རྣམ་རྒྱལ་ཆོས་གླིང་།


ཞབས་དྲུང་ཐུགས་སྤྲུལ་༥་པ་ ངག་དབང་འཇིགས་མེད་ཆོས་རྒྱལ་གྱིས་ རྟ་ལོག་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ཐོག་སེང་སྟེ་རྒྱ་སྐྱེད་གནངམ་མ་ཚད། གཞན་ཡང་གཙུག་ལག་ཁང་དང་འབྲེལ་བའི་ཕྱག་ལཱ་མཛད་དགོ་མི་ཚུ་ག་ར་མཇུག་བསྡུ་ཞིནམ་ལས་ རྟ་ལོག་ལུ་མངའ་ཐང་དར་ཞིང་རྒྱས་ཏེ་ ཕྱག་ཞུ་མི་ཚར་གཅིག་ལས་ཚར་གཅིག་མང་སུ་འཕྱེལཝ་ལས་བརྟེན་ མིའི་འུར་བྱེལ་མེད་པར་ཐུགས་དམ་ལེགས་ཤོམ་སྦེ་གནང་བཞུགས་ནིའི་དོན་ལུ་དང་། སྔོན་བྱོན་གྲུབ་ཐོབ་གསུང་དབང་རབ་རྒྱས་ཀྱི་ལུང་བསྟན་དང་ སྐུ་ཚེ་གོང་མ་ཞབས་དྲུང་འཇིགས་མེད་གྲགས་པའི་ཐུགས་དགོངས་རྫོགས་ཐབས་ཀྱི་དོན་ལུ་ རྟ་ལོག་གཙུག་ལག་ཁང་ལས་ཡར་ལྟ་སྟེ་ དུས་ཡུན་སྐར་མ་༡༠དེ་ཅིག་འགྱོ་དགོ་པའི་ས་གནས་སྤང་དཀར་པོ་ལུ་ གནམ་ལོ་ཆུ་ཕོ་འབྲུག་ལོ་ལས་ཤིང་ཕོ་འབྲུག་ལོ་ཚུན་ ལོ་ངོ་༡༣གི་རིང་ ཐོག་ཚད་གཉིས་འབད་མི་གཟིམ་ཅུང་ཅིག་གསར་བཞེངས་གནང་སྟེ་ ནང་རྟེན་རྒྱུ་གསེར་ལས་གྲུབ་པའི་ཇོ་བོ་གསུང་བྱོནམ། རྒྱུ་དངུལ་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེ། སྨན་སྐུ་སྤྱན་རས་གཟིགས། སྤྲུལ་པའི་མཚན་བརྒྱད་ཁྱད་པར་ཅན་དང་ མཆོད་ཆས་ཚུ་གསར་བསྒྲུབས་གནང་། ལྷ་ཆེན་དབང་ཕྱུག་དགོན་སྡེའི་སྲུང་མ་སྦེ་བསྐོས་ཏེ་ ལྷ་ཆེན་དབང་ཕྱུག་འདོད་དགུའི་ཆར་འབེབས་གསར་བརྩམས་གནངམ་མ་ཚད། ལྷ་ཁང་གི་རབ་གནས་ཡང་ཞབས་དྲུང་སྐུ་ཉིད་ཀྱིས་ར་གནང་ཡོདཔ་ཨིན་པས།

དགོན་སྡེའི་མཚན་གཟིམ་ཅུང་རྣམ་རྒྱལ་ཆོས་གླིང་ཟེར་བཏགས་རུང་ ཤུལ་ལས་སྤང་དཀར་པོ་ལྷ་ཁང་ཟེར་དར་ཁྱབ་བྱུང་ནུག དེ་ལས་ཚུར་ཞབས་དྲུང་འཇིགས་མེད་ཆོས་རྒྱལ་ གཟིམ་ཅུང་རྣམ་རྒྱལ་ཆོས་གླིང་ལུ་གཏན་འཇགས་སྦེ་བཞུགས་རུང་ རྟ་ལོག་ཚེས་བཅུ་འདི་ ཧེ་མ་བ་ཡང་རྡིགཔ་སྦེ་ཆོག་,སྒྲིག་བཀལ་ཏེ་ མི་མང་ལུ་མཇལ་ཁ་གནང་ནིའི་ཐུགས་འདོད་ཡོད་རུང་། ཚེས་བཅུ་མ་རནམ་ལས་སྐུ་ཚེ་མི་བརྟན་ནི་ཨིནམ་མཁྱེན་ཏེ་ རྟ་ལོགཔ་བཙུནམོ་དམངས་ཀྱིས་ རྟ་ལོག་ཚེས་བཅུ་འདི་མ་ཆད་པར་བརྩི་སྲུང་ཞུ་དགོཔ་མ་ཚད། ཨ་རྒས་བསོད་ནམས་དོན་གྲུབ་ཀྱི་གཞི་བཙུགས་གནང་མི་ ཞབས་ཁྲ་བྱིན་ཅན་འདི་ཚུ་ཉམས་བཅུག་ནི་མི་འོང་ཟེར་བའི་ཞལ་ཆེམས་གསུངས་ཏེ་ དགུང་གྲངས་༤༣བཞེས་པའི་ སྤྱི་ལོ་༡༩༠༤རང་ལུགས་འདས་ལོ་༢༥༥རབ་བྱུང་༡༥པ་གནམ་ལོ་ཤིང་འབྲུག་ཟླཝ་༧པའི་ཚེས་༡༠ལུ་ རྣམ་རྒྱལ་ཆོས་གླིང་གཟིམ་ཅུང་ནང་སྦེ་ ལྗགས་དབུགས་ཨོ་རྒྱན་རིན་པོ་ཆེའི་སྐུ་འདྲ་གུ་ཐིམ་སྟེ་ ཞིིང་ཁམས་ལུ་བྱོན་སོ་ནུག།

 

ཐུགས་འཆར།