རྣམ་བཅུ་དབང་ལྡན།


Namchuwangdhenརྣམ་བཅུ་དབང་ལྡན་ཟེར་མི་དེ་ཡང་ གཙོ་བོ་ར་ དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཀྱི་ ཕྱི་ནང་གསང་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་ཅིག་ཨིན། དེ་ཡང་ཧ། ཀྵ། མ། ལ། བ། ར། ཡ། ཡི་གུ་བདུན་དང༌། ཡི་གུ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་བྱེད་ནཱ་ད་བཅས་ ཡི་གུ་གཅིག་ཁར་བརྩེགས་མི་ཅིག་ཨིན། འདིའི་མཚོན་དོན་དེ་ཡང་ འཇིག་རྟེན་ཁམས་ལུ་སྦྱར་བ་ཅིན་ ཡ་ནི་རླུང་གི་ཁམས། ར་ནི་མེའི་ཁམས། བ་ནི་ཆུའི་ཁམས། ལ་ནི་སའི་ཁམས་སྦེ་ ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་དོན་སྟོནམ་ཨིནམ་ད། མ་ནི་འདོད་པའི་ཁམས༌། ཀྵ་ནི་གཟུགས་ཀྱི་ཁམས། ཧ་ནི་གཟུགས་མེད་ཀྱི་ཁམས་ ནང་བཅུད་ཀྱི་སེམས་ཅན་གྱི་ས་བོན་མཚོན་བྱེད་ཨིན། སྣ་ལྡན་ནམ་ཟླ་ཚེས་དེ་སེམས་ཅན་གྱི་སྲོག་དང༌། ཐིག་ལེ་དེ་སེམས་ཅན་གྱི་དྲོད་མཚོན་བྱེད་ཨིན། ནཱ་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་པའི་བརྡ་མཚོན་སྟོནམ་ཨིན།
དེའི་བརྡ་མཚོན་ཁ་མདོག་ཡང་ སྣ་ཚོགས་པདྨའི་ལྟག་ལུ་ ཟླཝ་དཀརཔོ།  ཉ་མ་དམརཔོ།  སྒྲ་གཅན་ཧོནམོ།  དུས་མེ་སེར་པོ་བཅས་ཀྱི་གདན་བཞི་ལུ་ རླུང་།  མེ།  ཆུ། ས་སྦེ་འབྱུང་བ་རིམ་བརྩེགས་ཀྱི་ཁ་མདོག་དང་ དེའི་ལྟག་ལུ་ ༡རླུང་གི་ས་བོན་ཡ་ནགཔོ། ༢མེའི་ས་བོན་ར་དམརཔོ།  ༣ཆུ་ཡི་ས་བོན་ཝ་དཀརཔོ།  ༤སའི་ས་བོན་ལ་སེརཔོ།  ༥མ་འདོད་ཁམས་འདོད་ཡོན་ལྔའི་བརྡ་མཚོན་ལུ་ ཁ་མདོག་ལྔ་ལྡན་རི་རྒྱལ་གྱི་ས་བོན་ཕྱོགས་ཁ་མདོག་ཤར་ནག  ལྷོ་དམར།  བྱང་དཀར།  ནུབ་སེར།  དབུས་ལྗངས་གུའོ། ༦གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་ཁུ། ༧གཟུགས་མེད་བཞི་འདི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ། ༨ཟླ་ཚེས་ནཱ་ད་ལྡན་པ་སྲོག་ཟླ་བའི་ས་བོན་དཀརཔོ།   ༩ཐིག་ལེ་རོ་ཉི་མའི་ས་བོན་དམརཔོ། ༡༠ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚོན་པའོ། དེ་ཡང་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་བའམ་མཚོན་བྱེད་ཨིན་པས།

རྣམ་བཅུ་དབང་ལྡན་གྱི་ཕན་ཡོན། སྤྱིར་བཏང་ས་གཡོམ་གྱི་འཇིགས་པ་དང་ཆུའི་འཇིགས་པ། རླུང་གི་འཇིགས་པ། མེའི་འཇིགས་པ་ལ་ཚུ་ལས་སྐྱོབ་པ་དང་། ལྷ་སྲིན་གདུག་རྩུབ་ཞི་བ། རིགས་དྲུག་སྦྱིན་པས་ཚིམས་པ། མཚོན་གྱི་བསྐལ་བ་བརླག་པ། དུས་ཀྱི་འཁྲུག་པ་ཞི་བ། མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། ཆར་ཆུ་དུས་ལུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། སེམས་ཅན་ཐམས་ཅད་ལུ་ བདེ་སྐྱིད་ཕུན་སུམ་ཚོགས་པའི་དོན་དང་ལྡནམ་ཨིན་པས། ལྷག་པར་དུ་རང་གི་ཁྱིམ་གྱི་ཡང་ཐོག་ཁར་བཀལ་བ་ཅིན་ ལྟས་ངན་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་བཀྲ་ཤིས་པར་བྱེད་པ་དང༌། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་པ། ཁྱིམ་ནང་བཞག་པ་ཅིན་རྐྱེན་ངན་དང་བར་ཆད་སེལ། དགེ་ཞིང་བཀྲ་ཤིས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོདཔ་ལས་ གཙུག་ལག་ཁང་གི་འཛུལ་སྒོའི་གྱང་གི་ལོགས་ལུ་འབྲི་སྲོལ་ཡོདཔ་ཨིན་ཟེར་ཞུ་ནི་ཨིན།།