བུ་ལི་དགོན་པ།


བུམ་ཐང་རྫོང་ཁག་ཆུ་སྨད་རྒེད་འོག་ རྒྱལ་རྩ་གཡུས་ཚན་གྱི་ཉེ་འདབས་ལུ་ཆགས་ཏེ་ཡོད་མི་བྷུ་ལི་ལྷུན་གྲུབ་འོད་གསལ་ ཆོས་གླིང་གི་དགོན་སྡེ་དེ་ གཏེར་བཏོན་རྡོ་རྗེ་གླིང་པ་གིས་ སྤྱི་ལོ་༡༤༥༣དེ་ཅིག་ལུ་ཕྱག་བཏབ་་གནང་པའི་ལོ་རྒྱུས་འདུག།དགོན་སྡེ་དེ་ རྒྱལ་རྩ་གཡུས་ཚན་ནང་ལས་ དུས་ཡུན་སྐར་མ་༥དེ་ཅིག་འགྱོཝ་ད་ ཐང་གི་སྦུག་ལུ་སྤོ་ཏོག་ཡོད་དོ་བཟུམ་ཅིག་གུ་ལུ་ ལྷ་ཁང་དེ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཆགས་ཏེ་འདུག སྔོན་མ་གཡུས་སྒོའི་མི་སེར་ཚུ་གིས་བདག་འཛིན་འཐབ་མི་ སྒེར་དབང་གི་སྒོམ་སྡེ་ཅིག་ཨིན་རུང་ སྤྱི་ལོ་༡༩༩༧ཟླཝ་༣པའི་ཚེས་༡༥་ལུ་ གཞུང་གིས་རྩིས་བཞེས་པའི་ཤུལ་ལུ་ སྒོམ་སྡེ་གསར་བཙུགས་འབད་དེ་གཞུང་དབང་གི་གྲངས་སུ་བཙུགས་ཡོདཔ་ཨིན་མས། མི་ལོ་བརྒྱ་ཕྲག་འགྱོ་མི་གདན་ས་རྩ་ཅན་དེ་ གཏེར་བཏོན་ཁོ་རའི་ཐུགས་སྨོན་ལུ་བརྟེན་ཏེ་ བར་སྐབས་ཅིག་ལས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚུ་གིས་ མི་ཉམས་གོང་འཕེལ་ཐོག་ལས་བསྐྱར་གསོ་འབད་ཡོདཔ་མ་ཚད་ དད་ལྡན་གྱི་་སྦྱིན་བདག་ཚུ་གིས་ཞབས་ཏོག་ཞུ་ཡོདཔ་ཨིན་མས། སྒོམ་སྡེ་གིས་ལོ་བསྟར་རང་ཟླ་༡པའི་ནང་བར་ན་སྒྲུབ་ཆེན་ཚར་རེ་བཙུགས་སྲོལ་ཡོདཔ་ ད་ དེ་བསྒང་ཉེ་འདབས་ཀྱི་གཡུས་ཚན་ཆུ་སྨད་དང་དོམ་མཁར་ ཨུ་རུག་ དེ་ལས་དགེ་རྩ་གི་མི་སེར་ཚུ་ལུ་ གཞན་དང་མ་འདྲའི་སྐུ་འཆམ་དང་བཅསཔ་སྦེ་སྟོན་དོ་ཡོདཔ་ཨིན་མས། སྒོམ་སྡེ་གིས་ལོ་བསྟར་བཞིན་དུ་ ཞིང་སྒྲུབ་དང་བླ་མའི་སྐུ་མཆོད་ ཆོས་སྲུང་ཡོངས་རྫོགས་ མགོནམོ་སྡེ་བཞི་ ཚེས་བཅུ་ཚུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།སྒོམ་སྡེའི་སློབ་ཕྲུག་སྒོམ་ཆེན་ ཚུ་གིས་ འབྲི་ཀློག་ལས་འགོ་བཟུང་སྟེ་ བསྐྱེད་ཆོག་གི་ཕྱག་ལེན་ཚུ་སློབ་སྦྱོང་འབད་བའི་ཁར་ གཞུང་དང་རིག་གནས་ཚུ་ཡང་སྦྱང་བརྩོན་འབད་དོ་ཡོདཔ་ཨིན་མས།ད་རེས་སྒོམ་སྡེ་ནང་ དབུ་འཛིན་དང་ དབུ་མཛད་ མཆོད་དཔོན་ སྐུ་དྲུང་ དེ་ལས་སློབ་ཕྲུག་སྒོམ་ཆེན་བརྒྱ་ལངས་མ་ལངས་ཅིག་ཡོད་མི་ཚུ་གིས་ ཉེ་འདབས་ཀྱི་གཡུས་སྒོ་ཚུ་ནང་ལུ་ གསོན་གཤིན་གྱི་རིམ་འགྲོ་གཏང་ནི་དང་ དགེ་བའི་གསུང་རབ་ལྷག་ནི་ཚུ་ལུ་ ཕན་ཐབས་བྱུང་དོ་ཡོདཔ་ཨིན་མས།བྷུ་ལི་དགོན་སྡེ་དེ་འབྲུག་གི་རྒྱལ་རབས་ནང་གལ་ གནད་ཅན་ཅིག་ཨིན་པའི་རྒྱུ་མཚན་དེ་ཡང་ འབྲུག་གི་དཔའ་བོ་མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་ལུང་བསྟན་དང་འཁྲིལ་ཏེ་ བུམ་ཐང་དང་ཀྲོང་གསར་ཁ་ཐུག་ལུ་བྱོན་ནིའི་ཐུགས་འདོད་བསྐྱེད་དེ་ ཀུར་སྟོད་དུང་དཀར་སྣག་ཚང་ལས་འཐོན་ཏེ་ བུམ་ཐང་ལུ་བྱོན་པའི་ལམ་ཁར་ བུམ་ལྟང་རྣ་རུ་རྒཔོ་གི་ཁྱིམ་ནང་ལུ་ནོར་རྫིཔ་སྦེ་ཟླཝ་གཉིས་གསུམ་དེ་ཅིག་ བཞུགས་པའི་ཤུལ་ལུ་ ཀྲོང་གསར་ཆོས་རྩེ་རྫོང་ནང་བྱོན་པའི་ལམ་བར་ན་ བུམ་ཐང་བྷུ་ལིའི་བླམ་ཤཀྱཱ་རྣམ་རྒྱལ་དང་ཕྱད་དེ་འབྲེལ་བ་འཐབ་ད་ མི་རྗེ་འཇིགས་མེད་རྣམ་རྒྱལ་དེ་ གཏམ་སླབ་ཟེར་གསུམ་ག་ཅིའི་འཐད་ལས་འབད་རུང་མཁས་དྲག་ཡོད་ནི་འདི་གིས་ བླམ་གིས་ལོ་རྒྱུས་རྩད་བཅད་དེ་དྲིཝ་ད་ རྨི་ལམ་ནང་ལུ་ལུང་བསྟན་བྱུང་མི་ཚུ་གསལ་རིལ་རི་སྦེ་ཞུ་སྟེ་ ཀྲོང་གསར་ཆོས་རྩེ་རྫོང་ནང་དཔོན་སློབ་ཀྱི་ཞབས་སར་འགྱོ་ནི་ཨིན་ཟེར་ཞུཝ་ད་ བླམ་གྱིས་ཡང་ལམ་བར་གྱི་རྒྱགས་སྐལ་དང་བཀབ་གོ་ལ་ཚུ་གནངམ་མ་ཚད་ བླ་མའི་ཕྱག་གཡོགཔ་ཨུ་རཔ་དོན་གྲུབ་ཟེར་མི་དེ་ཕྱག་ཞུ་སྟེ་ ཀྲོང་གསར་ལུ་བསྐྱེལ་བར་བཏང་ནུག། འ་ནེ་འབད་ནི་འདི་གིས་ བུམ་ཐང་བྷུ་ལི་དགོན་པ་དེ་ རྒྱལ་རབས་ཅན་གྱི་ལྷ་ཁང་ཅིག་འབད་བརྩི་ཁུངས་བསྐྱེད་དོ་ཡོདཔ་ཨིན་མས།།

ཐུགས་འཆར།