རྩ་ཁྲིམས་ཆེན་མོ།


སྤྱི་ལོ་༢༠༠༡སྤྱི་ཟླ་༡༡པའི་སྤྱི་ཚེས་༣༠ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་གཞི་བཙུགས་གནང་པའི་སྐབས་ མི་དབང་འབྲུག་རྒྱལ་༤པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ དུས་ཀྱི་འགྱུར་བ་དང་གཅིག་ཁར་ འབྲུག་རྒྱལ་ཁབ་ཡང་ ཕྱི་ནང་གི་འཇིགས་སྐུལ་ཚུ་གདོང་ལེན་འབད་དེ་འགྱོ་དགོཔ་མ་ཚད། དགའ་སྐྱིད་ཞི་བདེའི་ངང་ལུ་ རྒྱལ་ཁབ་གོང་འཕེལ་གཏང་དགོཔ་འདི་ཁག་ཆེ་ཟེར་གསུངས་ཡི། མི་དབང་འབྲུག་རྒྱལ་༤་པ་མཆོག་གི་བཀའ་སློབ་དང་ ལམ་སྟོན་ཟབ་མོ་དང་བསྟུན་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ཁྲི་འཛིན་མཛད་དེ་ རྩ་ཁྲིམས་ཟིན་འགོད་ཚོགས་པ་གིས་ རྒྱལ་ཁབ་༥༠ལྷགཔ་ཅིག་གི་ རྩ་ཁྲིམས་ཚུ་ན་འཐན་སྦེ་ལྟ་སྟེ་ རིག་པ་ཁག་ལེ་ཤ་གཅིག་ཁར་བསྡུས་ཏེ་བཟོ་བཟོཝ་ཨིན།

རྩ་ཁྲིམས་ཆེན་མོའི་ཟིན་བྲིས་དང་པ་འདི་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ལུ་ སྤྱི་ལོ་༢༠༠༢སྤྱི་ཟླ་༡༢པའི་ཚེས་༩ལུ་ཕུལ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༥སྤྱི་ཟླ་༣པའི་སྤྱི་ཚེས་༢༡ལུ་ རྩ་ཁྲིམས་ཆེན་མོ་ཆ་འཇོག་གནང་མི་འདི་གིས་ དམངས་གཙོའི་རིང་ལུགས་ནང་ ཁྲིམས་ཀྱི་གཞི་རྟེན་དང་། རྒྱལ་ཁབ་ཀྱི་རང་བཙན་དང་སྲུང་སྐྱོབས་ཀྱི་གཞི་ཅིག་ཨིན་མས། སྤྱི་ལོ་༢༠༠༥ཟླཝ་༣པའི་སྤྱི་ཚེས་༢༦ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་འདི་ ཡོངས་འབྲེལ་འཆར་སྒོ་ཁྱབ་སྤེལ་འབད་དེ་མི་མང་གི་བསམ་འཆར་བསྡུ་ལེན་འབད་ཡི།

དེའི་ཤུལ་ལས་མི་སེར་ཚུ་ལས་བསམ་འཆར་བསྡུ་ལེན་འབད་དེ་ རྩ་ཁྲིམས་ཆེན་མོ་འདི་ སྟབས་བདེ་ཏོག་ཏོ་དང་འཇམ་ཏོང་ཏོ་བཟོ་སྟེ་ སྤྱི་ལོ་༢༠༠༥སྤྱི་ཟླ་༨པའི་ཚེས་༡༨ལུ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་༤་པ་མཆོག་གིས་ རྫོང་ཁག་༢༠ནང་ རྩ་ཁྲིམས་ཆེན་མོའི་སྐོར་ལས་མི་སེར་ཚུའི་བསམ་འཆར་ག་དེ་སྦེ་ཡོད་ག་གཟིགས་ནིའི་དོན་ལུ་ འགོ་དང་པ་ར་ཐིམ་ཕུག་རྫོང་ཁག་གི་མི་སེར་ཚུ་དང་ཅིག་ཁར་གསུང་གྲོས་གནང་ཡི།

ང་བཅས་ར་མི་སེར་ཚུའི་དབང་ཆ་བཟུང་ནི་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་ཡུན་བརྟན་ དེ་ལས་རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་དང་ སྔར་སྲོལ་ལམ་ལུགས་སྲུང་སྐྱོབས་དང་ ཡར་བསྐྱེད་ཀྱི་གཞི་རྟན་ཅིག་ འབྲུག་གི་རྩ་ཁྲིམས་ཆེན་མོ་འདི་ཨིནམ་ད་ དེ་ཡང་གཙོ་བོ་ར་ མི་དབང་འབྲུག་རྒྱལ་༤པ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ ཐུགས་ཀྱི་བརྩོན་ཤུགས་ལུ་བརྟེན་ཏེ་བྱུང་བྱུངམ་ཅིག་ཨིནམ་ལས་ རྩ་ཁྲིམས་གཞི་བཙུགས་ཀྱི་ཉིནམ་དེ་ཡང་ མི་དབང་འབྲུག་རྒྱལ་༤པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ཏེ་བརྩི་སྲུང་ཞུཝ་ཨིན། སྤྱིར་བཏང་དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་རབས་རིམ་བྱོན་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ཕྱག་ལཱ་གནང་ཡོད་པའི་གུ་ ལྷག་པར་དུ་ མི་དབང་འབྲུག་རྒྱལ་༤པ་མཆོག་གིས་ སྐུ་སྲོག་ཡང་བློས་བཏང་སྟེ་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལུ་ཕྱག་ལཱ་གནང་པའི་མཛད་པ་རྗེས་སུ་དྲན་དགོཔ་གལ་ཆེ་བས།

ཐུགས་འཆར།