འབྲུག་རྒྱང་བསྒྲགས་ལས་འཛིན།


འབྲུག་རྒྱལ་ཁབ་ནང་ལུ་ རྒྱང་བསྒྲགས་ཀྱི་ཞབས་ཏོག་འགོ་དང་པ་ར འབྲུག་རྒྱལ་ཡོངས་ན་གཞོན་ཁས་བླངས་ཚོགས་པ་སྡེ་ཚན་ཅིག་གིས་ སྤྱི་ལོ་༡༩༧༣སྤྱི་ཟླ་༡༡པའི་སྤྱི་ཚེས་༡༡ལུ་ འབྲུག་རྒྱལ་༤པ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ཏེ་འགོ་བཙུགས་ནུག དེ་བསྒང་དུས་ཡུན་སྐར་མ་༣༠་གི་རིང་ལུ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཐོག་ལས་ གནས་ཚུལ་དང་གླུ་གཞས་ཀྱི་རིགས་ཚུ་བཏང་སྲོལ་ཡོདཔ་ཨིན་མས།
དེ་ལས་སྤྱི་ལོ་༡༩༨༦ལོར་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་བསྒྱུར་བཅོས་གནང་ཡོདཔ་མ་ཚད། རྫོང་ཁ། ཤར་སྐད། ལྷོ་མཚམས་ཁ། ཨིང་སྐད་ཀྱི་ཐོག་ལས་ རྒྱང་བསྒྲགས་ཞུ་ནི་འགོ་བཙུགས་ནུག  དེ་ལས་རིམ་གྱིས་རྒྱལ་ཁབ་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ རྒྱལ་ཁབ་ནང་ མི་མང་ལུ་ཞབས་ཏོག་ཞུ་མི་བརྡ་བརྒྱུད་གཙོ་ཅན་ཅིག་ཨིནམ་གཞུང་གིས་མཁྱེན་ཡོད་པའི་ ལྷག་པར་མི་དབང་འབྲུག་རྒྱལ་༤པའི་ ཐུགས་རིག་ལམ་སྟོན་དང་བཀའ་སློབ་དང་བསྟུན་ སྤྱི་ལོ་༡༩༩༩ལོར་ རྒྱང་མཐོང་ཡང་འགོ་བཙུགས་ཏེ་འབད་རུང་། རྒྱལ་ཁབ་མཐའ་དབུས་མེད་པའི་མི་སེར་སྤྱིར་སྙོམས་ལུ་ཕན་ཐོགས་ཆེ་ཤོས་ར་ རྒྱང་བསྒྲགས་འདི་ཨིནམ་གཞུང་གིས་མཁྱེན་ཏེ་ ད་རུང་དེ་བ་དྲགཔ་སྦེ་ཞབས་ཏོག་ཡར་དྲགས་གཏང་ཐབས་ལུ་ སྤྱི་ལོ་༢༠༡༣སྤྱི་ཟླ་༢པའི་ཚེས་༢༡ལུ་ མི་དབང་འབྲུག་རྒྱལ་༥པ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་ལུ་ རྫོང་ཁའི་རྒྱང་བསྒྲགས་ཀྱི་རྒྱུན་ལམ་ལོགས་སུ་སྦེ་འགོ་བཙུགས་གནང་ཡི།

དེ་ཡང་དྲོ་པ་ཆུ་ཚོད་༦ལས་ཕྱི་རུ་ཆུ་ཚོད་༩ཚུན་ དངོས་གསན་སྦེ་རྒྱང་བསྒྲགས་ཞུ་དོ་ཡོདཔ་མ་ཚད་ ནུབ་མོ་ཆུ་ཚོད་༩་ལས་ཉིན་མ་གི་ལས་རིམ་སྒྲ་བཟུང་ཡོད་མི་ཚུ་ དྲོ་པ་ཆུ་ཚོད་༦ཚུན་གཏང་དོ་ཡོདཔ་ལས་ རྒྱང་བསྒྲགས་ཀྱི་ལས་རིམ་འདི་དུས་ཡུན་ཆུ་ཚོད་༢༤གི་རིང་ལུ་གསན་ཚུགས།