ཕྱེངམ་གི་གནད་ཁུངས།


ཕྱེངམ་འདི་ སྔོན་གྱི་དུས་ལས་རང་ སྐྱེ་བོ་ཕོ་མོ་ཚུ་གིས་ ཁ་ཐུན་དགེ་སྦྱོར་གྱི་གྲངས་གསག་ནིའི་དོན་ལུ་ དུས་རྒྱུན་འབྲལ་བར་མེད་པར་ལག་ལེན་འཐབ་དོ་ཡོདཔ་ཨིན། མ་གཞི་ཕྱེངམ་གི་ངོ་བོ་དང་། ངེས་ཚིག  ཕྱེངམ་གི་ཐགཔ།  གྱངས་ཁ།  མདོ་འཛིན། དབྱེ་བ། ལག་ལེན་འཐབ་ཚུལ། རབ་གནས་འབད་ཚུལ། དགོས་པ་དང་ཕན་ཡོན་ཚུ་མཁྱེན་དགོཔ་གལ་ཆེཝ་ཨིན་རུང་ སྤྱིར་བཏང་ཕྱེངམ་གི་སྐོར་ལས་མཁྱེན་ཐབས་ལུ་བཅུད་བསྡུ་སྟེ་ཞུ་བ་ཅིན།

དང་པ་ཕྱེངམ་བྱུང་ཚུལ།

རྒྱུད་ཀྱི་རྒྱལ་པོ་སཾ་པུ་ཊའི་བརྟག་པ་དགུ་པ་ལས། “ཕྲེང་བའི་རྒྱུ་དང་ཁ་དོག  ཕྲེང་ཐག  མདོ་འཛིན་ལ་སོགས་པའི་མཚན་ཉིད་འདི་དག་ནི། ཕྱིན་ཅི་མ་ལོག་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་བསྟན་གྱིས་ལེགས་པར་ཉོན་ཅིག” ཟེར་གསུངས་དོ་བཟུམ་སྦེ་  ཕྱེངམ་བྱུང་བའི་ལོ་རྒྱུས་ཁ་གསལ་ སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ལས་དར་ཡོདཔ་ཨིན་པས། རྒྱའི་ཡིག་ཆ་ནང་བཀོད་དོ་བཟུམ་འབད་བ་ཅིན་ ཕྱེངམ་གི་འབྱུང་ཁུངས་ཀྱི་ཐད་ལུ་ སངས་རྒྱས་ཀྱིས་གསུངས་པའི་ལུང་ཏོང་མིག་གི་མདོ་ཟེར་མིའི་ནང་ སངས་རྒྱས་ཀྱིས་ ཀོ་ས་ལའི་རྒྱལཔོ་གསལ་རྒྱལ་གྱི་བུ་འཕགས་སྐྱེས་པོར་བཀའ་གནང་མི་ལུ་གཞི་བཞགཔ་ཨིན་པས།

བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལུ་ ག་དེམ་ཅིག་སྦེ་ ཉོན་མོངས་པའི་སྒྲིབ་པ་དང་ ལས་ཀྱི་སྒྲིབ་པ་རྣམ་པར་དག་ནིའི་བསམ་པ་ཡོད་པ་ཅིན་ ལུང་ཏོང་མིག་བརྒྱ་དང་བརྒྱད་སྐུདཔ་གུ་བརྒྱུས་ཏེ་ ཨ་རྟག་ར་འབྲལ་བ་མེད་པར་ལག་ལེན་འཐབ། སེམས་མ་ཡེངས་པར་གསོལ་བ་རྩེ་གཅིག་བཏབ་སྟེ་ དཀོན་མཆོག་གསུམ་གྱི་མཚན་བརྗོད་དེ་ ཕྱེངམ་རེ་རེ་བཞིན་དུ་འཐེན་ཏེ་ གྱངས་ཁ་བཅུ་ཐམ། ཉི་ཤུ། བརྒྱའམ་སྟོང། བྱེ་བ་རྣམ་པར་དག་པའི་སྒོ་ལས་ཉིས་འབུམ་བགྱང་ནི་དང་། སེམས་མ་གཡེང་བ། ལོག་འཚོ་གི་འདུ་ཤེས་མེད་པ་ཅིན། ཚེ་འཕོས་ཏེ་འཐབ་བྲལ་ལུ་སྐྱེ་བ་ལེན་ཏེ། ཟས་གོས་ལོངས་སྤྱོད་དང་བདེ་བ་ཚད་མེད་པར་ཉམས་སུ་མྱོང་ཚུགས། དེ་ལས་ལྷག་སྟེ་དུང་ཕྱུར་བགྱང་ཚུགས་པ་ཅིན་ཁམས་གསུམ་འཁོར་བའི་གནས་རིགས་ལས་བཟློག་སྟེ་ མྱ་ངན་ལས་འདའ་བ་དང་།  སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཏེ་ བླ་ན་མེད་པའི་ཡེ་ཤེས་འཐོབ་ཟེར་བཀའ་གནང་ནུག།

དེ་ལས་བང་ཆེན་པ་འདི་ལོག་སྟེ་རྒྱལ་པོར་ཞུཝ་ད། རྒྱལ་པོ་ཐུགས་ལྷག་པར་དགྱེས་ཏེ་ བཅོམ་ལྡན་འདས་ཀྱི་ཞབས་ལུ་ཕྱག་ཕུལ་སྦེ་ དགེ་སྦྱོང་ཆེན་པོ་ ང་གིས་དེ་བཟུམ་སྦེ་བསྒྲུབ་གེ་ཟེར་ཁས་ལེན་ཕུལ་ཏེ་ བློན་འབངས་ཐམས་ཅན་སྐུལ་སློང་མཛད་དེ་ ལུང་ཏོང་མིག་བསྡུས་ཤིང་ཕྱེངམ་བརྒྱ་དང་སྟོང་སྦེ་བཟོ་ནུག གཉེན་ཉེ་འབྲེལ་ལོངས་སྤྱོད་ལྡན་པ་ཐམས་ཅད་ལ་རེ་རེ་བཞིན་བཀའ་བསྩལ་གནང་། རྒྱལ་པོ་གིས་ ཨ་རྟག་ར་དཀོན་མཆོག་གསུམ་གྱི་མཚན་བརྗོད་དེ་ གཡུས་ཁར་སྡོད་རུང་ ཕྱེངམ་ལག་ལེན་མ་འཐབ་པར་བཤོལ་བཞག་ནི་མི་འོང་ཟེར་གསུངས་ནུག།

ཐུགས་འཆར།