ལམ་བགྲེས་སངས་རྒྱས་རྡོ་རྗེའི་རྟོགས་བརྗོད།


20180706_075018

འབྲུག་གི་བླ་ཆེན་ཐང་མེདཔའི་རྣམ་ཐར་ཚུ་ ད་ལྟོ་བར་ན་ཡང་མཇལ་བའི་ཡུལ་ལུ་ཡོད་རུང་ བར་སྐབས་ཅིག་ཁར་བྱོན་མི་ མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་ ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་སེངྒེ་རྫོང་། ཀུར་སྟོད་བྱང་ཆུབ་ཆོས་གླིང་། ལྷ་རྫོང་ཐེག་ཆེན་ཆོས་འཁོར། རྟ་ལོག་སྤང་དཀར་པོ་རྣམ་རྒྱལ་ཆོས་གླིང་ལུ་བཞུགས་ཏེ་ སྐལ་ལྡན་གྱི་བུ་སློབ་རྗེས་སུ་བཟུང་སྟེ་  འཆད་རྩོད་རྩོམ་གསུམ་དང་། འདིའི་ནང་ལས་ཡང་སྒྲུབ་པའི་བསྟན་པ་སྤེལ་གནང་ཡོད་རུང་། མཛད་རྣམ་ཡིག་ཐོག་ལུ་བཀོད་ནི་ལུ་ཐུགས་འདོད་མེདཔ་མ་ཚད་ དུས་དབང་ལས་བརྟེན་ རྣམ་ཐར་མདོར་བསྡུས་ཅིག་ར་ ཡིག་ཐོག་ལུ་བཀོད་མ་ཚུགས་མི་འདི་ སེམས་ཕམ་གྱི་གཞི་ཅིག་ཨིན་པས།

མི་ཚེ་གཉིས་མཐུད་གསུམ་མཐུད་རྐྱབ་རུང་ དྲིན་ལན་འབྱོར་མ་ཚུགས་མི་ ངེའི་ཨའི་ཨ་ཎི་ཟླ་བ་གིས་ ང་རང་སྐྱེས་ལོ་༨དེ་ཅིག་སྦེ་སྡོདཔ་ད་ ལོ་རྒྱུས་སླབ་མི་ནང་ ཧེ་མ་མོ་ར་ སྐྱེས་ལོ་༤༠ཚུན་ མཁས་དབང་མཆོག་གི་སྐུ་ཚེའི་རིང་ལུ་ སེམས་ཅན་གྱི་འགྲོ་དོན་མཛད་དེ་ སྐུ་ཚེ་སྒྲུབ་པ་དང་མཉམ་སྟེ་བཞུགས་ཡོད་པའི་ལོ་རྒྱུས་སླབ་ཡོད་རུང་ འབྱང་པའི་ཉིན་མ་དབངཔོ་རྡིབ། ཟེར་སླབ་དོ་བཟུམ་སྦེ་ གོ་ཁྱད་ལས་ཡིག་ཐོག་ལུ་བཀོད་མ་ཚུགས་པས།

ཨིན་རུང་ ད་རེས་དུས་ཚོད་མ་ཕྱིསཔ་ཅིག་ལས་ ཡིག་ཐོག་ལུ་བཀོད་ནིའི་དཔའ་བཅམ་སྟེ་འབད་རུང་ དེ་བསྒང་ང་རའི་ཨ་མ་གྱོངས་མི་གིས་ འོ་ལོག་འཁོར་ཚད་སླབ་མི་ཚུ་ ད་རེས་འགོ་མཇུག་འདྲོངམ་སྦེ་དཔྱད་རིག་བཏང་མ་ཚུགས་ནི་འདི་གིས་ གཅིག་པོ་གཅིག་དང་ གཉིས་པོ་གཉིསཔོ་གོ་རིམ་དེད་དེ་ ལྷག་ཆད་མེདཔ་སྦེ་འབྲི་ནིའི་སྤོབས་ཐོབ་མ་ཚུགས་རུང་ སྔོན་མ་མཁས་དབང་མཆོག་ལས་ཆོས་འབྲེལ་ཡོད་མི་དང་ མཚན་སྙན་ལུ་དད་མོས་ཡོད་མི། དེ་ལས་གཡུས་མི་ཚུ་གིས་ཨུ་ཚུགས་ལུ་བརྟེན་ རེ་བ་བར་སྟོང་མ་བཏང་འཚམས་ཅིག་སྦེ་ ག་ཤེས་གུ་ཤེས་སྦེ་ མཁས་དབང་མཆོག་ལུ་ དད་པའི་གདུང་བ་སེམས་ལས་མ་ཡོལ་བ་ རྟོགས་བརྗོད་རྣམ་ཐར་མདོར་བསྡུས་ཅིག་བྲིས་ཏེ་ཡོད།

མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གི་འཁྲུངས་ཡུལ་འདི་ ཐིམ་ཕུག་དང་སྤུངས་ཐང་ཁའི་སྣུམ་འཁོར་གཞུང་ལམ་ལྟག་ལུ་ འཕྲིན་ལས་སྒང་གི་སྦོ་ལོགས་ཁ་དང་ སྟོདཔ་ལྟོ་ཁའི་ལྟག་ ཞིང་སོ་ཁའི་འོག་ལུ་ སྟོང་ཅུ་ཁ་ལས་ཨིན་པས།

དགུང་ལོ་༧ དེ་ཅིག་ལས་ སྔོན་གྱི་ལས་འཕྲོ་སད་དེ་ གཞུང་གྲྭ་ཚང་ནང་འཛུལ་ཏེ་ ཆོས་སྤྱོད་རིམ་པ་ཚུ་ལུ་སྦྱངས་བརྩོན་མཛད།  བྱམས་མགོན་ཡེ་ཤེས་རྡོ་རྗེའི་ཞབས་ལས་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་དབང་ལུང་ཁྲིད་གསུམ་ཚུ་གསན་ནུག

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ འགོ་དང་པ་གྲྭ་ཚང་ནང་འཛུལཝ་ད་ མཚན་ཉིད་པའི་གྲངས་སུ་ཨིན་རུང་ དཀྱིལ་ཆོག་སྐོར་སྦྱངམ་ད་ གཟུང་རིག་ག་གིས་ཡང་འདྲན་འདྲ་འབད་མི་ཚུགས་པའི་ཁར་ འདིའི་ནང་ལས་ཡང་ཆོག་གུའི་གདངས་དབྱངས་ཕྱག་རྒྱ་ དཔེ་བཞག་བཏུབ་སྦེ་ ངར་ངེ་ཡོད་ནི་འདི་གིས་ སྦུག་གྲལ་པའི་གྲས་ཁར་བཙུགས་ནུག

སྦུག་གྲལ་པའི་གྲངས་སུ་ གཅིག་ཟེརནི་གཉིས་ཀྱི་གྲས་ཁར་ཚུད་དེ་ བདག་འགན་ཚུ་རིམ་པར་བཞེས་ཏེ་ ལམ་དཔོན་སྦེ་ལོ་ངོ་ལེ་ཤ་བཞུགས་པའི་སྐབས་ གཞུང་གྲྭ་ཚང་ནང་ དུས་མཆོད་འབུམ་སྡེའི་གདངས་དབྱངས་ཕྱག་རྒྱ་ཚུ་ལེགས་བཅོས་གནང་ཡོདཔ་མ་ཚད། གྲྭ་ཚང་གི་སྒྲིག་ལམ་ཆོས་གསུམ་ལུ་ཐུགས་འདུན་བསྐྱེད་དེ་ གཙོ་བོར་བཏོན་གནང་མི་ཅིག་ཨིན་རུང་ དེ་སྐབས་ཆགས་སྡང་ཕྱོགས་རིས་ཀྱི་རྐྱེན་དང་ སྔོན་གྱི་ལས་འཕྲོ་ལུ་བརྟེན་ཐུགས་བསུན་ཏེ་ ག་གིས་གསོལཝ་བཏབ་རུང་གསན་མ་བཏུབ་པ་ བོད་གངས་ཅན་ལྗོངས་ལུ་བྱོན་ཏེ་ བོད་ཁམས་ཆབ་མདོ་གྲུ་གུ་གསོལ་སྡེར་ཁར་ གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་སར་བཅར་ཏེ་ ཕྱག་ཆེན་ཆོས་དྲུག། རོ་སྙོམས་ཚུ་སྐོར་དྲུག། སྙན་བརྒྱུད་ཀྱི་ཆོས་སྐོར་ཚུ་གསན་ཏེ་སྒྲུབ་པར་བཞུགས་ཡོད་པའི་ལོ་རྒྱུས་འདུག

བར་སྐབས་ཅིག་ཁར་ གཞུང་གྲྭ་ཚང་ནང་ གདངས་དབྱངས་ཀྱི་ཕྱག་སྲོལ་གཅིག་མཚུངས་མེད་པའི་དུས་ལུ་ དེ་སྐབས་ཀྱི་བླམ་མཁནམ་ རྗེ་ཆོས་ཀྱི་དབང་ཕྱུག་མཆོག་གིས་ སྤུངས་ཐང་མགོན་པོའི་དབང་ཆོག་གནང་པའི་སྐབས་ དྲོ་པའི་གསོལ་ཇ་བཞེས་པའི་བསྒང་ སྐུ་མདུན་གྱི་ཅོག་སྒྲོམ་གུར་ ཕྱག་བརྡབ་སྟེ་ ཚོགས་དམངས་ཁུ་སིམ་སི་སྦེ་བཞུགསཔ་ད། ཞལ་ལས་ འཇིག་རྟེན་པའི་དཔྱེ་གཏམ་ལུ་ ན་བྱེ་གང་གི་སྦུག་ལས་ ན་རྡོག་གཅིག་ཡར་ཡརཝ་གིས་ རྒྱལ་ཕམ་བརྩི་མི་ཚུགས་ཟེར་སླབ་མི་དེ་ཡང་མི་བདེན་པས། ག་ཅི་སྨོ་ཟེར་བ་ཅིན་ ལམ་བགྲེས་སངས་རྒྱས་རྡོ་རྗེ་ གྲྭ་ཚང་ནང་མ་བཞུགས་ནི་འདི་གིས་ སྤུངས་ཐང་མགོན་པོའི་དབང་ཆེན་གཞིས་ཡར་སོ་ནུག་ཟེར་ ཐུགས་ཕམ་པའི་ལོ་རྒྱུས་གསུངས་ནུག

དེ་ལས་དགེ་འདུན་དམངས་ཀ་ཅུང་ནང་འཛོམས་ཏེ་ འཕྲལ་མགྱོགས་ར་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ སྤུངས་ཐང་རྫོང་ནང་གདན་འདྲེན་ཞུ་སྟེ་ གདངས་དབྱངས་ཀྱི་སློབ་སྟོན་གནང་དགོཔ་སྦེ་ཞལ་འཆམ་བྱུང་ནུག

བླམ་བསོད་ནམས་བཟང་པོ་མཆོག་དང་ ལམ་བགྲེས་སངས་རྒྱས་རྡོ་རྗེ་གཉིས་ བོད་གངས་ཅན་གྱི་ལྗོངས་ལུ་ སྐུ་ཡོན་བཞེས་ཏེ་བཞུགས་པའི་སྐབས་ཀྱི་ཆོས་གྲོགས་ཨིནམ་ལས་ གཅིག་གིས་གཅིག་ལུ་གུས་བཀུར་གནང་དོ་ཡོདཔ་ཨིན་པས།

བར་སྐབས་ཅིག་ཁར་ ཉམས་ལེན་གྱི་དོགས་དཔྱོད་ཞུ་མི་ཅིག་ བླམ་བསོད་ནམས་བཟང་པོའི་སྐུ་མདུན་ལུ་བཅརཝ་ད་ ཞལ་ལས་ ལམ་བགྲེས་སངས་རྒྱས་རྡོ་རྗེ་ལས་ ཆོས་འབྲེལ་ཡོད་ག་ཟེར་གསུངསམ་ད་ ཞལ་མཇལ་གསུང་ཐོསཔ་མ་གཏོགས་ ཆོས་འབྲེལ་མེད་ཟེར་ཞུཝ་ད། ཡུདཔ་ཐེངས་ཅིག་དགོངས་པ་ལུ་བཞུགས་ཞིན་ན་ ཁྱོད་བསོད་ནམས་ཆུང་པས་ ཚགས་ཁར་མ་ཚུད་པས་ཟེར་གསུངས་པའི་ལོ་རྒྱུས་ བླམ་བསོད་ནམས་བཟང་པོའི་སློབ་མ་ཨ་ཞང་ཧཱཔ་གིས་གསུང་སར་གོ་ཡི།

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ རྟ་ལོག་སྒང་ཁ་ཁྱིམ་སྦོམ་ནང་གི་མི་ཚན་ཚུ་དང་ གནསཔོ་གནས་འབྱོར་ཨིནམ་ལས་ ཉིན་མ་གསུང་ཆོག་གནང་པར་ ག་ཏེ་བྱོན་རུང་ ཕྱི་རུ་སྒང་ཁ་ཁྱིམ་སྦོམ་མི་ནང་བྱོན་དོ་ཡོདཔ་ཨིན་པས།

སྔོན་གྱི་ལས་དང་ འཕྲལ་གྱི་རྐྱེན་ལུ་བརྟེན་ ངེའི་ཨའི་ཟླ་བ་སྐྱེས་ལོ་༢༡ལུ་ གཟེར་ཕོགཔ་སྟེ་ཨ་མེད་ཨུ་མེད་སྦེ་ན་སྟེ་ཡོད་མི་འདི་བཅོ་ནིའི་དོན་ལུ་ ངེའི་ཨང་རྒས་དཀོན་མཆོག་བཟངམོ་གིས་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གི་ཞབས་སར་བཅརཝ་ད་ ཡུདཔ་ཐེངས་ཅིག་དགོངས་པར་བཞུགས་ཞིན་ན་ སྔོན་གྱི་ལས་དང་ད་ལྟོའི་བར་ཆད་ཀྱིས་ཨིན་པས་ཟེར་གསུངས་ཏེ་ སྐུ་འོ་བརྒྱལ་བ་དང་ ཐུགས་འཚེར་བར་མ་གཟིགས་པར་ ངེའི་ཨའི་གི་ཧང་མགོར་བྱོན་ཏེ་ གདོན་བཅོས་རིམ་གྲོ་དང་ གཟའི་སྔགས་མར་དང་སྔགས་ཆུ་གནང་མི་འདི་གིས་ ཕན་ཐོགས་བྱུང་ཡོདཔ་ལས་ ཨ་རྟག་ར་ སྤང་དཀར་པོ་གླིང་ཀ་ནང་བཞུགས་དགོཔ་སྦེ་གསོལཝ་བཏབ་མི་ལུ་ཞལ་གྱིས་བཞེས་ནུག

གླིང་ཀ་ན་ཟེར་བའི་ས་གནས་འདི་ སྤང་དཀར་པོ་ལྷ་ཁང་གི་རྒྱབ་ཁ་ ལ་ཐང་ན་གི་ཟུར་ཁར་ སྟོང་ཕུ་ཤིང་གི་སྦུག་ལུ་ སྡོད་ཉམས་སྤྲོ་བའི་ཤག་སྐོར་ཅིག་ཡོད་སར་ཨིན་པས།

20180324_182235 - Copy

ལམ་བགྲེས་སངས་རྒྱས་རྡོ་རྗེའི་ཕྱག་བྲིས་ངོ་མ།

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གི་ ཕྱག་དཔེའི་གྲས་ཁར་ དལ་ཤོག་གུ་སྨྱུག་བྲིས་ཀྱིས་བྲིས་ཏེ་ཡོད་མི་ཚུ་ དབུ་མེད་དང་ཆ་འདྲ་སུ་འཚམས་ཅིག་དང་ མགྱོགས་ཚུགསམ་སྦེ་བྲིས་ཏེ་ཡོད་མི་འདི་ལྟཝ་ད་ ཕྱག་ཡིག་ལུ་མཁས་མཆོག་ཅིག་ཨིན་པས།

ལམ་དཔོན་སངྱས་རྡོ་རྗེའི་ཐུགས་དམ་ཕྱག་ཕྲེང་།

བར་སྐབས་ཅིག་ཁ་ སྐྱེ་འགྲོ་སེམས་ཅན་གྱི་ལས་དབང་གིས་ ཞབས་དྲུང་འཇིགས་མེད་རྡོ་རྗེ་སྐུ་སྲོག་བཀྲོང་པའི་སྐབས་ བླམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ཡང་ ཐུགས་ཁྲུལ་ཏེ་གསུང་རྩོམ་གནང་མི་དེ་ཡང་ ཨྱོན་ཉིད་དང་མཚུངས་པའི་འཇིགས་མེད་འདི། །གློ་བུར་རྐྱེན་གྱིས་མཁའ་སྤྱོད་ཞིང་དུ་གཤེགས། །ཟེར་ལེ་ཤ་ར་བཀོད་དེ་གནང་སྟེ་ཡོདཔ་ཨིན་པས།

དབྱེ་དཔྱད་་གནང་ནི་ལུ་མཁས་དྲགས་ཨིནམ།

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་ ཧེ་མ་ང་བཅས་གཉིས་ བདེ་ལེགས་ཚོགས་ཁར་ སྨོན་ལམ་ཚོགས་ཆེན་ནང་གྲས་ཁར་གཏོགས་པའི་སྐབས་ ང་བཅས་ཀྱི་གནསཔོ་འདི་ ངེའི་རྡོག་པའི་མཇུག་ལས་ཕར་ ལག་པར་དར་ཅིག་བཤེད་སྦེ་ སློབ་དཔོན་བྱོན་ཤིག། བྱོན་གེ་ཟེར་སླབ་འབད་སྦེ་ མཚམས་ཁང་གི་ཟུར་ཁ་ལས་ཕར་ཡར་སི་ཟེར་གསུངས་མི་འདི་ དོན་ལུ་ཡི་དམ་ལྷ་ཡིས་གདན་འདྲེན་ཞུ་ཡོདཔ་ཨིན་རུང་ མ་རིག་པ་གིས་སྒྲིབ་སྟེ་ཧ་གོ་མ་ཚུགས་ཟེར་ངེའི་ཨའི་གིས་བཤདཔ་ཨིན་པས།

སྤྱི་༡༩༦༧ རང་༦ པའི་ཚེས་༡༥ གི་དྲོ་པ་ ད་རིས་དུས་བཟང་ཨིན་པས། སྐར་མེ་ཕུལ་ཟེར་གསུངས་མི་དང་འཁྲིལ་ཏེ་ སྐར་མེ་ཕུལ་ཚར་བའི་ཤུལ་ལུ་ ས་ཁར་གཟིམ་ནི་ཨིན་ཟེར་སེངྒེ་འགྱིང་སྟབས་སྦེ་གཟིམ་སྦེ་ ཀོབ་ཏ་ཁམ་རྡོག་ཅིག་བཞེས་ཞིནམ་ལས་ སྤྱན་བར་ན་ཁམས་ལུ་གཟིགས་ཏེ་ ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག ། བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་འགྱུར་ཅིག །ཟེར་གསུངས་ཚརཝ་ཅིག་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག

དེ་ལས་སྤང་དཀར་པོ་གླིང་ཀ་ནང་གཟིམ་ཁང་གི་གདོང་ཕྱོགས་སྤང་ནང་སྦེ་ ཐབ་ཁུང་བརྩེགས་ཞིནམ་ལས་ སྐུ་ཕུངམོ་སྤུར་ཁང་ནང་གདན་འདྲེན་ཞུས་ཏེ་ རང་ཟླ་༧པའི་༣༠ ལུ་ སྐྱབས་རྗེ་ངག་དབང་འཕྲིན་ལས་ལྷུན་གྲུབ་མཆོག་དབུ་ཐོག་ལས་ སྤུར་སྦྱང་ཕུལ་བའི་སྐབས་ལུ་ ཡ་མཚན་ཆེ་བའི་རྟགས་མཚན་སྟོན་ཡོདཔ་ཧིན་པས་ཟེར་ཞུ་ནི་ཨིན།། །།

ཐུགས་འཆར།