གདོང་ཤོག


frame-oman22a1f598904b66dd7aafe810c22fcd10--entrance-ways-grand-entrance

                                                              སྐུ་གཟུགས་བཟང་པོ།

༉  ཧེ་མའི་དུས་ལུ་ཨིན་པ་ཅིན་ འབྲུག་རྒྱལ་ཁབ་འདི་ གཞུང་ལྟེ་བ་དང་ གཡུས་ཚན་གྱི་བར་ན་ ལ་ལུང་གིས་བཅད་དེ་ཡོད་རུང་ གཞུང་འབྲེལ་གྱི་བཀའ་རྒྱ་དང་ བརྡ་སླབ་ནིའི་དོན་ལུ་ ལོགས་སུ་སྦེ་རྐང་མགྱོགས་གཏང་སྟེ་བརྡ་བསྐྱལ་སྲོལ་ཡོདཔ་ཨིན་པས། ཨིན་རུང་ ད་རིས་ནངས་པ་འཛམ་གླིང་ནང་ བརྡ་དོན་འཕྲུལ་རིག་གོང་འཕེལ་གྱི་འགྲོས་དང་བསྟུན་ དུས་ཡུན་ཐུང་ཀུ་ཅིག་ནང་ གཞུང་འབྲེལ་གྱི་གནས་ཚུལ་དང་ སྒེར་གྱི་ལོ་རྒྱུས་ཚུ་ དར་ཁྱབ་འཇམ་ཏོང་ཏོ་སྦེ་གཏང་ཚུགས་པའི་ནམ་དུས་ལུ་ ང་རའི་ལྕོགས་གྲུབ་དང་བསྟུན་པའི་འོད་ཟེར་ཚུལ་ཙམ་ཅིག་གིས་ གཞོན་ཅུང་ཆ་ཁྱབ་ཀྱི་བློའི་མུན་པ་སེལ་ནི་ལུ་ ཕན་ཐོགས་དུམ་གྲ་ཅིག་འབྱུང་འོང་མནོའི་རེ་འདོད་བསྐྱེད་དེ་ ཡོངས་འབྲེལ་འདི་བཟོ་བཟོཝ་ཨིན།

དེ་མ་ཚད་ རྒྱལ་ཁབ་རང་བཙན་གྱི་སྲོག་ཤིང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་དར་ཁྱབ་ཀྱི་དོན་ལུ་ ལཱ་སྐོར་ག་དེ་སྦེ་བརྩམ་དགོཔ་ཨིན་ན་གི་ཐོག་ལུ་ མི་མང་གི་ཐུགས་འཆར་དང་ ལོ་རྒྱུས་རེ་གསུང་ཚུགས་པ་ཅིན་ འབྲེལ་ཡོད་ལྷན་ཁག་དང་ལས་ཁུངས་ཚུ་ལུ་ སྙན་འབུལ་ཞུ་ནི་ལུ་སྟབས་བདེ་ནི་ཨིནམ་ལས་ ཡོངས་འབྲེལ་གཟིགས་མི་ཚུ་གིས་ རང་སོའི་ཐུགས་འཆར་རེ་བཀོད་གནང་འོང་མནོ་བའི་རེ་བ་དང་གཅིག་ཁར་ ཡོངས་འབྲེལ་གཟིགས་མི་ག་ར་ལུ་དགའ་བསུ་ཞུཝ་ཨིན།

དེ་འབདཝ་ད་རང་ལུ་སྐྱེས་སྟོབས་ཀྱི་རིག་རྩལ་དང་ སྦྱངས་པའི་ཡོན་ཏན་ཆུངམ་ལས་བརྟེན་ ཚིག་སྦྱོར་གྱི་ཐོབ་ལམ་དང་ ཡིག་སྡེབ་ཀྱི་འཛོལ་བ་བྱུང་མི་ཚུ་ དེ་འཕྲོས་ལས་ལེགས་བཅོས་གནང་འོང་མནོ་བའི་རེ་འདུན་སྦོམ་ཡོད། ང་གིས་ཡོངས་འབྲེལ་འདི་བཟོ་སྟེ་ ལོ་ངོ་མང་རབས་ཅིག་ཡར་སོང་རུང་ ད་ལྟོ་ཚུན་ཐུགས་འཆར་བཀོད་མི་གངམ་མ་ཐོནམ་ལས་ ངེའི་འཛོལ་བ་ཚུ་ ལེགས་བཅོས་འབད་མ་ཚུགས་པར་སེམས་ཕམ་བྱུང་སྟེ་ཡོད། དེ་རང་ཨིན་རུང་ ད་ལས་ཕར་ཐུགས་འཆར་བཀོད་མི་ གངས་ལས་འབབ་པའི་ཆུ་མོ་བཟུམ་སྦེ་འཐོན་ཏེ་ ངེའི་སྐོམ་པའི་གདུང་བ་སེལ་གནང་འོང་མནོ་བའི་རེ་བ་ ཁོག་པའི་ཧིང་ལུ་མ་ཤོང་པར་ཡོད་ཟེར་ཞུ་ནི་ཨིན་ལགས།

ལྟག་ལུ་འགྱོ།

 

%d bloggers like this: