རྒྱལ་སྲས་འཇམ་དཔལ་རྡོ་རྗེ་དང་སྐུ་ཕྲེང་རིམ་བྱོན།


སྐྱབས་མགོན་གོང་མའི་གདུང་སྲས་ངག་དབང་འཇམ་དཔལ་རྡོ་རྗེ།

འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ མིའི་གཟུགས་སུ་བྱོན་མི་དཔལ་ལྡན་འབྲུག་པ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་གདུང་རབས་དྲི་མ་མེད་པ་ལས་བྱོན་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་མི་ཆད་ནིའི་དོན་ལུ་ ས་སྐྱ་བདག་ཆེན་གྱི་སྲསམོ་རྒྱལ་ཡུམ་ཁྲི་ལྕམ་གོས་དཀར་སྒྲོལ་མ་གསང་ཡུམ་སྦེ་བཞེས་ཏེ་གདུང་གི་ཆོ་ག་མཛདཔ་ད་ གདུང་སྲས་ངག་དབང་འཇམ་དཔལ་རྡོ་རྗེ་མཆོག་ རབ་བྱུང་༡༡པའི་གནམ་ལོ་ལྕགས་ལུག་ སྤྱི་ལོ་༡༦༣༡་གི་ལོར་ གདན་ས་གསང་སྔགས་ཟབ་དོན་ཕོ་བྲང་ནང་སྦེ་སྐུ་འཁྲུངས་ཡོདཔ་མ་ཚད་ སེམས་རྟོགས་ཁ་རྫོང་གི་ གྲུབ་སྟོན་བཀྲ་ཤིས་རབ་གནས་དང་འབྲེལ་ཏེ་ གདུང་སྲས་འཇམ་དཔལ་རྡོ་རྗེའི་ འཁྲུངས་སྟོན་ཅིག་ཁར་སྦེ་བརྩི་སྲུང་ཞུ་ཡོདཔ་ཨིན་པས།

གདུང་སྲས་འཇམ་དཔལ་རྡོ་རྗེ་མཆོག་ སྐུ་ན་ཆུང་ཀུ་སྦེ་བཞུགས་པའི་བསྒང་ལས་ རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་ཡོངས་འཛིན་སྦེ་བསྟེན་ཏེ་ སྐུ་ཡོན་གསན་བསམ་མཛད་བཞུགསཔ་ད་ དགུང་ལོ་བརྒྱད་ལུ་སྙུན་གཞི་ཟུན་ཏེ་འབད་རུང་ ཡབ་རིན་པོ་ཆེའི་སྐུ་མདུན་ལས་ ཕྱག་ཆེན་གདམས་པའི་བདུད་རྩི་བཞེས་ཏེ་ གདན་ས་ལྕགས་རི་ལུ་ སྐུ་ཚེ་གཅིག་སྒྲུབ་པ་གནང་སྟེ་ ཕྱག་རྒྱ་ཆེན་པོའི་གནས་ལུ་གཟིགས་ཏེ་གྲུབ་པའི་དབང་ཕྱུག་ལུ་གྱུར་ནུག།

དུས་ཨ་རྟག་ར་འབྲེལ་བ་མེད་པར་ཕྱག་ཞུ་མི་སློབམ་ཚུ་གིས་ གདུང་སྲས་འཇམ་དཔལ་རྡོ་རྗེ་མཆོག་ལུ་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་ རྒྱུན་མི་ཆད་ནི་གསོལཝ་བཏབ་པའི་ངོ་ལུ་ ས་སྐྱ་ཡི་གདུང་རབས་ལས་མཆེད་པའི་ ངོར་ ཞབས་ཀླུ་སྡིངས་པའི་ཚམོ་གཅིག་ གསང་ཡུམ་སྦེ་ཕུལ་མི་འདི་ལས་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་རིམ་པར་བྱོན་ནིའི་ལུང་བསྟན་ཡོད་དེ་འབད་རུང་ བསྟན་པའི་ཆ་རྐྱེན་དང་ འབྲུག་མི་ཚུ་གིས་བསོད་ནམས་ཀྱིས་མ་ཐེག་པར་  སྲས་མོ་མཚོ་སྐྱེས་རྡོ་རྗེ་རྐྱངམོ་ཅིག་མ་གཏོགས་ སྲས་མ་འཁྲུངས་པས།

དེ་ལས་ལོ་ངོ་མང་རབས་ཅིག་གི་རིང་ལུ་ གདུང་སྲས་འཇམ་དཔལ་རྡོ་རྗེ་མཆོག་གིས་ ཡབ་རྗེ་དམ་པའི་ཐུགས་དགོངས་སྒྲུབ་ཡོདཔ་མ་ཚད་ བསྟན་པ་དང་སེམས་ཅན་གྱི་དོན་ལུ་ ཕྱག་ལཱ་མང་རབས་ཅིག་གནང་སྟེ་བཞུགས་པའི་མཐའ་མར་ དགུང་ལོ་ལྔ་བཅུ་ང་གཅིག་བཞེས་པའི་ གནམ་ལོ་ལྕགས་བྱ་ སྤྱི་ལོ་༡༦༨༡གི་ལོར་ ཞིང་འདིའི་གདུལ་བྱ་རྫོགས་ཏེ་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག

དེ་ལས་སྐལ་ལྡན་བུ་སློབ་ཚུ་གིས་ སྐུ་ཚིག་ཐུགས་དགོངས་རྫོགསཔ་སྦེ་སྒྲུབ་ཡོདཔ་མ་ཚད་ གསང་ཐབས་ཀྱི་སྒོ་ལས་ སྐུ་གདུང་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་དབུ་རྩེ་ནང་ལུ་ སྐུ་དམར་གདུང་མ་ཆེན་སྦེ་བཞུགས་སུ་གསོལ་ཏེ་  ཡབ་སྲས་གཉིས་དབྱེ་བ་མེད་པར་ སྐུ་དངོས་སུ་བཞུགས་པའི་སྐབས་བཟུམ་སྦེ་ར་ མཆོད་པའི་རྒྱུན་བཟང་པོ་བཙུགས་ཏེ་ ད་ལྟོའི་བར་ན་ཡང་ རྩེ་གསོལ་དཔོན་དང་ གཟིམ་དཔོན་གྱི་སྲོལ་མ་ཉམས་པར་ཡོདཔ་ཨིན་པས་ཟེར་ཞུ་ནི་ཨིན།།

        རྒྱལ་སྲས་སྐུ་ཕྲེང་དང་པ།

༡༽  གདུང་སྲས་འཇམ་དཔལ་རྡོ་རྗེའི་ཡང་སྲིད་ རྒྱལ་སྲས་སྐུ་ཕྲེང་དང་པོ་ཀུན་དགའ་རྒྱལ་མཚན་མཆོག་ ཤར་ཕྱོགས་བཀྲ་ཤིས་བསྒང་གི་མཚམས་འབྲོག་དགོན་པ་ལུ་ རང་ལུགས་འདས་ལོ་༣༩་དང་ རབ་བྱུང་༡༢པའི་ས་སྦྲུལ་ སྤྱི་ལོ་༡༦༨༩་ལུ སྐུ་འཁྲུངས་ནུག སྐུ་ན་ཆུང་ཀུའི་བསྒང་ལས་ གདན་ས་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ལུ་གདན་འདྲེན་ཞུས་ཏེ་ སྐུ་གོང་མའི་གསེར་ཁྲི་གུ་བཀྲ་ཤིས་མངའ་གསོལ་གྱི་དགའ་སྟོན་རྒྱས་ཤིང་རྒྱསཔ་སྦེ་མཛད་ནུག

མཁན་ཆེན་དམ་ཆོས་པད་དཀར་དང་ ཡོངས་འཛིན་འབྲུག་སྒྲ་རྒྱ་མཚོ་ དེ་ལས་གྲུབ་ཐོབ་ངག་དབང་བསམ་གཏན་ཚུའི་ཞབས་ལས་ གཞི་ཐེག་ཆེན་སོ་ཐར་གྱི་སྡོམ་པས་གཙོས་པའི་ མདོ་སྔགས་གཞུང་ལུགས་སྤྱི་དང་ ལྷག་པར་དུ་ རང་ལུགས་ཀྱི་སྨིན་གྲོལ་གདམས་པའི་ཟིལ་དངར་ བུམ་པ་གང་བྱོའི་ཚུལ་ལུ་བཞེས་གནང་། མཁྱེན་རབ་ཀྱི་འདབ་རྒྱ་གྲོལ་ཏེ་ བསྟན་འཛིན་བུང་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ལུ་གྱུར་ནུག  སྒྲུབ་པའི་བསྟི་གནས་ གདན་ས་ལྕགས་རི་ལུ་བྱོནམ་ཅིག་ སྔོན་གྱི་བག་ཆགས་སད་དེ་ བདེན་འཛིན་གྱི་ཐེ་ཚོམ་གྲོལ། ཕྱག་ཆེན་གྱི་རྟོགས་པ་ཐུགས་ལུ་འཁྲུངས་ནུག

དེ་ལས་གདན་ས་ལྕགས་རི་ལུ་ ལྷ་མོའི་བསྙེན་པ་གནང་བའི་སྐབས་ དཔལ་ལྡན་ལྷམོ་ཞལ་མངོན་སུམ་གཟིགས། ལྷ་མོ་གཙོ་མོའི་སྐུ་འཆམ་དངོས་སུ་མཇལ་ཏེ་ ལྷ་དབང་སྒྲུབ་ཆེན་བཙུགས་པ་ཅིན་ འབྲུག་རྒྱལ་ཁབ་ཀྱི་བསྟན་སྲིད་དང་ རྒྱལ་བློན་འབངས་འཁོར་གྱི་བདེ་སྐྱིད་ལུ་ ཕན་ཐབས་ཆེ་བའི་ལུང་བསྟན་གནང་ཡོདཔ་ལས་ ལྷ་མོའི་རྒྱུད་དང་བཀའ་བརྒྱུད་གོང་མའི་གསུང་ཚུ་ལུ་གཞི་བཅོལ་ཏེ་ རབ་བྱུང༡༢་པའི་གནམ་ལོ་ལྕགས་ཕོ་སྟག་ལོ་ སྤྱི་ལོ་༡༧༡༠་ལུ་ རྒྱལ་སྲས་རིན་པོ་ཆེ་དགུང་ལོ་༢༡་བཞེསཔ་ད་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་མགོན་ཁང་ཆེན་མོ་ནང་ ཁྲག་འཐུང་རྒྱལ་མོའི་ཞལ་གཟིགས་ལུང་བསྟན་འཁྲིལ་ཏེ་ ལྷ་དབང་སྒྲུབ་ཆེན་དང་ ལྷམོ་གཙོ་མོའི་གར་འཆམས་ཚུ་ ཧེ་མ་མིང་ཡང་མ་གྲགས་པའི་ཁྱད་ཆོས་ངོ་མཚར་ཅན་ ལྷ་དབང་སྒྲུབ་ཆེན་འགོ་བཙུགས་གནང་ནུག།

མཚན་གཞན་རྒྱལ་སྲས་གྷ་ན་པ་ཏི་ཟེར་ཞུ་མི་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་མཆོག་གིས་ ཆོས་ཕྱོགས་ཀྱི་ཕྱག་ལཱ་མང་རབས་ཅིག་གནང་སྟེ་བཞུགས་པའི་བསྒང་ར་ སྨོན་ལམ་ལོག་པའི་ཕྱོགས་ལྷུང་ཅན་ཚུ་གིས་ ཆགས་སྡང་ཕྱོགས་རིས་ཀྱི་དབང་ལུ་ཐལ་ཏེ་ རྒྱལ་སྲས་རིན་པོ་ཆེ་ལུ་ མི་འཚམས་པའི་སྤྱོད་ངན་འབདཝ་ལས་བརྟེན་ ཐུགས་བསུན་ཏེ་ ག་གིས་ཡང་མ་ཤེསཔ་སྦེ་གསང་སྟེ་ ཤར་མཁོ་ཐང་ཁ་ལུ་ཟུར་ཏེ་བཞུགས་རུང་ བསྟན་པའི་དགྲ་བོ་ཚུ་གིས་ ཤ་ཁྱི་བདའ་དོ་བཟུམ་རྟིང་བདའ་སྟེ་ དགུང་ལོ་༢༥བཞེས་པའི་གནམ་ལོ་ཆུ་སྦྲུལ་ལོར་ ཞིང་འདིའི་གདུལ་རྫོགས་ཏེ་དགོངས་པ་རྫོགས་སོ་ནུག། །།

 

རྒྱལ་སྲས་སྐུ་ཕྲེང་གཉིས་པ།

 ༢༽ གདུང་སྲས་འཇམ་དཔལ་རྡོའི་ཡང་སྲིད་ རྒྱལ་སྲས་སྐུ་ཕྲེང་གཉིས་པ་ འཇིགས་མེད་ནོར་བུ་འདི་ ཀྲོང་གསར་རྫོང་ཁག་ བོན་སྦིས་གཡུས་ཚན་ནང་ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་གདུང་བརྒྱུད་ལས་མཆེད་པའི་ གདུང་ལྷ་དར་གྱི་རིགས་ལས་ རང་ལུགས་འདས་ལོ་༦༧ རབ་བྱུང་༡༢་པའི་གནམ་ལོ་མེ་བྱ་ལུ་སྐུ་འཁྲུངས་ནུག།

མཁན་ཆེན་བཟོད་པ་ཕྲིན་ལས་ལས་ སོ་ཐར་སྡོམ་པའི་བསླབ་ཚིགས་བཞེས་ཏེ་ ཆོས་སྤྱོད་ཀྱི་བྱ་བ་ལུ་བརྩོན་ཏེ་བཞུགས་ཡོདཔ་མ་ཚད་ དགུང་ལོ་༡༣ལུ་གསེར་ཁྲི་མངའ་གསོལ་ཞུ་སྟེ་ རིགས་བདག་ཆོས་རྗེ་ངག་དབང་རྒྱལ་མཚན་དང་ སྒང་སྤྲུལ་བསྟན་འཛིན་ལེགས་པའི་དོན་གྲུབ། དེ་ལས་ཡོངས་འཛིན་ངག་དབང་ཕྲིན་ལས་ཚུའི་ཞབས་ལས་ མདོ་སྔགས་སྨིན་གྲོལ་ལམ་གྱི་རིམ་པ་ཚུ་གསནམ་ཙམ་ཅིག་གིས་ དཀའ་ཚེགས་ག་ནེ་ཡང་མེད་པར་ འཇམ་ཏོང་ཏོ་སྦེ་མཁྱེནམ་ལས་ ག་ར་ཡ་མཚན་ཆེས་ཏེ་ བསྟོད་པའི་ཡུལ་ལུ་གྱུར་ཏེ་བཞུགས་པའི་བསྒང་ དགུང་ལོ་༡༩བཞེས་པའི་ གནམ་ལོ་ཤིང་ཡོས་ལུ་ སྤྲུལ་པའི་ཟླ་ཚེས་དགུང་ལུ་ཡལ་སོང་ནུག་ཟེར་ཞུ་ནི་ཨིན།

    རྒྱལ་སྲས་སྐུ་ཕྲེང་གསུམ་པ།

༣༽ གདུང་སྲས་འཇམ་དཔལ་རྡོའི་ཡང་སྲིད་ རྒྱལ་སྲས་སྐུ་ཕྲེང་གསུམ་པ་འབྲུག་སྒྲ་རྣམ་རྒྱལ་མཆོག་ ཀུར་སྟོད་དུང་དཀར་ཆོས་རྗེའི་གདུང་བརྒྱུད་ལུ་ རང་ལུགས་འདས་ལོ་༨༧་ རབ་བྱུང་༡༢པའི་གནམ་ལོ་མེ་སྦྲུལ་ལུ་སྐུ་འཁྲུངས་ནུག།

མཁན་ཆེན་བསྟན་འཛིན་ནོར་བུའི་ཞབས་ལས་ སོ་ཐར་སྡོམ་པ་བཞེས་ཏེ་ སྐུ་ཡོན་བཞེས་ཡོདཔ་མ་ཚད་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ སྐུ་གོང་མའི་གསེར་ཁྲི་ལུ་ཁྲི་མངའ་གསོལ་ཞུ་ནུག

དེ་ལས་ཐུབ་དབང་ཤཱཀྱ་རིན་ཆེན་དང་ ཡོངས་འཛིན་བསྟན་འཛིན་ཆོས་རྒྱལ་གྱི་ཞབས་ལས རང་ལུགས་དཔལ་ལྡན་འབྲུག་པའི་ སྨིན་གྲོལ་གྱི་གདམས་པ་ཚུ་གསན་བཞེས་མཛད་དེ་ གདན་ས་ལྕགས་རི་རྡོ་རྗེ་གདན་ལུ་ ལོ་༥འི་རིང་ལུ་སྙིང་པོའི་སྒྲུབ་པ་ལུ་བཞུགས་ཏེ་ སྣང་གྲགས་འགྱུར་གསུམ་ ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར་ སྐུ་མཚམས་གྲོལ་ཞིནམ་ལས་ ཕྲིན་ལས་ཀྱི་མཛད་སྒོ་བརྒྱ་ཕྲག་དུས་གཅིག་ལུ་ཕྱེ་བའི་བསྒང་ར་ དགུང་ལོ་༢༦་བཞེས་པའི་གནམ་ལོ་ཆུ་རྟ་ལོར་ གློ་བུར་དུ་ཞིང་ལུ་ཕེབས་ནུག་ཟེར་ཞུ་ནི་ཨིན།།

རྒྱལ་སྲས་སྐུ་ཕྲེང་བཞི་པ།

༤༽  གདུང་སྲས་འཇམ་དཔལ་རྡོ་རྗེའི་ཡང་སྲིད་ རྒྱལ་སྲས་སྐུ་ཕྲེང་བཞི་པ་འཇིགས་མེད་རྣམ་རྒྱལ་མཆོག་ ཀྲོང་གསར་རྫོང་ཁག་ མང་འདུས་བོན་སྦིས་གདུང་རབས་ལས་ རང་ལུགས་འདས་ལོ་༡༡༣དང་ རབ་བྱུང་༡༣པའི་ གནམ་ལོ་ཆུ་ལུག་ལོར་ ངོ་མཚར་བའི་རྟགས་དང་བཅསཔ་སྦེ་སྐུ་འཁྲུངས་ནུག།

མཁན་ཆེན་ཡོན་ཏན་མཐའ་ཡས་དང་ ཡོངས་འཛིན་ཤེས་རབ་སེངྒེའི་ཞབས་ལས་ བསླབ་ཚིགས་རིམ་པ་གཉིས་སུ་བཞེས་ མདོ་སྔགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་གསན་བསམ་མཛད་དེ་ ལུང་རྟོགས་ཡར་ངོའི་ཟླཝ་བཟུམ་སྦེ་རྒྱས་པའི་བར་ན་ ཞིང་འདིའི་གདུལ་བྱ་ཚུའ་ བསོད་ནམས་དམན་པའི་དབང་གིས་ དགུང་ལོ་༣༣ལུ་ ཞིང་བརྗེ་བའི་ཚུལ་བསྟན་ནུག་ཟེར་ཞུ་ནི་ཨིན།།

 

རྒྱལ་སྲས་སྐུ་ཕྲེང་ལྔ་པ།

༥ ༽ གདུང་སྲས་འཇམ་དཔལ་རྡོ་རྗེའི་ཡང་སྲིད་ རྒྱལ་སྲས་སྐུ་ཕྲེང་ལྔ་པ་འཇམ་དཔལ་རྡོ་རྗེ་མཆོག་ རང་ལུགས་འདས་ལོ་༡༤༨པ་ རབ་བྱུང་༡༣པའི་གནམ་ལོ་ས་རྟ་ལུ་སྐུ་འཁྲུངས་ནུག།

མཁན་ཆེན་འཇམ་དཔལ་གྲགས་པ་དང་ ཡོངས་འཛིན་འཇིགས་མེད་རྒྱལ་མཚན་ལས་ བསླབ་ཚིགས་གཙོས་པའི་མདོ་སྔགས་རིག་གཞུང་དང་ རང་ལུགས་དཔལ་ལྡན་འབྲུག་པའི་སྨིན་གྲོལ་གྱི་གདམས་ངག་ཚུ་ བུམ་པ་གང་བྱོའི་ཚུལ་དུ་བཞེས་ཏེ་བཞུགས་པའི་བར་ན་ དགུང་ལོ་༣༢གནམ་ལོ་ས་གླང་ལུ་ དགོངས་པ་རྫོགས་སོ་ཞིན་ན་ལས་ རྒྱལ་སྲས་སྤྲུལ་སྐུའི་སྐུ་ཕྲེང་བྱོན་པའི་ལོ་རྒྱུས་མི་ནུག་ཟེར་ཞུ་ནི་ཨིན།།

ཞིབ་འཚོལཔ་དང་འབྲི་མི་ ཀརྨ་བསྟན་འཛིན།