྱ་མཚོའི་ ཡང་སྲིད་སྦེ་ཞལ་བཞེས་མཚད་རུང་ གསེར་ཁྲི་མངའ་གསོལ་ཞུ་མ་ཚུགས་པར་ ༼རྟེན་༽ཆས་ཡང་སྐྱ་སེར་ངེས་མེདཔ་སྦེ་བཞུགས་ཏེ་ དགོངས་པ་རྫོགས་ཞིནམ་ལས་ ཡང་སྲིད་ཧཱ་ལས་འཁྲུངས་ཏེ་ རྟགས་དང་མཚན་མ་གསལ་རིལ་རི་ཡོད་པའི་ལོ་རྒྱུས་ཡོད་རུང་ གདུལ་བྱའི་ལས་སྣང་ལས་བརྟེན་ཏེ་ འགྲོ་དོན་མ་བྱུང་པས་ཟེར་ཞུ་ནི་ཨིན།།

ཞིབ་འཚོལཔ་དང་འབྲི་མི་ཀརྨ་བསྟན་འཛིན།