གསང་གླིང་གཟིམ་ཅུང་འོག་མ།


DSC06896 - Copy

    གསང་གླིང་གཟིམ་ཅུང་འོག་མ་ལྷ་ཁང་།

༉ བྱམས་མགོན་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་སྤྲུལ་ དཔལ་ལྡན་འབྲུག་པའི་གདུང་རིགས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ བླམ་འཇིགས་མེད་སེང་གེ་དང་། མཁན་ཆེན་ཁྲི་རབས་༡༣པ་ སྐྱབས་རྗེ་རྗེ་མཁན་གསང་བདག་ཡོན་ཏན་མཐའ་ཡས་རྣམ་གཉིས་ ཐུགས་མཐུན་གྱི་ཐོག་ལས་ རང་ཟླ་༢པའི་ནང་ མཁན་ཁྲི་༡༢པ་སྐྱབས་རྗེ་རྗེ་མཁན་ངག་དབང་ཀུན་དགའ་རྒྱ་མཚོ་མཆོག་ ན་ལནྜ་དགོན་པ་ལས་ རྟ་ལོག་དགོན་པར་གདན་འདྲེན་ཞུས་ཏེ་ མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་ལུང་གསན། ད་རུང་གནམ་བྱཱར་ སྐྱབས་རྗེ་མཁན་ཆེན་ངག་དབང་ཡོན་ཏན་མཐའ་ཡས་ཀྱི་ཞབས་ལས་ བསེ་འཕོའི་ཁྲིད་ལུང་གསན་པའི་སྐབས་ བླམ་འཇིགས་མེད་སེངྒེ་མཆོག་གིས་ རྩ་བའི་བླ་མའི་སྐུ་དྲིན་དྲན་ཐབས་ལུ་ གཟིམ་ཅུང་གསརཔ་བཞེངས་ཏེ་ཕུལ་མི་ལུ་ སྐྱབས་རྗེ་མཁན་ཆེན་ངག་དབང་ཀུན་དགའ་རྒྱ་མཚོ་མཆོག་གིས་ དཔལ་ཡོན་ཅན་ཟེར་བཏགས་གནང་རུང་།  རྟ་ལོག་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་འོག་ལུ་དང་ ཞབས་དྲུང་འཇིགས་མེད་གྲགསཔ་མཆོག་གི་བཞུགས་གནས་གཉིས་པ་འབད་ནི་འདི་གིས་ ལྟག་གི་གདན་ས་གི་མཚན་ལས་རིགས་བསྒྲེས་ཏེ་ གསང་གླིང་གཟིམ་ཅུང་འོག་མ་ཟེར་ཞུ་སྲོལ་དར་ཁྱབ་སོང་ནུག།

རྗེ་མཁན་གསང་བདག་ཡོན་ཏན་མཐའ་ཡས་མཆོག་གིས་ གཟིམ་ཅུང་འོག་མ་ལྷ་ཁང་ནང་ལུ་ ཟླཝ་གཉིས་སྐུ་མཚམས་ལུ་བཞུགས་པའི་ཟླཝ་ཕྱེད་ལུ་ར་ བདེ་མཆོག་སྒྲུབ་མཆོད་རྒྱས་པ་དང་ ཡིག་བརྒྱ་སྟོང་དྲུག། མ་ནམ་བཞི་སྐོར་སྟོང་དྲུག། ངོ་བོ་ཉིད་སྐུའི་གསོལ་འདེབས་སྟོང་དྲུག། བདེ་མཆོག་ཡབ་ཡུམ་ཁྲི་གསུམ། རྟ་མགྲིན་ཁྲི་ཕྲག་གསུམ་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་འཇམ་ཏོང་ཏོ་སྦེ་ཚང་སོཔ་མ་ཚད། དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་གནང་པའི་སྐབས་ བསྙེན་པ་འཁྱོལ་པའི་རྟགས་ གཟིམ་ཅུང་འོག་མ་ལྷ་ཁང་མེ་འབར་ཏེ་ གྲུབ་རྟགས་ཡ་མཚན་ཆེ་ཏོག་ཏོ་བྱུང་མི་ཚུ་ སྐྱེས་བུ་དང་པ་ཚུ་གིས་མཇལ་བའི་ལོ་རྒྱུས་འདུག།

དུས་ཚོད་དེའི་བསྒང་བླམ་འཇིགས་མེད་སེང་གེ་གིས་ཞུ་བའི་ངོ་ལུ་ རྗེ་མཁན་ཡོན་ཏན་མཐའ་ཡས་མཆོག་གིས་ རྟ་ལོག་དགོན་སྡེའི་སྲུང་མ་གནས་ཆེན་བསམ་གྲུབ་དར་རྒྱས་ཀྱི་གསོལ་ཁ་གསར་བརྩམས་མཛད་གནང་། བླམ་འཇིགས་མེད་སེངྒེ་མཆོག་གིས་གཟིམ་ཅུང་དང་། མཆོད་ཆས་དང་ཆ་དཔེའི་རིགས་ཚུ་ རྗེ་ཡོན་མཐའ་ཡས་ལུ་ཕུལ་བའི་ལོ་རྒྱུས་འདུག།

དེའི་ཤུལ་ལས་ ཞབས་དྲུང་ཐུགས་སྤྲུལ་ལྔ་པ་ ངག་དབང་འཇིགས་མེད་ཆོས་རྒྱལ་མཆོག་དང་། སྦུལ་སྒང་སྡེཔ་གཉིས་ཐུགས་མཐུན་གྱི་ཐོག་ལས་ སྦུལ་སྒང་རྫོང་ནང་གི་ ཇོ་བོའི་སྐུ་འདྲ་བྱིན་ཅན་འདི་ རྟ་ལོག་ལུ་གདན་འདྲེན་ཞུ་ནིའི་ཞལ་འཆམ་བྱུང་མི་དང་འཁྲིལ་ཏེ་ གཟའ་སྐར་ཚེས་བཟང་གི་ཉིནམ་ལུ་ ཇོ་བོའི་སྐུ་འདྲ་གདན་འདྲེན་ཞུ་སྟེ་ རྟ་ལོག་ས་རྐོ་སར་ལྷོདཔ་ད་ དགུང་ཞག་འདི་ནང་བཞུགས་ནི་ཨིན་ཟེར་གསུང་བྱོནམ་ཚད། དེའི་ནངས་པ་ལུང་བསྟན་དང་འཁྲིལ་ཏེ་ གཟིམ་ཅུང་འོག་མ་ལྷ་ཁང་ནང་ཞུ་བའི་སྐབས་ལུ་ ལྷ་ཁང་གི་འཛུལ་སྒོ་ལས་མ་ཐལཝ་ད་ གཡས་འགོར་ཏེ་བཙུགས་ཟེར་གསུང་བྱོན་མི་དང་འཁྲིལ་ཏེ་ཞུཝ་ད་ འཇམ་ཏོང་ཏོ་སྦེ་ནང་ན་ཐལ་ནུག། དེ་ལས་གཟའ་སྐར་ཚེས་བཟང་གི་ཉིན་མ་ལུ་ རབ་གནས་ཡང་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་མཆོག་གིས་གནང་ཡོད་པའི་ལོ་རྒྱུས་འདུག།

དེ་ལས་ཚུར་ རྟ་ལོགཔ་ཚུ་གིས་ཤི་གསོན་གཉིས་ཀྱི་དགེ་རྩ་ཚུ་ གཟིམ་ཅུང་འོག་མ་ལྷ་ཁང་ནང་བཟུང་དོ་ཡོདཔ་ལས་ ཞབས་དྲུང་ཐུགས་སྤྲུལ་དྲུག་པ་ངག་དབང་འཇིགས་མེད་རྡོ་རྗེ་མཆོག་གིས་ ལྷ་ཁང་གི་མཐའ་བསྐོར་ཏེ་ མ་ཎི་ལག་འཁོར་བཙུགས། རྡོ་ནག་གུར་བསྐང་བཤགས་ཀྱི་ལྷ་ཚོགས་སྤར་རྐོ་སྟེ༌ རབ་གནས་དང་བྱིན་བརླབས་གནང་ཡོདཔ་ལས་ ལྷ་ཁང་འདི་ནང་ལུ་བསྐང་བཤགས་གཏང་ཚུགས་པ་ཅིན་ ཕན་ཡོན་དཔག་ཏུ་མེད་པ་ཡོདཔ་ཨིན་པས།།

ང་རང་གིས་དབྱེ་བ་དཔྱད་དཔྱདཔ་ཅིག་བྲིས་ཏེ་ཡོད་རུང་ དེ་བ་ལྷགཔ་དང་དེ་ལས་རྒྱས་པའི་རྒྱབ་ཁུངས་ཡོད་པ་ཅིན་ ང་ལུ་ཕན་ཐོགས་ནི་ཨིན་པས། དེ་འབད་ནི་འདི་གིས་ ཐུགས་འཚེར་བ་དང་གཡང་ཟ་བག་ཟ་ག་ནེ་ཡང་མེད་པ་འབྲི་སྟེ་བཀའ་དྲིན་བསྐྱང་གནང་ལགས།

 

ཐུགས་འཆར།