བུ་གཞི་ལུ་བཟང་པོའི་ལམ་སྟོན།


ལེགས་བཤད་ལས། གང་ཞིག་གསེར་གྱི་རི་ལ་གནས་ཙ་ན། །དེའི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །གང་ཞིག་དུག་གི་རི་ལ་གནས་ཙ་ན། །དེའི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར། །ཟེར་གསུངས་ཏེ་ཡོདཔ་མ་ཚད། འཇིག་རྟེན་པའི་དཔྱེ་གཏམ་ལས། རང་ལེགས་པ་མི་གཙོ། །ཆ་རོགས་ལེགས་པ་གཙོ། །ཆ་རོགས་ཞན་པ་ཨ་དྲི་མནམ། །ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཨ་ལོའི་གནས་སྐབས་ནང་ མེས་མ་བཏགས་པའི་སྐབས་ལུ་ རང་གི་བཟའ་ཚང་དང་ ཆ་རོགས་ཚུ་གིས་བཟང་ངན་གྱི་ལཱ་ག་འབད་མི་དེ་ ལེགས་ཉེས་ཀྱི་དབྱེ་བ་དཔྱད་མ་ཤེས་པར་ དེ་ལུ་སྤྲོ་བ་བསྐྱེད་དེ་ ལད་སྲོལ་རྐྱབ་པའི་ཤུལ་ ལང་ཤོར་ཐལ་བའི་བསྒང་ལས་ ཤུལ་ལས་དྲནམ་བཏགས་ཏེ་འབད་རུང་ ལཱ་ངན་བཀག་མ་ཚུགས་པར་ མི་ཚེའི་ནང་ ཕམ་ལུ་དྲིན་ལན་འཇལ་ནི་དང་ མི་སྡེ་ལུ་ཕན་བཏགས་ནི་ཕར་བཞག་ ཐ་ན་རང་གི་མགོ་ཡང་འཐོན་མ་ཚུགས་པར་ མི་ཚེ་རྫོགས་དོ་ཡོད་མི་དེ་ ལོགས་སུ་རྒྱས་བཤད་རྐྱབ་སྟེ་ཞུ་དགོཔ་མི་ནུག ཨིན་རུང་ རང་གི་བུ་གཞི་ཚུ་ མི་ཚེ་རིང་ལུ་ རང་མགོ་རང་འདྲོང་སྦེ་ དོན་དང་ལྡན་པའི་ལཱ་འབད་ཚུགས་ནིའི་དོན་ལུ་ འགོ་དང་འགོ་ལས་ལང་ཤོར་མ་གཏང་པ་ངན་པོའི་ལམ་ལུ་ཁ་ཞུགས་མ་བཅུག་པར་ དཔྱེ་བཟང་པོ་སྟོན་ནིའི་འགན་ཁག་དེ་ ཕམ་དང་སྤུན་ཆ་ཚུ་ཕོགཔ་ཨིན་པས། སླབ་སྲོལ་ལས་ དཔྱེ་ངན་རང་གིས་སྟོན། །སྤྱོད་ངན་རོགས་ཀྱིས་འབད། །ཕ་ག་འབད་བུའི་ལམ་སྟོན། །ཟེར་དོ་བཟུམ་སྦེ་ ཕམ་ལ་ལུ་གིས་ གཡང་ཟ་བག་ཚ་ག་ནེ་ཡང་མེད་པར་ རང་གི་བུ་གཞིའི་གདོང་ཁར་ སྤྱོད་ངན་འབད་མི་འདི་གིས་ ཧེང་སྐལ་ར་ ཨ་ལོའི་སེམས་ཁམས་ལུ་གནོད་དོ་ཡོདཔ་ལས་ དེ་བཟུམ་གྱི་ལཱ་བྱ་འཐབ་ནི་དེ་ ག་དེ་དྲག་དྲ་སྤངས་ཐབས་མཛད་གནང་ཟེར་ཞུ་ནི་ཨིན་ལགས།