སླབ་སྲོལ་འགྱུར་བ།


ཧེ་མ་དང་ཕྱདཔ་ད་རིས་ནངས་པ་ རྫོང་ཁ་སླབ་ནི་འདི་ཡར་དྲགས་སོང་སྟེ་ཡོད་རུང་། ཡིགུ་འབྲི་ཐངས་ཀྱི་ཐད་ལུ་ སྔོན་མ་དང་ཕྱདཔ་ད་ དུམ་གྲ་ཅིག་ཚགས་ཁར་ཚུད་མི་ཉུང་སུ་ཅིག་ཡོདཔ་ཨིན་མས། མ་གཞི་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཐབས་ལམ་འཆར་གཞི་སྣ་ཚོགས་བཏོན་པའི་གྲས་ལས་གཅིག་འདི་ རྫོང་ཁའི་ཚིག་མཛོད་ཞུན་དག་མཛད་མི་ མང་ཤོས་ཅིག་བུམ་ཐངཔ་དང་ཤར་ཕྱོགསཔ་ཚུ་ཨིནམ་ལས་བརྟེན་ རྫོང་ཁའི་བརྗོད་སྒྲ་མ་དགཔ་དང་ ངག་གཤིས་ལུ་གཙོ་བོར་མ་བཏོན་ས་གིན་ ད་རིས་ནངས་པ་ལོག་ཅི་ར་ཡིག་སྡེབ་སོར་མི་འདི་གིས་ཡང་ རྫོང་ཁ་དར་ཁྱབ་གཏང་ནི་ལུ་སྟབས་མ་བདེཝ་བྱུང་དོ་ཡོདཔ་ཨིན། རྫོང་ཁའི་མཁས་མཆོག་རེ་རེ་གཉིས་གཉིས་ཀྱིས་ རང་སོའི་སྡེབ་རེ་བྲིས་ཏེ་ཁུངས་བཀལ་མི་དེ་གིས་ཡང་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་བཟོ་ནི་ལུ་སྟབས་མ་བདེཝ་བྱུང་སྟེ་ཡོད་རུང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་བཟོ་ནི་ལུ་བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

མ་གཞི་སྐད་ཡིག་ཟེར་མི་འདི་ ཕན་ཚུན་གཅིག་གིས་གཅིག་ལུ་ བརྡ་དོན་སྤྲོད་ལེན་འབད་ནི་ཅིག་ཨིན་རུང་། རྒྱལ་ཁབ་ཡར་རྒྱས་ཀྱི་དུས་དང་བསྟུན་ཏེ་ སྔོན་དང་ཕུ་སླབ་སྲོལ་ཡོད་པའི་ ངག་གཤིས་ཀྱི་མིང་ཚིག་ཆེནམོ་ཅིག་སླབ་ནི་མེད་པའི་ཁར་ ལ་ལུ་ཅིག་གིས་ མིང་ཚིག་མ་འདྲཝ་སྦེ་སླབ་ནི་ལུ་གོམས་འདྲིས་ཚུད་ནི་འདི་གིས་ མ་འོངས་པར་མིང་ཚིག་གཏན་ཏོག་ཏོ་ཅིག་མེད་པ་ལུས་ནིའི་ཉེན་ཁ་འབྱུང་ནི་ཨིནམ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལྕི་དྲགས་གང་དྲག་སྦེ་ བརྡ་སྦྱོར་དང་ཚིག་མཛོད་ཚུ་བརྩམས་བསྒྲིགས་འབད་དེ་ཡོད་མི་གུ་གཞི་བཞག་སྟེ་ སློབ་གྲྭ་ཁག་དང་ རྫོང་ཁ་ལག་ལེན་འཐབ་མི་ཚུ་གིས་ ངོས་ལེན་འབད་དེ་བརྩི་ཁུངས་བསྐྱེད་དགོཔ་ཨིན་རུང་ རང་རང་སོ་སོའི་ཁུངས་རེ་བཀལ་ཏེ་ ཡིག་སྡེབ་སོ་སོར་བྲིས་མི་འདི་གིས་ རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནི་ལུ་ ཕན་པ་བ་ལྷག་པའི་གནོད་པ་བྱུངམ་ཨིན་པས།

ད་རིས་ནངས་པ་ རྒྱལ་ཁབ་གོང་འཕེལ་མགྱོགས་དྲག་སྦེ་འགྱོ་བའི་ནམ་དུས་ལུ་ མིའི་བསམ་སྤྱོད་འགྱུར་བཅོས་འགྱོ་མི་ལུ་བརྟེན་ ལ་ལུ་ཅིག་གིས་ ཉམས་དགའ་བའི་ཞོར་ཁར་ ཁ་སྐད་ཕྱི་འགྱུར་སྦེ་སླབ་མི་འདི་ ན་གཞོན་ཚུ་གིས་དཔྱེ་བལྟ་སྟེ་ དང་ལེན་འབད་མི་འདི་ལུ་ལང་ཤོར་ཐལ་ཏེ་ སྔོན་མ་སླབ་སྲོལ་ཡོད་པའི་མིང་ཚིག་ཚུ་ མགྱོགས་པ་ར་ཡལ་ནིའི་ཉེན་ཁག་སྦོམ་ཡོདཔ་ལས་ ད་ལྟོ་དུས་ཚོད་མ་ཕྱིསཔ་ལས་ མཁྱེན་མི་ཆ་ཁྱབ་ཀྱིས་བཅོ་ཁ་རྐྱབ་སྟེ་ ཚུལ་མཐུན་མཛད་དགོཔ་གལ་ཆེ་བས་ཟེར་ཞུ་ནི་ཨིན།

འདི་གུ་ཨེབ་སྟེ་གཟིགས་གནང་། དེ་བསྒང་ད་རེས་ཀྱི་སླབ་སྲོལ་མ་འདྲཝ།

ཐུགས་འཆར།