ནུབ་གཞས་ཀྱི་རྒྱབ་ཁུངས་མདོར་བསྡུས།


འབྲུག་རྒྱལ་ཁབ་ཀྱི་ལུང་ཕྱོགས་དང་ གཡུལ་ཕྱོགས་ཁག་ལུ་ གཞས་དང་གཞས་མོའི་རིགས་མ་འདྲཝ་ལེ་ཤཱ་ཅིག་ར་ཡོད་དོ་བཟུམ་སྦེ་ ཀྲོང་གསར་རྫོང་ཁག་ མང་སྡེ་ཚོ་བཞིའི་གྲལ་ལས་ སྟང་སི་སྦྱིས་རྒེད་འོག་ལུ་ སྟང་སི་སྦྱིས་ཀྱི་གཞསམོ་དང་། ཀྲོང་གསར་རྫོང་གི་ཉེ་འདབས་ དཔོན་སྒོས་གཡུས་ཚན་ནང་ དཔོན་སྒོས་པའི་ཞབས་བྲོ། དེ་ལས་ནུབ་པའི་རྒེད་འོག་ལུ་ནུབ་གཞས་འདི་ བླམ་དང་དཔོན་གྱི་སྐུ་མདུན་ལུ་ གུས་བཏུད་ཀྱི་ཆེ་བ་ལུ་ ཡོངས་གྲགས་སྦེ་ཕུལ་སྲོལ་ཡོདཔ་ཨིན་མས།
ནུབ་གཞས་ཟེར་མི་དེ་ཡང་ དུས་རབས་བཅུ་བདུན་པའི་ནང་  དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ལྷ་བླ་མའི་ལུང་བསྟན་དང་ ཆོས་སྐྱོང་གི་བསྐུལ་མ་ མི་སེར་གྱི་བསོད་ནམས་གཅིག་མཐུན་ལས་ རྒྱལ་ཁབ་འདི་ནང་ཕྱག་ཕེབས་ཞིནམ་ལས་ ཕྱི་ནང་དགྲའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ འབྲུག་རྒྱབ་ཁབ་ཟེར་ རྒྱལ་ཁབ་ཟླུམ་བུ་གཅིག་ལུ་བཟོ་གནང་། རྒྱལ་ཁབ་ཀྱི་ཕྱོགས་སོ་སོ་ལུ་ཕྱོགས་ཀྱི་སྤྱི་བླ་དང་ རྫོང་དཔོན་ཚུ་ ཞབས་དྲུང་རིན་པོ་ཆེ་ཁོ་རའི་སྐུ་ཚབ་སྦེ་བསྐོས་གནང་པའི་སྐབས་ ཆོས་རྒྱལ་མི་འགྱུར་བརྟན་པ་འདི༌ ཀྲོང༌གསར༌དཔོན་སློབ་དང༌པ༌སྦེ་བསྐོས༌ནུག།
དེ་ལས་རིམ་གྱི་ལམ་སྲོལ་ཁྱད་པར་ཅན་ལེ་ཤ་དར་ཡོད་པའི་གྲས་ལས་ རྒྱལ་བ་གོངམ་ཚུ་གིས་མཛད་མིའི་གླུ་གཞས་ཀྱི་རིགས་ཚུ་ ཧེ་མ་ལས་དར་ཏེ་ཡོད་རུང་ ནུབ་གཞས་ཟེར་བའི་གཞས་ཁྱད་པར་ཅན་འདི་ ཀྲོང་གསར་རྫོང་གི་ནུབ་ཁ་ཐུག་ཡོད་པའི་ ནུབ་པའི་རྒེད་འོག་ལས་ སྦྱིས་དང་སེངམ་སྦྱིས་གཡུས་ཚན་ནང་ལས་ རྒས་ཤོས་བློ་རིག་ཅན་ཚུ་གིས་ ཁོང་ར་གཡུས་ཁར་གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ལྷ་བོན་དང་ དགའ་སྟོན་རྟེན་འབྲེལ་གྱི་སྐབས་ལུ་རྐྱབ་ནི་སྲོལ་དར་ཡོདཔ་ཨིན་མས། གཞས་འདི་བྱིན་རླབས་ཅན་ཅིག་འབད་ནི་འདི་གིས་ ཤུལ་ལས་ཀྲོང༌གསར༌ཚེས་བཅུའི་སྐབས་དང་ གཞན་མཛད༌སྒོ༌རྟེན༌འབྲེལ༌ཚུ༌གི༌སྐབས༌ལུ་ གཞས༌འདི༌སྐད༌ཅན༌མིང༌ཅན༌ཅིག༌སྦེ་ཆེ༌མཐོའི༌གོངམ༌ཚུ༌དང༌ མི༌མང༌ལུ༌སྤྱན༌འབུལ༌ཞུ༌ནིའི༌ལམ༌སྲོལ༌བཙུགས༌ནུག ཀྲོང༌གསར༌དཔོན༌སློབ༌རིམ༌བྱོན༌ཚུ༌གིས༌ མི༌ཉམས༌གོང༌འཕེལ༌བཏང༌གནང༌པའི༌ཁར༌ ལྷག༌པར༌དུ༌ཀྲོང༌གསར༌དཔོན༌སློབ༌མི་རྗེ་འཇིགས༌མེད༌རྣམ༌རྒྱལ༌དང་ འབྲུག༌བརྒྱུད༌འཛིན༌གྱི༌རྒྱལཔོ་རིམ་བྱོན་ཚུའི་སྐུ་ཐོག་ལུ་ དར༌ཁྱབ༌དང༌ཡར༌རྒྱས༌གོང༌འཕེལ༌གནང༌སྟེ༌ གཞས༌ཁྱད༌པར༌ཅན༌ཅིག༌ལུ༌གྱུར༌ནུག།
བར་སྐབས་ཅིག་ལས་ ནུབ་གཞས་འདི་མགོ་མཇུག་འདྲོངམ་སྦེ་རྐྱབ་མ་ཚུགས་པར་ལུས་ཡོད་རུང་ ཀྲོང་གསར་རྫོང་ནང་ལུ་དར་ཁྱབ་བཏང་མི་ སྦྱིས་གཡུས་ཚན་ལས་ ཚེ་འདས་གཞས་དཔོན་ཨཔ་སངས་རྒྱས་དབང་འདུས་ཟེར་མི་འདི་ཨིན་མས། དེའི་སྐབས་ལུ་ ནུབ་གཞས་འདི་ དུས་སྟོན་རྟེན་འབྲེལ་གྱི་རིགས་ག་ཅི་རང་བརྩི་རུང་ རྐྱབ་ནིའི་སྲོལ་དར་ཡོདཔ་མ་ཚད་ གཡུས་ཁ་ལུ་ལྷ་བོན་དང་སྨྱུང་གནས་ དེ་ལས་ལོ་བསྟར་གྱི་ཀྲོང་གསར་ཚེས་བཅུའི་སྐབས་ལུ་ཡང་ ཡོངས་གྲགས་སྦེ་རྐྱབ་སྲོལ་ཡོདཔ་ཨིན་མས།
སྔོན་མ་ནུབ་གཞས་འདི་ཀྲོང་གསར་རྫོང་ནང་ལུ་ ཡོངས་གྲགས་སྦེ་ཕུལ་སྲོལ་ཡོད་པའི་སྐབས་ལུ་སྦྱིས་དང་སེང་སྦྱིས་གཡུས་ཚན་གྱི་མི་སེར་སོ་ནམས་པ་ཚུ་ བྱཱ་བརྔ་ཚར་བཞིནམ་ལས་ ཁྱལཔ་རེ་ལས་ཕོ་རྒས་རེ་འཐོན་ཏེ་ སྦྱི་ཟམ་གྱི་ཉེ་འདབ་ལུ་ཡོད་པའི་ ཆུ་ཞིང་འདི་ཁར་འཛོམས་ཞིནམ་ལས་ གཞས་ཀྱི་སྦྱོང་བརྡར་འབད་དོ་ཡོདཔ་ཨིན་མས། སྤྱིར་བཏང་ང་བཅས་རང་འབྲུག་རྒྱལ་ཁབ་ནང་ལུ་དར་ཏེ་ཡོད་མི་ གཞས་རིགས་ཚུ་གི་བར་ན་ གཞས་ཚིག་གི་ཁྱད་པར་གནམ་མེད་ས་མེད་ཅིག་མེད་ཨིན་རུང་ རང་རང་སོ་སོའི་རྫོང་གཞི་དང་གཡུས་སྒོ་ལས་བརྟེན་ གཞས་ཀྱི་ཚིག་དང་ལེའུ་གི་ཁྱད་པར་ཨ་ཙི་རེ་མ་འདྲཝ་སྦེ་ཡོདཔ་ཨིན་མས། ནུབ་གཞས་འདི་ཧེ་མའི་ཐོ་དང་ ད་རེས་ནང་པ་ཁ་རྒྱུན་ལས་བཤད་མི་དང་འཁྲིལ་བ་ཅིན་ བཀྲིས་རྩིསཔ་དང་ལེའུ་མ་འདྲཝ་༢༥ཡོདཔ་སྦེ་བཤདཔ་ཨིན་རུང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་བརྩམས་བསྒྲིགས་འབད་མི་འབྲུག་གི་གཞས་རབས་ཀྱི་དཔེ་དེབ་དང་འཁྲིལཝ་ད་ ནུབ་གཞས་འདི་ལུ་ ལེའུ་མ་འདྲཝ་༢༢རྐྱངམ་ཅིག་ལས་བརྒལ་ཏེ་མེདཔ་སྦེ་བཀོད་དེ་ཡོད་མི་གཉིས་རྟགས་མ་མཐུནམ་ལས་ མ་འོངས་པའི་ན་གཞོན་ཚུ་གིས་ཞིབ་འཚོལ་མཐིལ་ཕྱིན་མཛད་འོང་མནོ་བའི་རེ་སྨོན་ཡོད།།

ཐུགས་འཆར།