ཡིག་སྡེབ་གཅིག་མཚུངས་ལུ་གནས་དགོཔ།


རྒྱལ་ཡོངས་སྐད་ཡིག་དར་ཁྱབ་གཏང་ནིའི་ཐབས་ལམ་དྲག་ཤོས་ཅིག་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་འབྲི་དགོཔ་ཁག་ཆེཝ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཚིག་མཛོད་ཐེངས་མང་རབས་ཅིག་ ཞུན་དག་མ་བཏུབ་བཏུབ་སྦེ་འབད་དེ་དཔར་བཏབ་ཞིནམ་ལས་ རྒྱལ་ཁབ་མཐའ་དབུས་མེདཔ་ལུ་རིན་མེད་སྟོང་པ་སྦེ་བཀྲམ་གནང་ཡོདཔ་མ་ཚད། འབྲུག་མི་ག་ར་གིས་དེ་གུ་ར་ཆ་བཞག་སྟེ་ ལག་ལེན་འཐབ་དགོཔ་སྦེ་ དྲན་བསྐུལ་གནང་ཡོད་རུང་། རྫོང་ཁའི་གསར་ཤོག་ཚུ་དང་ སྒེར་གྱི་རྩོམ་སྒྲིགཔ་ལ་ལུ་ཅིག་གིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཏོན་མི་ ཚིག་མཛོད་དང་མ་འཁྲིལ་པའི་ ཡིག་སྡེབ་སོ་སོར་འབྲི་སྟེ་ རང་རང་སོ་སོ་གིས་ཀྲིག་ཀྲི་སྦེ་བདེན་ཁུངས་གཟང་ནི་ཡོདཔ་ལས་ དུས་ནམ་ཅིག་ཁར་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་བཟོ་ཚུགས་འོང་ག་ཟེར་མནོཝ་མས།

ད་ལྟོ་ཚུན་ཚོད་ རྫོང་ཁའི་ཡིག་སྡེབ་དར་ཁྱབ་གཏང་ནིའི་ཞལ་འཛོམས་ག་ཏེ་ལུ་གནང་རུང་ ལོ་རྒྱུས་ཅིག་ རྫོང་ཁའི་གསར་ཤོག་ཚུ་ནང་ སྡེབ་སྦྱོར་མ་འདྲཝ་སྦེ་བྲིས་མི་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བརྩམས་བསྒྲིགས་འབད་མི་ཚིག་མཛོད་ནང་ ཡིག་སྡེབ་མ་འདྲཝ་ཡོད་པའི་ཁར་ ཡིག་སྡེབ་ལ་ལུ་ཅིག་ ཧེ་མ་ལས་ར་ སློབ་གྲྭའི་དཔེ་དེབ་ཚུ་ནང་དར་ཁྱབ་སོང་ཡོདཔ་ལས་ སྡེབ་སྦྱོར་ག་ཅི་ལུ་ཆ་བཞག་སྟེ་ གཏན་འཁེལ་བཟོ་ནི་ཨིན་ན་ཟེར་བའི་གྲོས་བསྡུར་བྱུངམ་ཨིན་པས། མ་པ་དེ་ཡང་བདེན་ཚོད་འདུག ག་ཅི་སྨོ་ཟེར་བ་ཅིན་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཁག་ལུ་བཀྲམ་ཡོད་མི་རྫོང་ཁའི་སློབ་དེབ་ཚུ་ནང་ཡོད་མི་ཡིག་སྡེབ་མང་རབས་ཅིག་ ད་ལྟོ་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཚིག་མཛོད་ནང་ཡོད་མི་དང་ ཡིག་སྡེབ་མ་མཐུན་པར་ཚུད་དེ་ཡོད་མི་འདིའི་ཐད་ ཐབས་ཤེས་ཅིག་སློབ་དེབ་ཚུ་ཚར་ཅིག་ ཞུན་དག་འབད་དེ་བཀྲམ་དགོ་ནི་ཨིན་རུང་ མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ འབད་མ་ཚུགས་པའི་ལོ་རྒྱུས་ཨིན་པས།

རྫོང་ཁ་དེ་ཡང་སྐད་ཡིག་ཅིག་ཨིནམ་ལས་ སློབ་དཔོན་བསྟེན་ཏེ་སློབ་སྟོན་གནང་མི་དེ་གུ རང་གིས་དབྱེ་བ་དཔྱད་དེ་ལྷབ་དགོཔ་མ་གཏོགས་ མ་ལྷབ་པར་ཕྲངམ་ཕྲང་ས་འཇམ་ཏོང་ཏོ་སྦེ་ཤེས་མི་ཚུགས་ནི་ཨིན་རུང་། ད་རིས་ནངས་པ་ལ་ལུ་ཅིག་གིས་ རྫོང་ཁའི་ཡིག་སྡེབ་མགོ་རྙོགས་དྲགས་ཡོདཔ་ལས་ སྔོན་འཇུག་རྗེས་འཇུག་མ་བཙུག་པ་རྗོད་སྒྲ་འཐོན་ཚུགས་པ་ཅིན་ མ་འབྲི་བར་བཞག་ད་རུང་བཏུབ་པའི་བསམ་འཆར་བཀོད་མི་འདི་ ཐུགས་བཞེད་ན་འཐན་སྦེ་མ་གནང་པའི་སྐྱོན་ཨིན་པས།

ད་ཚུན་གསར་ཤོག་དང་ཀི་དེབ་ཚུ་ནང་ལུ་ རྫོང་ཁའི་སྡེབ་སྦྱོར་མ་འདྲཝ་སྦེ་ཚུད་མི་དེ་ ཆོས་སྐད་ལས་རྟ་དྲང་སྟེ་བཟོ་མི་དང་ སྡེབ་སྦྱོར་ལ་ལུ་ཅིག་ ངག་གཤིས་ལུ་བརྟེན་ཨིནམ་མ་ཚད་ གནད་དོན་གཞན་དེ་ བྱ་བྱེད་ལས་གསུམ་ལུ་བརྟེན་ཏེ་བྱུང་དོ་ཡོད་ནི་འདི་གིས་ རྫོང་ཁའི་ཤེས་ཡོན་གྱི་གཞི་འགྱམ་ལེགས་ཤོམ་མེད་མི་ཚུ་ལུ་  ཧེང་སྐལ་ར་མགོ་འཐོམས་བྱུང་དོ་ཡོདཔ་ཨིན་པས།  ཨིན་རུང་རང་གིས་དབྱེ་བ་དཔྱད་དེ་ལྷབ་པ་ཅིན་ མགོ་འཐོམ་དགོ་པའི་གནད་དོན་ཅིག་མ་མཐོང་།

དུས་ཚོད་ད་རེས་བཟུམ་ཅིག་ལུ་ ག་ར་གིས་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་བཀྲམ་སྤེལ་འབད་ཡོད་མི་ ཚིག་མཛོད་ནང་གི་ཡིག་སྡེབ་འདི་ལག་ལེན་འཐབ་ད་པ་ཅིན་ ལས་ཀྱིས་ར་དུས་ནམ་ཅིག་གི་ཚེ་ རྫོང་ཁའི་ཡིག་སྡེབ་ཕྲ་ལི་དམའ་ལི་མི་འཐོན་ནི་ཨིནམ་ལས་ ཐུགས་བཞེད་ཐེབས་ཅིག་གནང་སྟེ་ཕྱག་ལཱ་མཛད་དགོ་པའི་དུས་ཚོད་ཕྱིས་ན་མ་གཏོགས་མི་ཧག་ནི་ཨིན་པས་ཟེར་ཞུ་ནི་ཨིན།