རྒྱལ་བ་ཤཱཀྱ་རིན་ཆེན་གྱི་གསོལ་འདེབས།


མཚན་   རྗེ་མཁན་ཁྲི་༩་པ་རྒྱལ་བ་ཤཱཀྱ་རིན་ཆེན།
འཁྲུངས་གཡུས།   དབང་འདུས་རྫོང་ཁག་ རུད་པ་སེམས་སྐྱོང་།
སྐུ་འཁྲུངས་ལོ། རབ་བྱུང་༡༢པའིགནམ་ལོ་ལྕགས་སྟག་ སྤྱི་ལོ་༡༧༡༠ལོར་འཁྲུངས་ནུག
བླ་མ་བསྟེན་ཚུལ། སྐུ་ན་ཆུང་ཀུ་བསྒང་ལས་སྔོན་གྱི་བག་ཆགས་སད་དེ་ དགུང་ལོ་བཅུ་གསུམ་ལུ་ སེཝ་ལ་རྡོ་རྗེ་གདན་གྱི་ཆོས་གྲྭར་བྱོན། བཀའ་དྲིན་གསུམ་ལྡན་བྱམས་མགོན་བླ་མ་ངག་དབང་རྒྱལ་མཚན་ཞབས་ལས་ རིག་པའི་གནས་ལུ་སྦྱང་པ་མཛད། མཁན་ངག་དབང་ཕྲིན་ལས་ཀྱི་ཞབས་ལས་བསྙེན་པར་རྫོགས། གོང་ས་ཁྲི་སྤྲུལ་མི་ཕམ་དབང་པོ་དང༌། བཤེས་གཉེན་བསྟན་པ་རྒྱལ་མཚན་ཚུ་བསྟེན་ཏེ་ཐོས་བསམ་མཐར་ཕྱིན་པ་མཛད་ནུག
ཐུགས་འགན་བཞེས་གནང་བ། དགུང་གྲངས་སུམ་ཅུ་ལུ་རྟ་མགོའི་ཁྲི་ཚབ་མཛད།  སོ་ལྔ་ལུ་མཁན་ཁྲིར་བྱོན། ལོ་ངོ་བཅུ་གཅིག་གི་རིང་ ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ་ བསྟན་འཛིན་གྱི་སྐྱེ་ཆེན་དམ་པ་མང་རབས་ཅིག་རྗེས་སུ་བཟུང་གནང་ནུག བྱ་བ་ལས་ཀྱི་འཁོར་ལོ། ཐུབ་བསྟན་བྱ་རྒོད་ཕུང་པོ་ལུ་ འོག་མིན་རྣམ་པར་རྒྱལ་བའི་ཁང་བཟང༌། དཔལ་ནཱ་ལེནྡའི་མཆོད་སྡོང་ཆེན་པོ། དཔལ་རི་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་གདན་ས་བཏབ་གནང་།
ཁྱད་རིག རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་ འཆད་རྩོད་རྩོམ་གསུམ་ལུ་ གཞན་གྱིས་དོ་འགྲན་འབད་མ་ཚུགས་མི་ཅིག་ཨིནམ་ལས་ གཞུང་རིག་གནས་དང་ སྔགས་ཐུན་སྒོམ་གསུམ་གྱི་གསུང་འབུམ་པོ་ཏི་བརྒྱད་བཞུགས་གསར་རྩོམ་གནང་ནུག
དགོངས་རྫོགས། དགུང་གྲངས་ལྔ་བཅུ་བཞེས་པའི་གནམ་ལོ་ས་ཡོས་ སྤྱི་ལོ་༡༧༥༩ལོར་དགའ་ལྡན་ལུ་བྱོན་ནུག
བུ་སློབ། རྒྱལ་སྲས་གསུམ་པ་འབྲུག་སྒྲ་རྣམ་རྒྱལ། ཐུགས་སྤྲུལ་དང་པོ་འཇིགས་མེད་གྲགས་པ། གསུང་སྤྲུལ་གཉིས་པ་ཤཱཀྱ་བསྟན་འཛིན། ཁྲི་སྤྲུལ་གཉིས་པ་འཇིགས་མེད་སེང་གེ་རྩིས་ཏེ་མཆོག་སྤྲུལ་བཞི་དང༌། འཇམ་དབྱངས་ཀུན་དགའ་རྒྱ་མཚོ། གསང་བདག་ཡོན་ཏན་མཐའ་ཡས། རྒྱལ་སྲས་བསྟན་འཛིན་རྣམ་རྒྱལ། མཉམ་མེད་ཤེས་རབ་སེང་གེ་རྩིས་ཏེ་ བརྒྱུད་འཛིན་བུ་ཆེན་བཞི། གཞན་ཡང་འགྲོ་དོན་གདུལ་བྱ་ཤར་ཕྱོགས་ལུ་བབ་སྟེ། བཀྲ་ཤིས་ཡང་རྩེའི་བླམ་སྦེ་བྱོན་མི་བྱང་ཆུབ་དཔལ་བཟང་ཟེར་མི་མཁས་གྲུབ་དེ་དང༌། དེ་བཟུམ་སྦེ་ཤར་ཕྱོགས་མོང་སྒར། ཆ་ལི། ཙ་ཀ་གླིང༌། སྔ་ཚང༌། ཤྲཱི་མུ་ཧུང་ཚུ་ བཙན་ཕུ་དགོན་གྱི་བླ་རབས་དང་པོ་སངས་རྒྱས་བཟང་པོ་དང༌། སངས་རྒྱས་རིན་ཆེན་ཚུ་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་གནང་ནུག

སྭ་ཡ་ལ། ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡུལ་ཕྱོགས་དགའ་ལྡན་ཞིང་ན་རྡོ་རྗེ་གྲགས། །གསུང་དབྱངས་ཨོཾ་མ་ཎི་པངྨེ་ཧཱུཾ། ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། སྭ་ཡ་ལ། གཙང་གི་དབུས་ན་དཔལ་ལྡན་རྒྱ་མཚོ་རྗེ། །ལྷོ་ལྗོངས་མཉམ་མེད་ཤཱཀྱ་རིན་ཆེ་ཞབས། །གསུང་དབྱངས་ཨོཾ་མ་ཎི་པངྨེ་ཧཱུཾ། སྭ་ཡ་ལ། ཕ་འདི་བླ་མ་རྣམས་ལ་སྐྱབས་སུ་མཆི། ། སྭ་ཡ་ལ། སྐུ་གསུམ་དབྱེར་མེད་ངོ་བོ་རྡོ་རྗེ་འཆང་། །འདི་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་པར། །གསུང་དབྱངས་ཨོཾ་མ་ཎི་པངྨེ་ཧཱུཾ། ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། སྭ་ཡ་ལ། མོས་གུས་གདུང་ཤུགས་ཆེན་པོའི་གསོལ་བཏབ་ཀྱིས། །བདག་སོགས་འགྲོ་རྣམས་ཐུགས་རྗེས་བཟུང་དུ་གསོལ། །གསུང་དབྱངས་ཨོཾ་མ་ཎི་པངྨེ་ཧཱུཾ། ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །