གཞུང་སྒྲའི་འབྱུང་ཁུངས།


འབྲུག་རྒྱལ་ཁབ་ནང་ ཆོས་སྲིད་ལུགས་གཉིས་ཀྱི་གཞུང་འགོ་དང་པ་དབུ་བརྙེས་པའི་ དགའ་སྟོན་རྟེན་འབྲེལ་བརྩི་སྲུང་མཛད་གནང་བའི་སྐབས་ གཞུང་གྲྭ་ཚང་གི་བླ་སློབ་ལྷན་རྒྱས་དང་། གཞུང་གི་ཆེ་མཐོའི་ལྷན་རྒྱས་ཆ་མཉམ་འཛོམས་པའི་སྦུག་ལུ་ཕུལ་ཏེ་ དར་ཁྱབ་འགྱོ་ཡོད་པའི་གླུ་གཞས་ལུ་ གཞུང་སྒྲ་ཟེར་བའི་ཐ་སྙད་དར་ཡོདཔ་དང་། དགེ་འདུན་འདུས་པའི་སྡེ་ལུ་ཡང་ གཞུང་གྲྭ་ཚང་ཟེར་བའི་མཚན་བཏགས་སྲོལ་བྱུང་ནུག

གཅིག་ལས་འབད་བ་ཅིན་ གཞུང་སྒྲ་འདི་འགོ་ཐོག་ འབྲུག་རྒྱལ་ཁབ་ཀྱི་དབུས་གཞུང་ལས་འབད་རིམ་པ་བཞིན་དུ་དར་ཁྱབ་འགྱོཝ་ལས་ གཞུང་སྒྲ་ཟེར་སླབ་མ་ཚད་ འབྲུག་གི་གླུ་གཞས་ཚུ་ལས་གཙོ་བོ་ཅིག་གཞུང་སྒྲ་འདི་ཨིནམ་ལས་བརྟེན་ གཞུང་སྒྲ་ཟེར་ཡོངས་གྲགས་སོང་སོངམ་མེན་ན་ཟེར་མནོཝ་མས།