ཕན་བདེ་ལྷ་ཁང་།


ཐིམ་ཕུག་རྫོང་ཁག་ ཅང་རྒེད་འོག་གི་ སྤྱི་འོག་ཐག་རིང་ཤོས་ ལྷུང་ཚོ་གཡུས་ཚན་གྱི་ལྟག་ལུ་ཡོད་མི་ ཕན་བདེ་བསམ་གྲུབ་སྒང་ལྷ་ཁང་འདི་ འགྲོ་བའི་མགོན་པོ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་དངོས་སློབ་ རྒྱལ་བ་ལོ་རས་པའི་སློབ་མ་ རྟོགས་ལྡན་ཉི་ཟླ་ཡེ་ཤེས་ཀྱིས་ དུས་རབས་༡༤་པ་སྤྱི༌ལོ༌༡༤༠༠༌དེམ༌ཅིག༌ཁར༌ གདན་ས་ཕྱག་བཏབ་ནུག།

ལྷུང་ཚོ༌སློབ་གྲྭ༌ཆུང་བའི་ས་ཁོངས་ནང་ལས་ དུས་ཡུན་སྐར༌མ༌༢༠དེམ༌ཅིག༌འགྱོཝ༌ད༌ སྤོ་ཏོ༌ཡོད་དོ་བཟུམ༌ཅིག༌ཁར་ ཕན་བདེ་ཁ་གཡུས་ཚན་གྱི་སྦུག་ལུ་མཇལཝ་ཨིན་པས། ལྷ་ཁང་འདི་ སྔོན་མ་སྟོད་པའི་མི་སེར་ཚུ་གིས་ བདག་འཛིན་འཐབ་ཨིན་རུང་ སྤྱི་ལོ་༡༩༩༩ལུ་ གཞུང༌གྲྭ༌ཚང༌ལུ༌རྩིས་ཕུལ་ཡོདཔ་ཨིན་པས།

ལྷ་ཁང་འདི་ སྔོན་མ་སྟོད་པའི་མི་སེར་ཚུ་གིས་ བདག་འཛིན་འཐབ་ཨིན་རུང་ སྤྱི་ལོ་༡༩༩༩ལུ་ གཞུང༌གྲྭ༌ཚང༌ལུ༌རྩིས་ཕུལ་ཡོདཔ་ཨིན་པས།

ཕན་བདེ་ལྷ་ཁང་བཞེངས་ཏེ་ ལོ་ངོ་ལེ་ཤ་སོང་ཡོད་ནི་འདི་གིས་ ཉམས་ཆག་ཤོར་ནི་གུར་ཐུག་རུང་ བླམ་རྣམ་རྒྱལ་དང་ སློབ་དཔོན་བསམ་གཏན་གཉིས་ཀྱིས་རྒྱུ་སྦུང་གཉིས་ཀྱི་སྒོ་ལས་ བསྟན་འགྲོའི་ཕན་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༨ལུ་ ལྷ་ཁང་རྩ་བ་ལས་ར་ཉམས་གསོ་ཞུས་ཏེ་ སྔོན་མ་ལྷ་ཁང་རྙིངམ་ནང་ཡོད་པའི་ ནང་རྟེན་བྱིན་རླབས་ཅན་ཚུ་བཞུགས་སུ་གསོལ་ཏེ་ རབ་གནས་རྒྱས་ཤིང་རྒྱསཔ་སྦེ་གནང་བའི་ཤུལ་ལུ་ ད་རིས་ནངས་པ་ སྟོད་པའི་མི་སེར་དང་ འཁར་འཁོར་ཆའི་མི་སེར་ཚུ་གི་ གསོན་པོའི་རིམ་འགྲོ་དང་ གཤིན་པོའི་དགེ་རྩ་སྒྲུབ་སའི་དགོན་པ་ཅིག་ཨིན་པས།

ལོ་ཨ་རྟག་ར་ རང་ཟླ་༧པའི་ཚེས་༡༥ལུ་ ཕན་བདེ་མཆོདཔ་བརྩི་སྲུང་ཞུ་སྲོལ་ཡོདཔ་ད་ དེའི་སྐབས་ལུ་ སྟོདཔ་དང་ཅང་གི་མི་སེར་ཚུ་གིས་ སག་ས་རྡིག་རྡིག་སྦེ་ སྙན་དར་ཕུལ་བར་འཛོམས་སྲོལ་ཡོདཔ་ཨིན་པས། ཕན་བདེ་མཆོད་པའི་སྐབས་ལུ་ སྐུ་འཆམ་མ་འདྲཝ་ལེ་ཤ་མཇལ་ཁ་གནང་སྲོལ་ཡོད་པའི་ནང་ལས་ ལོ་གཅིག་ལུ་ཚར་གཅིག་ལས་བརྒལ་ཏེ་མཇལ་ཁ་གནང་སྲོལ་མེད་མི་ ས་གནས་ཀྱི་གནས་བདག་དབྱར་ས་པའི་སྐུ་འདྲ་མཇལ་ཁ་གནང་པའི་སྐབས་ལུ་ སྟོདཔ་དང་ཅང་གི་མི་སེར་ཚུ་གིས་ སྙན་དར་ཕུལ་ཏེ་སྨོན་ལམ་བཏབ་སྲོལ་ཡོད་མི་འདི་ ད་ལྟོའི་བར་ན་ཡང་མ་ཉམས་པར་ཡོདཔ་ཨིན་པས།

གཞུང་གྲྭ་ཚང་གིས་ ཕན་བདེ་ལྷ་ཁང་བདག་འཛིན་འཐབ་ནི་དང་ དུས་མཆོད་འབུམ་སྡེ་བཟུང་མི་སྦེ་ དགེ་སློང་ཞལ་གྲངས་༧དེ་ཅིག་བཞག་ཡོདཔ་མ་ཚད་ ད་རུང་ སློབ་དཔོན་བསམ་གཏན་གྱིས་ ཕམ་ཉམ་ཆུང་གི་ཨ་ལོ་༡༤དེམ་ཅིག་ལྟོ་ཟེ་བཙུགས་ཏེ་ འབྲི་ལྷག་ལས་འགོ་བཟུང་ཏེ་ རྩིས་་དང་འཆམ་ཚུ་གི་སློབ་སྦྱོང་བྱིན་ཡོདཔ་ལས་ ད་རིས་ནངས་པ་ སྦོ་ལོགས་ཁའི་མི་སེར་ཚུ་ལུ་ཕན་ཐོགས་བྱུང་ཡོདཔ་ཨིན་མས། ཕན་བདེ་ལྷ་ཁང་འདི་ དབྱར་ས་པའི་གནས་ཁང་ངོ་མ་ཅིག་ཨིནམ་ལས་ སྨོན་ལམ་གང་བཏབ་ཐེབས་པའི་ཡིད་ཆེས་བསྐྱེདཔ་ཨིན་མས།

རྟོགས་ལྡན་ཉི་ཟླ་ཡེ་ཤེས་གོང་མའི་ལུང་བསྟན་དང་འཁྲིལ་ཏེ་བྱོནམ་ད་ ལུང་པའི་ལྷ་ཁ་ལས་ མཛོ་ཅིག་གི་ལམ་སྟོན་པའི་ལུང་བསྟན་ལུ་དགོངས་ཏེ་ས་ཁོངས་ཀྱི་མིང་ཡང་ལྷ་མཛོ་ཟེར་བཏགས་གནང་ཡོད་རུང་ རྟིང་མ་མིང་ཟུར་ཉམས་ཏེ་ ལྷུང་ཚོ་ཟེར་དར་ཁྱབ་སོང་ཡོད་པའི་ལོ་རྒྱུས་འདུག།