ཆུ་མོ་ཕུའི་གནས།


ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཙ་རི་གཉིས་པ་ སྤ་རོ་ཆུམོ་ཕུག་གི་གནས་དེ་ སྤ་རོ་དོས་སྟེང་རྒེད་འོག་ལྷ་ཁང་ཐང་ལས་འགོ་བཙུགས་ཏེ་ ཆུམོ་ཕུག་གནས་ངོ་མ་ལུ་མ་ལྷོད་ཚུན་ཚོད་ཀྱི་བར་ན་ ལམ་གྱི་གཡས་དང་གཡོན་ལུ་ རྡོ་དང་བྱག་གུ་ལུ་ ཨོ་རྒྱན་རིན་པོ་ཆེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་མན་ད་ར་བ། མཁའ་འགྲོ་རྡོ་རྗེ་ཕགམོ། དཔའ་བོ་རྟ་མགྲིན་གྱི་སྐུ་རྗེས་དང་ཕྱག་རྗེས་ ཞབས་རྗེས་སྒྲུབ་ཆུ་ཚུ་ མང་ཧེད་རྫོགསཔ་ཅིག་མཇལ་ནི་འདུག

དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་བསྟན་གནང་སྟེ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་ཏེ་བྱིན་གྱིས་བརླབས་གནངམ་མ་ཚད་ ཨོ་རྒྱན་ཐམས་ཅད་མཁྱེན་པ་སྐུ་དངོས་ཀྱིས་ཞབས་ཀྱིས་བཅག་སྟེ་ ཆོས་ནོར་ཟབ་སྟེར་གྱིས་གང་བའི་སྤ་རོ་ཁྲོམ་ཁ་ལས་ གྱང་གསར་ཟླུམ་བརྩེགས་ལྷ་ཁང་བརྒལ་ཏེ་ དོསཔ་ཤར་རི་ཟམ་པ་ལས་ལྷ་ཁང་ཐང་ཚུན་ སྣུམ་འཁོར་ནང་འགྱོ་བའི་ཤུལ་ལུ་ ལྷ་ཁང་ཐང་ལས་ བྱི་ཤིང་དང་སི་སི་ཤིང་གི་སྦུག་ལས་ལམ་ཀེ་ཀེ་བདའ་སྟེ་ བྱི་ཅུང་གི་སྐད་ཧན་ཏོང་ཏོ་དང་ རླུང་མ་བསིལ་ཏོང་ཏོ་ རོང་ཆུའི་འུར་སྒྲ་གིིས་རྣོཝ་ཚ་སི་སི་སྦེ་འགྱོ་བའི་སྐབས་ལུ་ སེམས་ལུ་སྤྲོ་བ་ཐེབས་ཅིག་ར་བྱུངམ་ཨིན་མས།

འབྲུག་གི་ས་གནས་ག་ཏེ་ལུ་ གནས་མཇལ་བར་འགྱོ་སྟེ་འབད་ས་ཅིག་རུང་ ས་རྡོ་རི་བྲག་ག་ར་གནས་སྦེ་བྱིན་གྱིས་བརླབས་གནང་སྟེ་ཡོད་པའི་ནང་ལས་ ཕྱག་རྗེས་ཞབས་རྗེས་དང་སྐུ་རྗེས་ཚུ་ བྱག་དང་རྡོ་གུར་མང་ཤོས་བཞག་གནང་མི་དེ་ཡང་ མ་འོངས་པའི་སེམས་ཅན་ཚུའི་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ ཕྱག་མཆོད་ཀྱི་རྟེན་འགྱུར་བ་མེད་པ་གནས་ཚུགས་ནིའི་དོན་ལུ་ བཞག་གནང་གནངམ་བཟུམ་ཅིག་ཨིན་མས། སྟེ་དེ་འབད་ནི་དེ་གིས་ གནས་ཚུ་མཇལ་བའི་སྐབས་ལུ་ དད་པ་དངས་སྣང་བསྐྱེད་དེ་མཇལ་བ་ཅིན་ ཚེ་ད་རེས་ནད་རིགས་བཞི་བརྒྱ་རྩ་བཞི་དང་ གདོན་རིགས་སྟོང་ཕྲག་བརྒྱད་བཅུ་ཚུ་གིས་ གླགས་ཁེལ་མ་ཚུགསཔ་མ་ཚད་ ལས་ངན་སྡིག་སྒྲིབ་དག་སྟེ་ ཚེ་ཕྱི་མ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ལུ་སྐྱེ་ཚུགས་པའི་དགོས་པ་ཡོདཔ་ཨིན་མས།

སྤ་རོ་ལྷ་ཁང་ཐང་ལས་ ཆུམོ་ཕུག་གནས་ངོ་མ་ལུ་མ་ལྷོད་ཚུན་ཚོད་ ལམ་གྱི་གཡས་དང་གཡོན་ལས་ཕར་ གནས་ལེ་ཤ་མཇལ་ནི་ཡོད་པའི་གྲལ་ལས་ ལམ་གྱི་གཡོན་ཁ་ཐུག་རོང་ཆུའི་མཐའ་མར་ མི་འཁྲུགས་པའི་དཀྱིལ་འཁོར་ གཏེར་གྱི་ལྡེ་མིག་གི་མ་ ཆོས་ནོར་ཟབ་གཏེར་གྱི་གཏེར་ཁ་མང་རབས་ཅིག་དང་ གནམ་ལྕགས་དབང་མོའི་རལ་གྲིའི་གཏེར་ཚུ་ མ་འོངས་གདུལ་བྱའི་དོན་ལུ་ སྦ་བཞག་སྟེ་ཡོད་མི་བྱག་ཚུ་མཇལ་ནི་འདུག།

 

 

ཐུགས་འཆར།