སྔར་སྲོལ་བདག་འཛིན་འཐབ་དགོཔ།

རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ འབྲུག་པའི་ན་གཞོན་ཚུ་གིས་ ཕྱིའི་རྒྱལ་ཁབ་ཀྱི་ཁ་སྐད་དང་ལམ་སྲོལ་ལུ་ དང་འདོད་བསྐྱེད་མི་ལོ་གཅིག་བ་ལོ་གཅིག་ཡར་འཕར་འགྱོ་བཞིན་ཡོད་མི་དེ་ཚ་གྱང་ལང་དགོ་པའི་གཞི་ཅིག་ཨིན་མས། དེ་ཡང་ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པ་ན་གཞོན་ཚུ་གིས་མ་ཚད་པ་ ཐ་ན་རྒན་ཤོས་ཚུ་གིས་ཡང་ ཕྱི་རྒྱལ་ཁབ་ཀྱི་ཁ་སྐད་དང་ལམ་སྲོལ་ཚུ་ལུ་ བརྩི་མཐོང་སྦོམ་སྦེ་ར་བསྐྱེད་སར་མཐོངམ་མས། ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་དེ་ སྒྲིང་སྒྲིང་སྦེ་བདག་འཛིན་འཐབ་མ་ཚུགས་པ་ཅིན་ འབྲུག་གི་ངོ་རྟགས་འབྱང་ནིའི་ཉེན་ཁ་སྦོམ་ཡོདཔ་ཨིནམ་ག་ར་གིས་མཁྱེན་སར་ཨིན། དེ་འབད་ནི་འདི་གིས་ འབྲུག་མི་རེ་རེ་བཞིན་དུ་གིས་ ལམ་སྲོལ་བདག་འཛིན་འཐབ་ནི་ལུ་  བརྩོན་ཤུགས་བསྐྱེད་དགོ་པའི་ཁར་ འགན་འཁྲི་འབག་དགོ་པའི་དུས་ཚོད་མ་རན་ག་ཟེར་མནོཝ་མས།
རྒྱལ་ས་ཐིམ་ཕུག་ལུ་གཞི་བཙུགས་འབད་དེ་ཡོད་མི་ གྲོང་གསེབ་ཤེས་ཡོན་གཞི་ཚོགས་ཀྱིས་   འབྲུག་གི་སྐད་ཡིག་དང་ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ལུ་ ཐིམ་ཕུག་སྡེབ་སྲིད་ སྐད་ཡིག་དང་ལམ་སྲོལ་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་མི་དེ་  གནད་དོན་སྦོམ་ཡོདཔ་ཨིན་པས། གཞི་ཚོགས་ཀྱིས་ འབྲུག་གི་སྐད་ཡིག་དང་ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་ལུ་ མ་དངུལ་མེད་དེ་འབད་རུང་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ མ་དངུལ་འཚོལ་ཏེ་ སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་མི་དེ་ལུ་ ཡིད་ཆེས་ངལ་རངས་ཡོད་པའི་ཁར་ མིག་དཔེ་བཟང་པོ་ཅིག་ཨིན་མས། ག་ཅི་སྦེ་ཟེར་བ་ཅིན་ ད་ལྟོ་ཚུན་ གཞུང་དང་སྒེར་གྱི་ཐོག་ལས་ སློབ་གཉེར་གྲོགས་རམ་བྱིན་མི་ཚུ་ ཆ་མཉམ་ར་ ཕྱི་ཆོས་ཀྱི་དོན་རྐྱངམ་ཅིག་མ་གཏོགས་ ང་བཅས་རའི་སྐད་ཡིག་དང་ལམ་སྲོལ་   ཉམས་སྲུང་འབད་ནིའི་དོན་ལུ་ དེ་སྦེ་བྱིན་མི་མ་ཐོནམ་ཨིན་པས། སློབ་གཉེར་གྲོགས་རམ་གྱི་ མ་དངུལ་རྒྱབ་སྐྱོར་དེ་ཡང་ ཨེ་མི་རི་ཀ་ལུ་ཡོད་མི་ མོ་ཌིསི་གཞི་ཚོགས་ཀྱིས་འབད་ཡོདཔ་བཞིན་དུ་ གཞི་ཚོགས་དེ་གིས་སློབ་གཉེར་གྲོགས་རམ་འབད་མི་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་འགོ་དང་པ་ཨིན་མས། གྲོང་གསེབ་ཤེས་ཡོན་གཞི་ཚོགས་ཀྱིས་འབད་བ་ཅིན་ ད་རེས་ནངས་པ་ རང་གི་སྐད་ཡིག་དང་ལམ་སྲོལ་ལུ་ དང་འདོད་བསྐྱེད་མི་ལེ་ཤ་མེདཔ་ལས་བརྟེན་ སློབ་ཕྲུག་ཨ་ལུ་ཚུ་གིས་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་དང་ ལྷག་པར་དུ་ ན་གཞོན་ག་ར་ལུ་ཤེས་ཡོན་སྤྲོད་དགོ་ཟེར་མི་ ཤེས་རིག་གི་དམིགས་ཡུལ་འགྲུབ་ཐབས་ལུ་ཨིན་མས། གཞི་ཚོགས་ཀྱིས་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ཕམ་ཡ་བྲལ་སོང་མིའི་ ཨ་ལུ་ཚུ་དང་ ཟད་འགྲོ་གཏང་མ་ཚུགས་མི་ ཕམ་ཉམ་ཚུ་གི་ ཨ་ལུ་ཚུ་ གདམ་འཐུ་འབད་ནི་ཨིན་པའི་ ཁྱད་ཚད་བཟོ་ཡོད་མི་དེ་ཡང་ ཐབས་བྱུས་དྲག་ཤོས་ཅིག་ཨིན་པས།
གཞི་ཚོགས་ཀྱིས་ ད་ལྟོ་ཚུན་ སློབ་ཕྲུག་ཚུ་ལུ་ ཤེས་རིག་གི་ རྒྱབ་སྐྱོར་འབད་བའི་ཁར་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་མི་སློབ་ཕྲུག་ཚུ་ལུ་སློབ་གཉེར་གྲོགས་རམ་འབད་དེ་ཡོདཔ་ཨིན། ད་ལས་ཕར་སྒེར་གྱི་གཞི་ཚོགས་གཞན་ཚུ་གིས་འབད་རུང་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་དང་ལམ་སྲོལ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སློབ་གཉེར་གྱི་གྲོགས་རམ་ཚུ་བྱིན་པ་ཅིན་ ཉམ་ཆུང་ལུ་ཕན་ཐོགས་འབྱུང་ནི་རྐྱངམ་ཅིག་མིན་པ་ སྔར་སྲོལ་ལམ་ལུགས་བདག་འཛིན་འཐབ་ནི་ལུ་ ཐབས་ལམ་དྲག་ཤོས་ཅིག་ཨིནམ་ལས་ གཞུང་མིན་ལས་སྡེ་དང་སྦྱིན་བདག་འབྱོར་པ་ཅན་ཚུ་གི་མཁྱེན་ཚུགས་ནིའི་དོན་ལུ་    བརྡ་བརྒྱུད་ནང་དར་ཁྱབ་གཏང་དགོཔ་ཁག་ཆེ་བས་ཟེར་ཞུ་ནི་ཨིན།