ལྷ་ལྡིང་ལྷ་ཁང་།


སྤ་རོ་འབྲུག་རྒྱལ་རྫོང་ལས་ སྣུམ་འཁོར་ལམ་རྩུབ་དྲགས་བདའ་སྟེ་ ཀི་ལོ་མི་ཀྲར་༣་དེ་ཅིག་ས་ཁར་མི་ཚིག་ཟམ་པ་ལས་ མགུ་གཉིས་རྩ་བ་འགྱོ་སའི་ལམ་བདའ་སྟེ་ དུས་ཡུན་སྐར་མ་དག་པ་ཅིག་འགྱོ་བའི་ཤུལ་ལུ་ སྟོང་ཚང་ནང་ལས་ཁ་གྱེན་བདའ་སྟེ་འགྱོཝ་ད་ ས་སྡིངས་གཤོང་ཡོད་དོ་བཟུམ་ནང་ ལྷ་ལྡིངས་དགོན་པ་འདི་ ག་ཅི་དེ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལཝ་ཨིན་པས།

20160403_073954

དེ་ཡང་དུས་རབས་༥པའི་ནང་ ས་སྐྱ་པན་ཆེན་འགྲོ་མགོན་ཆོས་རྗེ་འཕགས་པ་གིས་ ལུང་བསྟན་ནང་གྲུབ་ཆེན་དཔའ་བོ་སྟག་གཤམ་དང་ སྲསམོ་མེ་ཏོག་གསལ་སྒྲོན་ཁྱོད་ ལྷོ་རོང་མུན་པའི་གླིང་ལུ་ ལྷ་ཁང་བཞེངས་ཏེ་ སྐྱེ་འགྲོ་སེམས་ཅན་བདེ་བ་ལུ་བཀོད་ཟེར་གསུངས་མི་དང་འཁྲིལ་ཏེ་ ས་སྐྱ་གོང་མའི་གདུང་རབས་ལས་བྱོན་མི་ མཁའ་འགྲོ་མེ་ཏོག་གསལ་སྒྲོན་དང་ གྲུབ་ཐོབ་དཔའ་བོ་སྟག་གཤམ་སྐུ་འཁོར་ཚུ་དང་བཅས་ ཞབས་སྐོར་ལུ་བྱོན་པའི་སྐབས་ དགུང་ཞག་སྤ་རོ་ཟངས་མཁར་སྤང་ནང་བཞུགས་ཏེ་ དྲོ་པ་གནམ་ཧང་དྲགས་ཧུང་དྲགས་དེ་ཅིག་ཁར་ གཟིགས་སྣང་ལུ་ རི་བོ་ལྷུན་ཆགས་ནགས་ཚལ་གྱི་སྦུག་ལུ་ ལྷ་དང་ལྷ་མོ་ཚུ་བར་ན་ཁམས་ལུ་འཕུ་སར་གཟིགསཔ་ལས་ ལྷ་དང་བླ་མའི་ལུང་བསྟན་ལུ་དགོངས་ཏེ་ བོང་ཀུ་གིས་ལམ་སྟོན་། ཁ་བྱང་ཁ་ཐུག་རིའི་རྐེད་པར་བྱོན་ཏེ་ གདན་ས་བཅག་ནིའི་ཐུགས་བཞེད་ཡོད་རུང་ དེ་སྐབས་ས་ཁོངས་ནང་མཚོ་ཆགས་ཏེ་ཡོད་ནི་འདི་གིས་ ནག་སྤར་གང་མཚོ་ནང་གཏོར་གནང་བའི་ དེའི་ནངས་པ་དྲོ་པ་ མཚོ་ཞམ་ལུ་ཐིམ་སྟེ་ ས་ཁོངས་སྤང་ལུ་འགྱུར་སོ་ནུག

ས་གནས་ཀྱི་གནས་བདག་བྲག་སྐྱེས་དང་ མཚོ་སྨནམོ་གིས་ ཤིང་དང་རྡོ་ཚུ་ཕུལ་ཏེ་ ཡུདཔ་ཐེངས་ཅིག་ལུ་འགྲན་ཟླ་མེད་པའི་ལྷ་ཁང་བཞེངས་གྲུབ་ནུག ནང་རྟེན་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ རྒྱལ་བ་རིགས་ལྔ། སྟོན་པ་ཛིཀྴིམ། སྤྱན་རས་གཟིགས་བགེགས་ཐར་བྱེད། ཆོས་སྐུ་རྡོ་རྗེ་འཆང་ཚུ་ བོད་ས་སྐྱ་ལུ་བཞེངས་ཏེ་ཡོད་མི་འདི་ མདུན་གྱི་གནམ་མཁའ་མར་ཕུར་ཏེ་ ལྷ་འདི་ནང་ལུ་་བྱོན་ཡོདཔ་ལས་ ལྷ་ལྡིངས་ཟེར་ཡོངས་གྲགས་སོང་ནུག།

mmexport1459736951570

དེ་ལས་ཡུན་མ་འགྱངས་པ་ ས་སྐྱ་པན་ཆེན་བྱོན་ཏེ་རབ་གནས་གནང་པའི་སྐབས་ལུ་ རྟེན་གྱི་གཙོ་བོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་ཞལ་ལས་ དད་མོས་བསྐྱེད་དེ་ནཱ་འོང་མི་ཚུ་ ངན་སོང་གསུམ་ལུ་དང་ དམྱལ་བར་སྐྱེ་མི་དགོ་ཟེར་གསུང་བྱོན་ཡོདཔ་ལས་ ལྷ་ཁང་དེ་བྱིན་རླབས་ཅན་ཅིག་སྦེ་བརྩིཝ་ཨིན་པས།

དེ་ལས་བར་སྐབས་ཅིག་ལས་བླམ་སངས་རྒྱས་ཟེར་མི་དེ་གིས་ ལྷ་ཁང་ཉམས་གསོ་རྒྱ་སྦོམ་སྦེ་ཞུ་ནི་འདི་གིས་ ལྷ་ཁང་འདི་ ཁོ་གིས་བདག་འཛིན་འཐབ་སྟེ་ ལོ་ངོ་ལེ་ཤ་སོང་པའི་ཤུལ་ལུ་ ཁོའི་མི་བརྒྱུད་ཚུ་གིས་ལྷ་ཁང་བདག་འཛིན་འཐབ་ནི་འདི་གིས་ བྱ་བ་ལམ་འགྲོས་ལེགས་ཤོམ་འབྱུང་པའི་ཡིད་ཆེས་བསྐྱེད་དེ་ ཞབས་ཏོག་བསྙེན་བཀུར་ཞུ་དོ་ཡོདཔ་ཨིན་པས།

ལོ་རྒྱུས་དང་འཁྲིལ་པ་ཅིན་ སྤ་རོ་སྐྱེར་ཆུ་ལྷ་ཁང་དང་ བུམ་ཐང་བྱམས་པ་ལྷ་ཁང་མ་བཞེངས་པའི་སྔོན་མ་ལས་ སྤ་རོ་ལྷ་ལྡིང་བཞེངས་ཡོདཔ་ལས་ འབྲུག་རྒྱལ་ཁབ་དགོན་སྡེ་རྙིང་ཤོས་ཅིག་ཨིན་རུང་། མང་ཤོས་ཅིག་གིས་ ལྷ་ཁང་གི་རྒྱབ་ཁུངས་གསལ་ཏོག་ཏོ་སྦེ་མ་མཁྱེནམ་ལས་བརྟེན་ ལྷ་ཁང་མཇལ་ སྐར་མེ་ཕུལ་མི་ཉུང་སུ་ཅིག་ལས་བརྒལ་ཏེ་མེདཔ་ད། དེ་ལས་ལྷ་ཁང་གི་རྟེན་ཚུ་ གནམ་མཁའ་ལས་འཕུར་བྱོན་ནི་འདི་གིས་ དགོན་པའི་མཚན་ལྷ་ལྡིང་ཟེར་ཞུ་སྲོལ་ཡོད་རུང་ ཟུར་ཉམས་ཏེ་ ཧེ་འདི་ཟེར་ཞུ་སྲོལ་ཡོངས་གྲགས་ཡར་སོ་ནུག

mmexport1459736957219

ལྷ་ཁང་འདི་མཚོ་གུ་བཞེངས་བཞེངམ་འབད་ནི་འདི་གིས་ ད་ལྟོ་བར་ན་ཡང་ ལྷ་ཁང་ནང་ན་ ཕྲལ་ཕྲལ་ཆུ་འཁྱིལ་ནི་ཡོདཔ་མ་ཚད་ ལྷ་ཁང་གི་འོག་ལུ་ བརྩིག་པའི་རྩ་ལས་འཐོན་པའི་ཆུ་མིག་འདི་ སྒྲུབ་ཆུ་ཨིན་པའི་ཡིད་ཆེས་བསྐྱེདཔ་ཨིན་པས་ཟེར་ཞུ་ནི་ཨིན།