ཕ་མའི་རིགས་བརྒྱུད།


མི་ཚེ་གཉིས་མཐུད་གསུམ་མཐུད་རྐྱབ་རུང་ དྲིན་ལན་འབྱོར་མ་ཚུགས་པའི་ དྲིན་ཅན་ཨ་མ་ཟླ་བ་འདི་ རྟག་བུ་གནའ་བུ་ཁ་འབྱལ་མེད་པར་ ཕམ་དང་བུ་གཞི་སྦེ་གཅིག་ཁར་སྡོད་ནི་ཡོད་པ་ཅིན་སེམས་དགའ་བས། ཨིན་རུང་སྐྱེས་བའི་མཐའ་མ་ཤི་ནི། འཛོམས་པའི་མཐའ་མར་གྱེས་ནི། བསགས་པའི་མཐའ་མར་ཟད་ནི་ བརྩེགས་པའི་མཐའ་མར་འགྱེལ་ནི་ཨིནམ་ཚད་ དུས་ནམ་ཅིག་གི་ཚེ་ རང་ཡང་དེའི་ལམ་བདའ་སྟེ་འགྱོ་དགོ་མི་འདི་ འཇིག་རྟེན་གྱི་ཆོས་ཉིད་ཨིནམ་ལས་ གཏན་རྐྱང་མཉམ་གཅིག་སྡོད་པའི་རང་དབང་མི་ནུག།

ཨིན་རུང་ད་རིས་ནངས་པ་བརྡ་དོན་འཕྲུལ་རིགས་ཡར་རྒྱས་དང་བསྟུན་ཏེ་ དྲིན་ཅན་ཨ་མའི་སྐུ་པར་ ཁྲ་ལམ་ལམ་སྦེ་མཇལ་ནི་ཡོད་ནི་འདི་གིས་ ཧེ་མ་ག་དེ་སྦེ་སྡོད་ཅི་ག་སེམས་ཁར་ཤར་ཏེ་ དགའ་བའི་ལྕངམོ་ལུ་སྐྱོ་བའི་མིག་ཆུ་བླུགས་ཏེ་ འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཐེ་ཚོམ་མེད་འོང་ཟེར་མནོཝ་མས།

IMG_20151103_211451

ཨའི་ལུ་ཨ་མ་ཟེར་བོ་སྲོལ།

ང་བཅས་ར་འབྲུགཔ་མང་ཤོས་ཀྱིས་ ལུས་སེམས་སྐྱེས་པའི་དྲིན་ཅན་མ་ལུ་ ཨའི་ཟེར་ཞུ་དོ་ཡོདཔ་ཨིན་རུང་ ང་རང་དྲནམ་ཚོརཝ་ཅིག་ལས་ར་ ཨའི་ལུ་ཨ་མ་ཟེར་སླབ་པའི་དཔྱད་རིག་བཏང་ཡི། དེ་སྦེ་སླབ་དགོ་མི་འདི་རྒྱུ་མཚན་ལྡན་པའི་ཁུངས་ཅིག་སྐྱེལ་ནི་མེད་རུང་ ངེའི་ཕོ་རྒནམ་གིས་ཡང་ཨ་མ་ཟེར་སླབ་ནི་འདི་གིས་ ཁོ་གི་ཁ་འབག་སྟེ་ ང་གིས་ཡང་དེ་སྦེ་སླབ་སླབ་མེན་ན་ཟེར་མནོཝ་མས། དེ་འབད་ནི་འདི་གིས་ དེ་ནང་ཡང་ཨ་མ་ཟེར་ར་བྲིས་ཏེ་ཡོད།

ང་བཅས་ཀྱི་བཟའ་ཚང་ནང་ ཕམ་མང་ཤོས་ར་བླམ་ཆོསཔ་ཨིནམ་ལས་བརྟེན་ཏེ་ ཨ་མ་མོ་ར་ན་ཅུངམོ་སྦེ་སྡོད་པའི་བསྒང་ལས་ ནང་པའི་ཆོས་ཀྱི་འབྲི་ལྷག་ཤེས་ཡོན་ལྷབ་ཡོདཔ་མ་ཚད་ སྐྱེས་ལོ་༡༦དེམ་ཅིག་ལས་ ཨ་ཎེམོ་ནང་འཛུལ་ཏེ་ ཨ་ཎེ་སློབ་དཔོནམོ་དཔལ་སྒྲོན་གྱི་ཕྱག་ཞུས་ཏེ་  ཆོས་སྤྱོད་ཀྱི་རིམ་པ་ཚུ་ རིམ་པར་བཞིན་དུ་བློར་བཟུང་ཡོདཔ་ཨིན་པས།
དེ་ལས་སློབ་དཔོནམོ་དཔལ་སྒྲོན་ལུ་ སྟབས་བདེཝ་ཅིག་བྱུངམ་ལས་བརྟེན་ སྐྱེས་ལོ་༡༩ལུ་ ཐིམ་ཕུག་ཐ་བྲག་དགོན་པ་ལས་བྱོག་སྟེ་ སློབ་དཔོན་མོའི་ཕྱག་ཞུས་ཏེ་ ཆོས་གྲོགས་ཅིག་དང་མཉམ་གཅིག་ ལ་བརྒལ་ལུང་སྤུབས་ཏེ་ཀུར་སྟོད་ལུ་སོང་ནུག། དེ་བསྒང་ཤར་ཕྱོགས་ཁ་ཐུག་ལུ་ སྣུམ་འཁོར་ལམ་མེདཔ་ལས་ བཀབ་གོ་ལ་དང་རྒྱགས་སྐྱེས་ཚུ་ རང་གི་སྒལ་པར་འབག་སྟེ་ རྐང་སྟོང་སྦེ་དཀའཝ་སྤྱད་དེ་ ཉིམ་འཛུལ་ས་ལས་ ཉིམ་ཤར་སར་ ཀུར་སྟོད་དུང་དཀར་ལུ་ལྷོད་ནུག།

ཨ་ཎེ་སློབ་དཔོནམོ་དཔལ་སྒྲོན་དང་ དེ་སྐབས་བྱང་ཆུབ་གླིང་ལུ་བཞུགས་ཡོད་མི་ བླམ་བསོད་ནམས་བཟང་པོ་སྐུ་ཉེ་ཨིནམ་ལས་ ག་ཅིའི་ཐད་ལས་འབད་རུང་སྟབས་བདེ་ཏོག་ཏོ་སྦེ་སྡོད་པའི་སྐབས་ མཁས་དབང་ལམ་དཔོན་བགྲེསཔ་སངས་རྒྱས་རྡོ་རྗེ་མཆོག་ཡང་ སྐུ་མཚམས་སྦེ་བཞུགས་ཡོདཔ་ལས་ ཞབས་སར་བཅར་ཏེ་ ཕྱག་ཆེན་གྱི་ཁྲིད་ལུང་ཞུ་ཡོདཔ་ཨིན་པས།

ངེའི་ཨ་མ་འདི་ལྕོགས་གྲུབ་ཡོད།
ངེའི་ཨ་མ་ཟླ་བ་དེ་ མི་སྡེའི་ནང་ལུ་ ལྕོགས་གྲུབ་ཅན་དང་ ག་ཅི་ར་འབད་རུང་འཇོན་དྲགས་ཅིག་སྦེ་ཆ་བཞག་མི་དེ་ཡང་  ཁྱིམ་མཚེས་ཀྱི་ཨ་ལོ་གསར་སྐྱེས་ཚུ་གི་དོན་ལུ་ འབུམ་ཆུང་ལྷག ཟློག་ཚེ་སྒྲུབ་བསག ཉིན་མ་འདི་ཕར་བཞག་ ཕྱི་རུ་ཉལ་ཚར་རུང་ ལོང་སྟེ་ནདཔ་ཚུའི་དོན་ལུ་མོ་བཏབ་སྟེ་ གདོན་བཅོས་ཡང་ མོ་རང་གིས་ར་བསྐྱེལ་ཏེ་ གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་དང་ལྡན་མི་ཅིག་ཨིན། བླ་སློབ་མང་རབས་ཀྱི་ཕྱག་ལས་བརྒྱུད་པའི་བྱིན་རླབས་དམ་རྫས་དང་ རིལབུ་ཚུ་ཕན་སེམས་བསྐྱེད་དེ་བྱིན་མི་འདི་གིས་ དེ་འཕྲལ་ལས་ནད་ལས་དྲགཔ་ལས་ ག་ར་གིས་བརྩི་མཐོང་བསྐྱེདཔ་ཨིན།

ད་རེས་ནངས་པ་བཟུམ་སྦེ་ དེ་བསྒང་རྟ་ལོག་གཡུས་ཚན་ནང་ལུ་ རླུང་མ་མས་ཁུར་སྤུས་ཙ་སྦེ་བཟོ་ཤེས་མི་གངམ་མེད་པའི་སྐབས་ མས་ཁུར་བཟོ་མི་ལག་སྦྱང་ཆེ་ཤོས་ཅིག་ ངེའི་ཨ་མ་ཨིནམ་ལས་ ལོ་ཆོག་རན་པའི་བསྒང་ལས་ གཞན་གྱི་སེམས་བསད་མ་ཧུམ་པར་ དལ་ཁོམ་མེད་པར་ག་དྲགས་སྦེ་སྡོདཔ་ཨིན། 
ངེའི་ཨ་མ་འདི་ ཡོན་ཏན་སྣ་ཁག་ཚང་མི་ཅིག་ཨིནམ་ད། དེའི་གྲས་ལས་སྐྱ་བཏོག་ནི་དང་ ཚེམས་རྐྱབ་ནི་ལག་སྦྱང་ཡོདཔ་ལས་ གཡུས་ཁའི་ཁྱིམ་མཚེས་མང་ཤོས་ཅིག་ སྐྱ་བཏོག་པར་འོང་སྲོལ་ཡོད། མོ་རང་ལུ་ནཝ་ཚཝ་བྱུང་སྟེ་ མ་པ་ལས་ར་ཡར་ལོང་མ་ཚུགསནི་མ་ཤེས་ དེ་མིན་པ་ཅིན་ ཡུདཔ་ཐེངས་ཅིག་ཡང་དལཝ་སྦེ་སྡོད་ནི་མེད་པ་ ཁྱིམ་གྱི་ནང་ན་དང་ཕྱི་སྐོར་ གཞན་འདི་ལོས་ ས་ཁར་ཁབ་བུད་སོང་རུང་མིག་གིས་མཐོངམ་སྦེ་ ཕྱག་བརྡར་རྐྱབ་སྟེ་ ཧིང་སངས་ས་སྦེ་སྡོད་དགོ་མི་ཅིག་ཨིན།

དེ་བསྒང་ང་རང་སྐྱེས་ལོ་༨དེ་ཅིག་སྦེ་སྡོད་པའི་བསྒང་ ད་རིས་ནངས་པ་བཟུམ་སྦེ་ གྱིབ་ཀྱིས་བཟོ་བའི་ཕྱགས་སྙིགས་དབོག་ས་མ་འཐོན་རུང་ ཆུ་དབོགས་སའི་གྱི་དམ་གྲས་ཏེ་ ཕྱགས་སྙིགས་དབོག་སུ་བཟོ་ཡོད་མི་འདི་ལུ་ ཁྱིམ་མཚེས་ཆ་ཁྱབ་ཧ་ལས་ཏེ་ ག་ར་གིས་དཔྱེ་བཞག་ས་ཅིག་དང་ ཆ་བཞག་ས་ཅིག་ཨིན།
ཨ་མ་ཟླ་བ་ལུ་ ཚེ་འདི་ཕྱི་གཉིས་ཀྱི་ལམ་སྟོན་གནང་མི་ མཁས་དབང་ལམ་དཔོན་སངས་རྒྱས་རྡོ་རྗེའི་བཀའ་དྲིན་ལས་ ཚེ་སྟོད་ལུ་ མི་ཚེ་འཚོ་སྐྱོང་གི་དོན་ལུ་ དཀའཝ་གནམ་མེད་ས་མེད་མ་སྤྱད་རུང་ ཚེ་སྨད་ལུ་ བཟའ་ཚང་ནང་ལུ་ གྲོགས་རམ་དང་རྒྱབ་སྐྱོར་འབད་མི་འདི་ཨིན་ཟེརཝ་ཅིག་ག་ཡང་མེདཔ་ལས་ བཟའ་འཐུང་དང་བཀབ་གོ་ལ་ཚུ་ མོ་རང་གིས་འཚོལ་མཁོ་འཐབ་དགོ་ནི་འདི་གིས་ ཟ་ཆས་དང་ཉེ་བར་མཁོའི་ཅ་ཆས་ཀྱི་རིགས་ཚུ་ སྐོར་ཆ་མཁས་དྲགས་ཀྱི་གྲས་ཁར་བརྩིསཝ་ཨིན། ཁྱིམ་ནང་ལུ་ཅ་ལ་བཞག་ཐངས་ཚུ་ཡང་ ག་མནོ་གུ་མནོ་སྦེ་ག་ཐོབ་སར་མིན་པར་ ཐོབ་ཐངས་དང་འཁྲིལ་དགོ་པའི་ཁར་ ཧེ་མ་ག་ཏེ་བཞག་སར་ ཀྲིག་ཀྲི་སྦེ་བཞག་དགོ་མི་ཅིག་ཨིན་ཟེར་ཞུ་ནི་ཨིན།།

དེ་གིས་ཡང་མ་དོ་བར་ རྟིང་མ་ངེའི་དྲིན་ཅན་ཨ་མ་ཟླ་བ་སྐྱེས་ལོ་༢༡ ལུ་ གཟེར་ནད་ཕོག་སྟེ་ གཟུགས་སྟོབས་ཉམས་པའི་སྐབས་ ཨང་རྒས་ཀྱིས་ཐབས་རིམ་འགྲོ་ག་དེམ་ཅིག་འབད་རུང་ དྲག་ཁ་སེང་ནི་མེདཔ་ལས་ དེ་སྐབས་རྟ་ལོག་ཁྱིམ་སྦོམ་ནང་བཞུགས་ཡོད་མི་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་བཅོ་ཁ་གནངམ་ད་ སྔོན་གྱི་ལས་འབྲེལ་ཤུགས་ཆེ་ནི་འདི་གིས་ གཟུགས་ཁམས་བདེ་ཏོག་ཏོ་སོང་ཡོདཔ་ཨིན་མས།

ལམ་བགྲེས་སངས་རྒྱས་རྡོ་རྗེའམ་ཆོས་ཉིད་རང་གྲོལ།

20180706_075018

སྒོགཔ་ཟནི་ཁྱད་ལས་ཟེར་སླབ་དོ་བཟུམ་སྦེ་ ལོ་རྒྱུས་བྲིས་བའི་ཞོར་ཁར་ ལམ་བགྲེས་སངས་རྒྱས་རྡོ་རྗེའི་སྐོར་ལས་ དུམ་གྲ་ཅིག་བྲིས་བ་ཅིན་ དཀྱིལ་ཆོག་ཕྱག་ལེན་གར་ཐིག་དབྱངས་གསུམ་དང་ སྒོམ་ཉམས་ལེན་མཁས་དྲགས་ མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་  འཕྲལ་གྱི་རྐྱེན་ ཆགས་སྡང་གི་ས་གཞི་གུར་ ཕྱོགས་རིས་ཀྱི་མྱུ་གུ་སྐྱེས་ཏེ་ སྟབས་མ་བདེཝ་ཐོན་ནི་འདི་གིས་ གྲྭ་ཚང་ནང་ལས་སྐུ་ཟུར་ཏེ་ ཁོ་རའི་འཁྲུངས་ཡུལ་སྟོདཔ་སྟོང་བཅུ་ཁར་བཞུགས་པའི་སྐབས་ དང་པ་སྔོན་གྱི་ལས་འབྲས་རྒྱ་ཆེཝ་མ་ཚད་ གཉིས་པ་ཨ་མའི་འབད་གཞག་ཐུགས་ཁར་བབ་སྟེ་ ཡུན་མ་རིང་པར་ སྤང་དཀར་པོ་གླིང་ཀ་ན་ ང་བཅས་ཀྱི་མཚམས་ཁང་ནང་ལུ་བཞུགས་པའི་སྐབས་ ཨ་མ་གིས་ལུས་ངག་ཡིད་གསུམ་ཕུལ་ཏེ་ ཕྱག་ཕྱིད་ཞབས་ཏོག་ཅི་ལྕོགས་གང་ལྕོགས་ཞུ། མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་ཡང་ སེམས་ཀྱི་གནས་ལུགས་ཀྱི་བརྡ་སྤྲོད་གནང་ནུག།
ཨ་མ་མོ་ར་དམ་པའི་ཆོས་ཡང་དག་ཅིག་འབད་མ་ཚུགས་རུང་ བུད་མེད་ཤེས་རབ་རང་བཞིན་ལ། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ མོ་གིས་ཐབས་ཤེས་ལུ་བརྟེན་ མཁས་དབང་ལམ་དཔོན་སངས་རྒྱས་རྡོ་རྗེ་མཆོག་ སྤང་དཀར་པོ་གླིང་ཀ་ནང་ང་བཅས་ཀྱི་ཁྱིམ་ནང་བཞུགས་ཡོད་ནི་འདི་གིས་ ལུང་ཕྱོགས་ཁག་ལས་ དད་དམ་ཅན་གྱི་བླ་སློབ་མང་རབས་ཅིག་ ཞབས་སར་ཆོས་ཞུ་བར་བཅར་མི་ཚུ་གིས་ ཤུལ་ལས་བསྟན་འགྲོ་ལུ་ཕན་ཐོགས་བྱུང་ནུག།

ཨང་རྒས་དཀོན་མཆོག་བཟང་མོའི་ཕམ།

ངེའི་ཨ་མའི་ཨའི་དཀོན་མཆོག་བཟང་མོའི་ཨའི་འདི་ སྤུངས་ཁ་དོམ་པ་ལ་ ཐར་པ་གླིང་གཡུས་ཚན་ནང་ལས་ཨིནམ་མ་ཚད། ཨ་པ་ཕུན་ཚོགས་རྡོ་རྗེ་འདི་ བུ་ལི་པངྨ་རིགས་བརྒྱུད་ལས་ ཁ་དྲག་དབང་ཆེན་ཅིག་ཨིན་རུང་ ཧེ་མའི་འཁོན་འཛིན་ལུ་བརྟེན་ བུམ་ཐང་དང་བུ་ལིའི་བར་ན་མ་འགྲིགཔ་བྱུང་པའི་ཤུལ་ བུ་ལིཔ་མང་ཤོས་གཡུས་སྤང་སྟེ་ འབྲུག་རྗེས་སྒང་ལུ་གཞིས་ཆགས་པའི་སྐབས་ ཨ་རྒས་ཕུན་ཚོགས་རྡོ་རྗེ་ཡང་ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལུ་བརྟེན་ གཞུང་ལུང་པར་ལྟོ་ཟེ་བཏང་སྟེ་ སྒར་ལྟོའི་གྲས་ཁར་སྒྲིག་རྒྱུག་སྡོད་པའི་སྐབས་ ཚེ་སྔོན་ལས་ཀྱིས་བཀོད་པའི་གཉེན་གྲོགས་དང་སྡོམ་སྟེ་ ཡུན་མ་རིངམ་ལས་ ཨང་རྒས་དཀོན་མཆོག་བཟངམོ་སྐྱེས་ཡོདཔ་ཨིན་མས།

ཨང་རྒས་དཀོན་མཆོག་བཟངམོ།

ཨང་རྒས་དཀོན་མཆོག་བཟངམོ་འདི་ཆུང་ཚེ་མའི་བསྒང་ལུ་ ཨ་པ་ཤུགས་ཅན་ཨིན་པའི་ཁར་ ཕོ་རྒནམ་སྐུ་བགྲེསཔ་མི་རྡོག་གཉིསམ་འདི་ ག་ཅིའི་སྐོར་འབད་རུང་ འཇོན་དྲགས་ཡོད་ནི་འདི་གིས་ གནམ་མེད་ས་མེད་དཀའཝ་མ་སྤྱད་རུང་སྐྱེས་ལོ་༢༥ལུ་ ཇོམོ་རེ་མ་ཏིའི་རྣམ་སྤྲུལ་ཨ་ན་ཀུན་བཟང་སྒྲོལ་མའི་ལྷ་གཞི་སྦེ་འཐོན་ཚུགས་ཚུགས་ལུ་ རྡམ་རྡུམ་མི་དཀའཝ་སྤྱདཔ་མེན་པས།

ཡུདཔ་གཅིག་ལས་འཆོལ་ལོ་སྨྱོས་ལོ་ཐལ་ཏེ་ ས་ཕྱོགས་ཐདམ་ཐད་ཁ་ལས་ཕར་སྤྱང་བཤལ་རྐྱབ་སྟེ་སོང་ཡོདཔ་མ་ཚད་ འདིའི་ནང་ལས་ མེ་རག་ལུ་ཇོ་མོ་སྐུ་མཁར་མཇལ་བར་ལྷོད་པའི་སྐབས་ ག་གིས་བསྒོར་རུང་བསྒོར་མ་ཚུགས་པར་ བླ་མཚོའི་ལྟག་བྱག་གཡང་ཟ་ཀག་ཀ་སྦེ་ཡོད་མི་གུར་འཛེགས་ཏེ་ ཨ་མ་ཇོ་མོ་ལུ་ཕྱག་དབང་བཅར་བའི་ཚུལ་འབད་སར་མཐོངམ་ད་ག་ར་ཧ་ལས་ནུག།

བར་སྐབས་ཅིག་ལས་ནུབ་ཕྱོགས་ལུ་  སྤུངས་ཐང་ཁ་དང་དབང་འདུས་ཀྱི་ལུང་ཕྱོགས་ནང་ སྦྱིན་བདག་མང་རབས་ཡོད་མི་ཚུ་གི་རྐྱེན་སེལ་གྱི་དོན་ལུ་ ཇོམོ་གསོལ་མི་སྐད་གྲགས་ཅན་ཅིག་ཨིན་པའི་ལོ་རྒྱུས་ རིམ་གྱིས་ བུམ་ཐང་ལུ་ མི་དབང་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་གསན་ཆེཝ་ལས་ ཇོ་མོའི་ལྷ་གཞི་ངོ་མ་ཨིན་མིན་གཟིགས་ནིའི་དོན་ལུ་ བུམ་ཐང་ལུ་འོང་དགོ་པའི་བཀའ་དང་འཁྲིལ་ཏེ་ ཞབས་སར་བཅར་ནུག།

དེ་བསྒང་ཕྱག་སྒརཔ་ཚུ་གིས་ གཟིམ་ཅུང་གི་གྱི་ཁུག་ནང་ ཨོམ་གི་དུམ་གུར་བྱེམ་ཐག་སྤུར་ཏེ་ནདཔ་ཨིན་རྫུས་བཏབ་སྟེ་བཞག། གདང་ཁ་དཔྱངས་ཚོགས་ཚུ་མ་ཚང་ཚངམ་སྦེ་བསྒྲིགས་ཞིན་ལས་ ཇོམོ་གསོལ་བཅུག་རུང་ ཨ་རྟག་བཟུམ་སྦེ་ལྷ་འཛུལ་ནི་མེད་པར་ རྣམ་ཤེས་མེད་པའི་དངོས་པོ་ལུ་འབྱུང་བཞི་འཁྲུགས་ནི་མེད་ཟེར་ཁ་ཞུགསཔ་ལས་ མི་དབང་སྐུ་འཁོར་ཚུ་ཐུགས་ངལ་རངས་ཏེ་ གསོལ་ར་ཨོ་ཏོག་ཏོ་ཅིག་གནང་པའི་ལོ་རྒྱུས་ཨང་རྒས་མོ་རང་གིས་སླབ་སར་གོ་ཡི།

10382869_1397786273841241_219140843370182805_n_005

ཨ་ཞང་མི་རྡོག་གཉིསམ།

ངེའི་ཕམ་ཚུ་གི་གྲས་ལས་ སུ་ཐག་ཐུང་དྲགས་དང་ ཚིག་ཚ་དྲགས་ཨིན་མི་ ཨ་ཞང་མི་རྡོག་གཉིསམ་འདི་ ཁེངས་ཀྱི་རྩ་ཡོད་ནི་འདི་གིས་ བློ་སླབ་ད་གདངས་བསྣར་ཚུ་འཚམས་ད་ གཏམ་གར་ཚུ་སྦེ་སླབ་དོ་ཡོདཔ་ཨིན་མས།

ཆུང་ཀུ་བསྒང་ལས་ ཕྱག་ལྟག་གུར་རས་གཟན་མདུད་ཕོད་ལྟབ་སྟེ་ གྲྭ་ཚང་ནང་འཛུལ་ཏེ་ དགེ་སློང་དཀྱུས་མ་ལས་རིམ་པར་བཞིན་སྐུ་དྲུང་གི་བདག་འགན་ཚུན་ཕྱག་ཞུ་བའི་མཐའ་མར་ རྟ་ལོག་ཕ་ཁྱིམ་ནང་སྡོད་དོ་ཡོདཔ་མ་ཚད་ ཕྲལ་ཕྲལ་འབྲུག་རྗེས་སྒང་ལུ་ ཉེཝ་ཕྱད་པར་འགྱོ་སྲོལ་ཡོད་ཟེར་ཨིན་མས། དེ་བསྒང་མི་རིགས་ཚན་འཁོར་ཚུ་གིས་ ཁྱིམ་གྱི་སྒོ་ཁར་གྱལ་སྒྲིག་སྟེ་གདོང་བསུ་མ་འབད་བ་ཅིན་ སེམས་མ་ལྡན་པར་འཇུག་རྒྱས་བཏང་པའི་ལོ་རྒྱུས་འདུག། 

ང་རང་ཆུང་སུ་ཅིག་སྦེ་སྡོད་པའི་བསྒང་ འབྲུག་རྗེས་སྒང་ལུ་ ཉེཝ་ཕྱད་པར་སོངམ་ད་ ཧེ་མ་རྟ་ལོག་ང་བཅས་ཀྱི་ཕ་ཁྱིམ་ནང་དང་ སྤང་དཀར་པོ་གླིང་ཀ་ནང་ང་བཅས་ཀྱི་མཚམས་ཁང་ནང་ ཐུན་གནང་སྟེ་བཞུགས་མི་སྐུ་མཚམས་གྲུབ་པ་གིས་ གསུང་དོ་བཟུམ་འབད་བ་ཅིན་ ཧེ་མ་འབྲུག་རྗེས་སྒང་ལུ་ གཤིན་གསོན་གྱི་དགེ་རྩ་སྒྲུབ་ས་ལྷ་ཁང་འདི་ཨིན་ཟེརཝ་ཅིག་མེད་རུང་ སྐུ་བགྲེསཔ་མི་རྡོག་གཉིསམ་གིས་ འགོ་འདྲེན་འཐབ་སྟེ་ ལྷ་ཁང་ཐོག་གཅིགམ་ཅིག་བཞེངས་མི་འདི་གིས་ མི་སེར་ཚུ་ཕན་ཐོགས་བྱུང་ཡོདཔ་སྦེ་ཨིན་མས།

དེ་བསྒང་རྫོང་ནང་མི་རྩིས་རྐྱབ་པའི་སྐབས་ ཁྱོད་ཀྱི་ཁྱིམ་ནང་ལས་ དགེ་སློང་ག་དེམ་ཅིག་ཡོདཔ་སྨོ་ཟེར་དྲིཝ་ད་  ང་བཅས་མི་རྡོག་གཉིས་ར་ཨིན་ཟེར་ལན་རྐྱབ་ནི་འདི་གིས་ མིང་མི་རྡོག་གཉིསམ་ཟེར་དར་ཁྱབ་སོང་ནུག་ཟེར་ཨིན་མས། དེ་ཡང་གཅིག་ཁོ་རའི་ཚ་བོ་སངས་རྒྱས་སམ་བྲང་མཁས་རྡོག་ཨིན་པས།

ཨ་ཞང་སངས་རྒྱས། 

ཨང་རྒས་དཀོན་མཆོག་དཀོན་མཆོག་བཟངམོ་ལུ་ བུ་གཅིག་དང་བུམོ་གཉིས་ཡོདཔ་ཨིན་མས། བུམོ་སྦོམ་ཤོས་འདི་ གཟུགས་གཞི་དང་ བྱད་ངོ་རིས་ལེགས་པའི་གུར་ ཁ་སླབ་གསིག་དྲགས་ཡོད་རུང་ སྐྱེས་ལོ་༢༥ལུ་ བུ་ནད་ཀྱིས་གྱོངས་སོ་ནུག། ད་རེས་ནངས་པ་བཟུམ་སྦེ་ ས་གནས་ག་ཡི་གུ་སར་སྨན་ཁང་བཙུགས་ཏེ་ཡོད་པ་ཅིན་ དེ་གུར་མི་ཐུག་ནི་ཨིན་མས།

བར་ན་སྐོརམ་སངས་རྒྱས་འདི་ ཨ་ཞང་མི་རྡོག་གཉིསམ་གིས་ ཆུང་ཀུ་བསྒང་ལས་ར་དགེ་སློང་ནང་བཙུགས་ཏེ་ ཐུན་གྱི་སྐོར་དང་དཀྱིལ་ཆོག་སྐོར་སྦྱང་བཅུག་སྟེ་ ཨ་ཞང་ག་དེ་ཅིག་སྒྲིག་དམ་རུང་ བརྟུལ་མ་ཚུགས་པར་དགེ་བགྲེས་ཐོན་སོ་ནུག།

ཨིན་རུང་ཨ་ཞང་གིས་འཆུན་བཏོན་ཡོདཔ་ལས་ དུང་དང་རྒྱ་གླིང་ཐོགས་ཆགས་མེད་པར་འཕུ་ཚུགས་ནི་འདི་གིས་ དཀར་སྲེག་ཉི་སྲེག་རྐྱབ་མི་དགོ་པར་ གསོལཝ་ཚོགས་ཕང་མ་ལས་ཚོ་མིའི་གྲས་ཁར་ཨིན་མས།

ཁོ་ལུ་ལག་སྦྱང་ཆེ་ཤོས་ར་ བརྐྱང་གདན་དང་ལྟབ་གདན་ ཧང་བཙེམ་ནི་འདི་ཨིནམ་ད་ དེ་ཡང་རྒྱུ་ཁ་ཤ་སིན་ཐག་ཧོནམ་གུར་ འཇའ་དམརཔོ་བཀལ། ནང་ཀོ་ཧེང་པ་འདེགས་ཏེ་མ་བཏུབ་བཏུབ་སྦེ་བཙེམ་མི་འདི་ ག་ར་གིས་མཐོང་ཆེ་དྲགས་སྦེ་བརྩི་མི་དེ་ཡང་ དེ་བསྒང་ད་རེས་ནངས་པ་བཟུམ་སྦེ་ ཕྱི་རྒྱལ་ལས་གདན་བཏོན་སྲོལ་མེད་ནི་འདི་གིས་ཨིནམ་འོང་ནི་མས། ཨིན་རུང་གཞོན་ཅུང་སྦེ་སྡོད་པའི་བསྒང་ལས་ ཆང་ལུ་ཤུགས་ཐལ་སོ་ནི་འདི་གིས་ གནསམོ་གཅིག་དང་ མི་ཚེ་གཅིག་གི་གཏན་གྲོགས་སྦེ་སྡོད་མ་ཚུགས་རུང་ འབྲུག་རྗེས་སྒང་ལས་ཨིན་མི་ཨམ་སྲུ་ཅིག་ལས་ ཚེ་སྔོན་ལས་ཀྱིས་འབྲེལ་བའི་བུམོ་ཅིག་ཡོདཔ་ཨིནམ་ད། བུམོ་སེར་མོ་ལུ་ ཨ་ལུ་༦སྐྱེས་སྦེ་ བུ་ནོར་དར་ཞིང་རྒྱས་ཏེ་ཡོདཔ་ཨིན།

ཨིན་རུང་ཁོ་ར་རྒྱུ་ཆང་མི་ཅིག་ཨིན་ནི་འདི་གིས་ ཚེ་མ་རྫོགསཔ་ལས་ལྗགས་རྫོགས་ཏེ་ རྒན་གཞོན་རན་ཏོག་ཏོ་སྦེ་སྡོད་པའི་བསྒང་ལས་ར་འཛམ་གླིང་སྤངས་ཏེ་ཡར་སི།

20180321_200356

ཕོ་རྒནམ་རིག་འཛིན་རྒྱལ་མཚན།

ངེའི་ཕོ་རྒནམ་འདི་ བསམ་པ་བཟང་དྲགས་ གཙིགཔ་ཟ་ནི་མེད་པའི་ཁར་ དགོད་བྲོ་སྒྱུར་ཏེ་ག་ར་གིས་དགའ་མི་ཅིག་ཨིན་རུང་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ ཨང་རྒས་དཀོན་མཆོག་བཟངམོ་གིས་ཆང་བྱིན་ཡི་ར་གསོ་ནི་འདི་གིས་ སྦོམ་ལངམ་ད་ཆང་ལུ་ཤུགས་ཐལ་ཏེ་ སྐྱེས་ལོ་༣༧གྱི་ལོ་སྐག་གུར་ཕངས་སི་སི་སྦེ་ མི་རྟག་སྔ་ལམ་ལུ་ཐལ་སི།

274149721_3072320883035045_6163580401309751112_n

ངེའི་ཕོ་རྒནམ་ལུ་ བུ་གསེར་གྱི་རྡོ་རྗེ་ཆ་གཅིག་ཡོདཔ་ད་ སྦོམ་ཤོས་ཀུན་བཟང་དབང་ཕྱུག་འདི་ ཆུང་ཀུ་བསྒང་ལས་ ཕྱི་ནང་གཉིས་ཀྱི་གཞི་རིམ་ཤེས་ཡོན་སྦྱངས་པའི་ཤུལ་ རྟ་ལོག་རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་སྡེ་ལས་མཐར་འཁྱོལ་ཏེ་ ད་རེས་ནངས་པ་ བར་མཚམས་སློབ་གྲ་ནང་ བློ་གསར་བུང་བའི་ཚོགས་ལུ་ སློབ་སྟོན་སྦྲང་རྩིའི་དགའ་སྟོན་སྤེལ་བའི་བསྒང་ཡོད། 

70844684_2494222294130670_2908952766573445120_n

ཆུང་ཤོས་ཀུན་བཟང་ནོར་བུ་འདི་ཡང་ ཤེས་ཡོན་མཐར་འཁྱོལ་ཏེ་ ལྟ་བཤལ་ལམ་སྟོན་པའི་འགན་ཁག་འབག་སྟེ་ཕྱག་ཞུ་བཞིན་ཡོདཔ་ཨིན།

བདུད་འཇོམས་རྡོ་རྗེ།

བདུད་འཇོམས་རྡོ་རྗེ་ཟེར་མི་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་གསང་མཚན་ཨིན་རུང་ ངེའི་ཆོས་མིང་སྦེ་ཐོབ་མི་འདི་ གནམ་མེད་ས་མེད་ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་མས། 

སངས་རྒྱས་བསྟན་འཛིན།

ངེའི་མིང་སངས་རྒྱས་བསྟན་འཛིན་ཟེར་མི་འདི་ རྗེ་མཁན་ཁྲི་རབས་༦༣པ་ངག་དབང་འཕྲིན་ལས་ལྷུན་གྲུབ་མཆོག་གི་ཞབས་ལས་གནང་ཡོདཔ་ཨིན།

དགེ་ལེགས་འབྲུག་རྒྱས།

ཁམས་ཕྲུག་བསྟན་པའི་ཉིམ་མཆོག་ རྟ་ལོག་དགོན་པར་བྱོན་ཏེ་ རྗེའི་གཟིམ་ཅུང་ཟེར་ ཞབས་དྲུང་འཇིགས་མེད་རྡོ་རྗེའི་གཟིམ་ཅུང་ནང་བཞུགས་སར་བཅརཝ་ད་ ག་ཅི་འདེ་ཐུགས་མཉེས་ཏེ་ ངེའི་མིང་དགེ་ལེགས་འབྲུག་རྒྱལ་ཟེར་གནང་ཡི། 

ང་རང་ཕྱི་ནང་གཉིས་ཀྱི་ཤེས་ཡོན་གཏིང་འཁོདཔ་སྦེ་སྦྱང་མ་ཚུགས་རུང་ སྤྱི་ལོ་༡༩༩༡ལས་ལོ་ངོ་༤གི་རིང་སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་ནང་ སློབ་དཔོན་སྦེ་ཕྱག་ཞུས་ཡོདཔ་མ་ཚད། མི་ལོ་༢༩དེ་ཅིག་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལས་རིམ་བཟོ་མི་ཅིག་ལས་འགོ་བཟུང་སྟེ་འཛིན་སྐྱོང་པའི་གོ་གནས་ཚུན་ཕྱག་ཞུ་ཡོདཔ་ཨིན།

ག་ཨིན་ན།

གཏམ་ཚིག་གསུམ་གྱི་བརྡ་ལེན་མ་བརྗེནི། །ཕ་དང་བུ་ཡང་ངོ་མི་ཤེས། །ཟེར་སླབ་དོ་བཟུམ་སྦེ་ ད་ངེའི་ཨ་པའི་རིགས་བརྒྱུད་ག་དེ་སྦེ་ཨིན་ན་ དུམ་གྲ་ཅིག་ཁུངས་སྐྱེལ་ཏེ་འབྲི་བ་ཅིན་ ཞབས་དྲུང་རིན་པོ་ཆེའི་ནང་གཞིབས་ ཝང་ཚོ་ཆེན་བརྒྱད་ཀྱི་ལྟེ་བ་ བརཔ་ལྷ་ཁང་གི་གདོང་སྐོར་ གྱད་པ་ལོགས་ལུ་ཆགས་ཏེ་ཡོད་མི་ ལྕང་ཇོ་ཕྱུགམོ་གི་མི་བརྒྱུད་ ཨམ་དཔལ་བཟང་ཟེར་མི་འདི་ ཚེ་ཧེ་མའི་ལས་དང་ ད་ལྟོའི་རྐྱེན་ལུ་བརྟེན་ཏེ་ འཁོར་བ་ལུ་ཞེན་པ་ལོག་སྟེ་ རྟ་ལང་ཁ་དགོན་པའི་འོག་ལུ་ཐུན་གཏང་སྡོད་སྡོདཔ་ཨིན་པས།20201014_144921-1

ཚར་གཅིག་འབདཝ་ད་ དྲོ་པ་ཉིམ་ལའི་རྩེ་ལས་ཤརཝ་ད་དུས་མཉམ་ལུ་ ག་ཏེ་ལས་འོངམ་ཨིན་ཟེརཝ་མེད་པར་ ཕོ་རྒས་གཟུགས་སྦོམ་ གོས་ཆེན་ཧོནམ་གི་གོ་གྱོན་ ལག་རྒྱན་སྐྱ་སྒྱིར་སྒྱི་སྦེ་སློག་མ་ཅིག་གིས་ སླབ་སླབ་ཟེར་ཟེར་ག་ནེ་ཡང་མེད་པར་ མོ་འབང་ཅན་བཙོང་སྟེ་ལུས་འབྲེལ་འབད་ད་ནུག་ཟེར་ཨིན་པས།

111

མོ་རང་འཁོར་བ་ལུ་ཞེན་པ་ལོག་སྟེ་ ཆོས་ཡང་དག་ཅིག་འབད་ནི་སྦེ་ ས་ཙག་ས་ལུ་སྡོམ་པ་ཚུལ་ཁྲིམས་གཙང་ཏོག་ཏོ་སྦེ་སྡོད་སྡོདཔ་ཨིན་རུང་ ད་རིས་སྐྱེལ་ས་བསྐྱལ་ད་ཡི་ཟེར་ སེམས་ཁྲུལ་སྣང་ལང་སྟེ་ མིག་ཆུ་ཆརཔ་བཟུམ་སྦེ་བབས་ཏེ་སྡོད་དགོཔ་བྱུང་ནུག།

མགྲོན་གཉེར་ལྕང་ལོ་རྡོ་རྗེ།

དེ་ལས་ཡུན་མ་རིངམ་ལས་ ཟ་ཁམས་བཀག་ ཁ་ལས་སྐྱུགས་ཏེ་འབད་ར་མ་ཚུགས་པར་ མོ་རའི་མནོ་བསམ་ལུ་ དབའི་ང་ཧེ་མ་ གཡུས་ཁ་ལས་ཨིན་ཨིན་ར་འདྲཝ་སྦེ་ ག་གིས་ཡང་བདའ་མི་མེད་པར་ དགོན་པར་ཆོས་འབད་བར་འོང་འོངམ་ཨིན་ས་གིན་ དནི་མི་གནག་ཟམོ་ཅིག་བ་སྐྱོཝ་སྦེ་ གཟུགས་ཁར་མ་བདེཝ་ཆགས་ཆི། ད་རོགས་ཀྱི་གདོང་ཁར་དཔྱལཝ་ག་དེ་སྦེ་སྟོན་ནི་ཟེར་ སེམས་སྐྱོ་བ་ངོ་ཚ་བའི་ཁྱད་མ་ཆོད་པར་སྡོད་སྡོད་པའི་བར་ན་ར་ ཨ་ལུ་བུ་ཅིག་སྐྱེས་ནུག།

ལས་ཀྱིས་བཀོད་པའི་ཨ་ལུ་རྡོ་རྗེ་འདི་ གཞན་ལས་གསང་ཚུགས་ཚུགསཔ་གསང་སྟེ་ཆུངམ་རྐང་ཐག་དྲངས་རུང་ གསང་བ་རང་མཁས། །ཤེསཔ་རོགས་མཁས། །ཟེར་སླབ་དོ་བཟུམ་སྦེ་ གཏམ་རླུང་གིས་འབག་སྟེ་ག་ཏེ་ཡང་ཁྱབ་སོངམ་ལས་ སྤྱང་ལོ་ཆོསཔ་ཅིག་གི་བུ་ཨིནམ་ལས་ མིང་སྤྱང་ལོ་རྡོ་རྗེ་ཟེར་སླབ་དོ་ཡོད་རུང་ སྤུ་བྱུང་ཤུགས་ག་དང་མ་འདྲཝ་སྦེ་ གཞན་ལུ་འཚེར་ནི་མེད་མི་དང་ ག་ཅི་འབད་རུང་ངར་ངེས་ཡོད་མི་དེ་ཡང་ ཐང་དཀར་བྱི་སྙིང་པའི་བྲང་ཨིན་པའི་ཡིད་ཆེས་བསྐྱེདཔ་ཨིན་མས།

དེལས་བུཚ་འདི་ ལཱ་ལྕོགསཔ་ཅིག་བསྒང་ལས་ བོད་འབད་བར་འགྱོ་ནིའི་ལོ་རྒྱུས་ར་སླབ་སྟེ་ ག་དེ་སྦེ་བཀག་རུང་བཀག་མ་ཚུགས་པར་ གཞུང་ལུང་པར་ལྟོ་ཟེ་བཏང་སྟེ་བོད་འབད་བར་ཡར་སོ་ནུག།

བར་སྐབས་ཅིག་ཁར་ ཀྲོང་གསར་དཔོན་སློབ་མི་རྗེ་འཇིགས་མེད་རྣམ་རྒྱལ་དང་ ཐིམ་ཕུག་རྫོང་དཔོན་གཉིས་ཀྱི་བར་ན་མ་འགྲིགཔ་བྱུང་སྟེ་ ཀྲོང་གསར་དཔོན་སློབ་ སེམས་རྟོགས་ཁ་རྫོང་ནང་བཞུགས་རུང་ ཐིམ་ཕུག་རྫོང་དཔོན་གྱི་ཕྱོགས་གཏོགསཔ་ཚུ་གིས་ གདོང་བརྫངས་འོང་སྟེ་དམག་འཐབ་རུང་ གཅིག་གིས་གཅིག་ལུ་ཡ་ལོག་མ་ཚུགས་པར་བྱོག་འགྱོ་བའི་སྐབས་ སྤྱང་ལོ་རྡོ་རྗེ་འདི་ ལམ་གྱི་ལྟག་ལུ་གཡིབ་སྟེ་སྡོདཔ་ད། ཐིམ་ཕུགཔ་གི་དམག་དཔོན་འདི་ བྱོག་འགྱོ་སར་མཐོང་སྟེ་ རྡོ་གཅལ་རྡོ་ཤེལ་རིངམ་ཅིག་གཡུག་རྐྱབ་ད་ དམག་དཔོན་གྱི་མགུ་ཏོ་གུར་ཕོག་སྟེ་ ཁ་ཐུམ་མར་བསད་དཔ་ལས་ དམག་ལས་རྒྱལ་ཁ་ཐོབ་ནུག།Screenshot 2023-04-12 070636

དེ་ལས་ཚུར་བོད་དཀྱུས་མ་སྤྱང་ལོ་རྡོ་རྗེ་འདི་ གཅིག་ཟེརནི་གཉིས་ཀྱི་གྲས་ཁར་ཚུད་དེ་ ཡུན་མ་རིངམ་ལས་ ཀྲོང་གསར་མགྲོན་གཉེར་གྱི་གོ་གནས་གནང་ཡོདཔ་ལས་ ཁོ་གིས་ཡང་གོང་མའི་ཐུགས་ཟུན་ཚུགསཔ་ད་ མི་སྡེའི་ཞབས་ཏོག་ཞུ་ནི་ལུ་རྩ་འགེངས་ཡོདཔ་ཨིན་མས།

ཤ་གཉེར་ལྒང་ཕུ།

མགྲོན་གཉེར་སྤྱང་ལོ་རྡོ་རྗེ་ལུ་ བུ་ཟེར་རུང་བུམོ་ཟེར་རུང་ གཅིག་ལས་བརྒལ་ཏེ་མེད་མི་ ལྒང་ཕུ་དེ་ཡང་ ཕ་བཟང་གི་བུ་དང་ གྱི་བཟང་གི་ཤུབས་ཟེར་སླབ་དོ་བཟུམ་སྦེ་ འདྲོགཔ་འཚེརཝ་ག་ལུ་ཡང་མེད་པར་ གནམ་མེད་ས་མེད་དབང་ཡོད་མི་ཅིག་ཨིནམ་མ་ཚད་ ཁོ་རའི་དང་འདོད་དང་བསྟུན་ཏེ་ གཞུང་ལུ་ལྟོ་ཟེ་གཏང་སྟེ་ བོད་སྒརཔ་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ ག་ཅི་ར་འབད་རུང་ངར་ངེ་ཡོད་ནི་འདི་གིས་ ཤ་གཉེར་གྱི་གོ་གནས་འབག་སྟེ་ཕྱག་ཞུ་ནུག། ཁོ་གི་བུ་ཉི་མ་སྲི་ཐུབ་ལས་བརྒལ་ཏེ་གཞན་མེདཔ་ཨིན་མས།

ཆོས་གོས་གཉེརཔ་བགྲེསཔ་ཉི་མ་སྲི་ཐུབ།

ཉི་མ་སྲི་ཐུབ་དེ་ཡང་ ཆུང་ཀུ་བསྒང་ལས་ སྤུངས་ཐིམ་གྲྭ་ཚང་ནང་འཛུལ་ཏེ་ དཀྱིལ་ཆོག་གི་ཕྱག་ལེན་གར་ཐིག་དབྱངས་གསུམ་ལུ་སྦྱང་བརྩོན་མཛད་དེ་ དགུང་ལོ་༢༡ ལུ་ ཆོས་གོ་གཉེར་པའི་གོ་གནས་འབག་སྟེ་ཕྱག་ཞུ་ནི་འདི་གིས་ རྟིང་མ་ཡང་ཆོས་གོ་གཉེརཔ་ཉི་མ་སྲི་ཐུབ་ཟེར་བའི་མིང་དར་ཁྱབ་སོང་ནུག།

དེ་ལས་ཆོས་གོས་གཉེརཔ་བགྲེསཔ་ཉི་མ་སྲི་ཐུབ་ཀྱིས་ དགུང་ལོ་༢༥ལུ་ སྐུ་དྲུང་ཚོ་ཆེན་གྱི་གོ་གནས་བཞེས་ཡོདཔ་ཨིན་མས། ཨིན་རུང་ སྔོན་གྱི་ལས་འབྲེལ་རྒྱ་ཆེ་ནི་འདི་གིས་ བར་སྐབས་ཅིག་ཁར་ གྲྭ་ཚང་ནང་ལས་དགོན་སྡེ་ཁག་ལུ་ མཚམས་བཞུགས་གཏང་སྲོལ་ཡོདཔ་བཟུམ་སྦེ་ ཁོ་ཡང་རྟ་ལོག་སྤང་དཀར་པོ་ལུ་ ཐུན་གཏང་མིའི་གྲས་ཁར་སྡོད་པའི་སྐབས་ལུ་ ངེའི་ཨ་མ་དང་ཕྱད་དེ་ ང་སྐྱེ་ནི་འབད་ཡོདཔ་ཨིན་མས། དེ་བསྒང་འབྲུག་ནུབ་ཕྱོགས་ལུ་མཁས་པའི་མཚན་གྱི་སྙན་གྲགས་ཅན་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གི་སློབ་མ་གཙོ་བོ་ཅིག་ཨིན་ནི་འདི་གིས་ རྟོགས་པའི་བདག་གྲོལ། ཐུགས་རྗེ་གཞན་གྲོལ་བའི་སྐྱེས་བུ་དམ་པ་ཅིག་ཨིན་མས། ཁོ་གི་ཚ་བོ་བླམ་འཆི་མེད་རྡོ་རྗེ་རྡོ་རྗེ་གིས་ཧིང་སང་ས་སྦེ་གསུངས་མི་ནང་ ཆོས་གོས་གཉེརཔ་བགྲེསཔ་ཉི་མ་སྲི་ཐུབ་འདི་ ཕྱག་ཆེན་ལུ་མཁས་དྲགས་ཅིག་ཨིནམ་མ་ཚད་ གསུང་སྐད་ག་ནེ་བ་ཧནམ་པ་ལུ་ ཞབས་ཁྲའི་ལེའུ་མཉེན་རྒྱ་ཆེ་དྲགས་སྒྱུར་མི་ཅིག་དང་། དཀྱིལ་ཆོག་གི་ཕྱག་ལེན་དང་རྒྱ་གླིང་སྤུས་ཙ་སྦེ་འཕུ་མི་ཅིག་ཨིན་པའི་ཁར་ ཆོས་གོས་གཉེརཔ་སྦེ་བཞུགས་པའི་སྐབས་ ཕཊ་རྐྱབ་དང་ཁྲོམ་ནོན་ཚུགསཔ་མ་ཚད་ སྐུ་གཟུགས་སྦོམ་ནི་འདི་གིས་འཆམ་གྱི་ལེའུ་གསིག་དྲགས་ཨིནམ་སྦེ་བཤདཔ་ཨིན་མས།

mmexport1458915430051ཀུན་ལེགས་ཆོས་འཛོམས།

ང་རང་སྐྱེས་ལོ་༢༣ལངམ་ད་ བརཔ་ལྷ་ཁང་ལས་ཨིན་མི་ཀུན་ལེགས་ཆོས་འཛོམས་དང་གཉེན་གྲོགས་སྡོམ་ཡོདཔ་ཨིན།

མོ་རང་སེམས་ཁར་མནོཝ་ཅིག་སླབ་དགོ་མི་ཅིག་ཨིན་རུང་ བསམ་པ་བཟང་དྲགས་འབད་བཞག་བཅའ་ཐངས་ཟབ་ཏོག་ཏོ་སྦེ་ཀུན་དང་མཐུན་མི་ཅིག་ཨིན།

མོ་རང་བར་པའི་ས་སློབ་གྲྭ་ཆུང་བ་དང་ ཧཱ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ་ནང་དཔེ་ཆ་ལྷབ་པའི་ཤུལ་ལུ་ སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་ལས་མཐར་འཁྱོལ་ཡོདཔ་ཨིན།

ས་གནས་གཞུང་ཐེངས་དང་ཉིས་པའི་སྐབས་ ཐིམ་རྫོང་ཅང་རྒེད་འོག་ སྒང་ཆེན་རྟ་ཁ་སྤྱི་འོག་གི་ཚོགས་པ་ཕྱག་ཞུ་ཡོདཔ་མ་ཚད་ ས་གནས་གཞུང་ཐེངས་གསུམ་པའི་སྐབས་ལུ་ཡང་ཚོགས་པ་སྦེ་བཙག་འཐུ་གྲུབ་སྟེ་ ད་རེས་ནངས་པ་ཕྱག་ཞུ་བའི་བསྒང་ཡོདཔ་ཨིན།

ཨ་ལུ་ཚུ་གི་མིང་འཇམ་དབྱངས་ཟེར་བཏགས་དགོ་པའི་ཁུངས།

ངེའི་དྲིན་ཅན་ཨ་མ་ཟླ་བའམ་དཔལ་ལྡན་བཟངམོ་འདི་ མ་ཤི་ཚེ་གང་བློ་བླ་མ་དང་དཀོན་མཆོག་ལུ་བཏད། བཏུབ་མ་བཏུབ་ཤེས་མི་ མོ་རའི་ལམ་ཆོད་མི་ཅིག་ཨིན་ནི་འདི་གིས་ ངེའི་བུམོ་སྦོམ་ཤོས་སྐྱེ་ནི་ཨིན་པའི་དྲོ་པ་བྱ་སྟོད་དེ་ཅིག་ཁར་ གཉིད་ལམ་ནང་ རྗེ་བཙུན་འཇམ་དཔལ་དབྱངས་སྐུ་ཟིལ་ཅུང་འཕྲོས་འཕྲོས་སྦེ་ ང་བཅས་ཀྱི་ཁྱིམ་གུར་བབས་པའི་གཉིད་ལམ་མཐོང་ནི་འདི་གིས་ ངེའི་ཨ་ལུ་བུཚ་ཚུ་གི་མིང་འཇམ་དབྱངས་ལས་འགོ་བཙུགས་བཏགས་དགོཔ་སྦེ་ལུང་བསྟན་ཡོད་ནི་འདི་གིས་ ང་བཅས་ཀྱིས་ཡང་དེ་སྦེ་ར་བཏགས་ཅི།

jamyang chodon

འཇམ་དབྱངས་ཆོས་སྒྲོན།

ངེའི་བུམོ་སྦོམ་ཤོས་འཇམ་དབྱངས་ཆོས་སྒྲོན་འདི་ བསོད་ནམས་ཅན་ཅིག་སྦེ་ཆ་བཞག་མི་དེ་ཡང་ མོ་སྐྱེས་ཞིནམ་ལས་ཚུར་ ང་བཅས་ཀྱི་བཟའ་ཚང་ནང་ ལམ་འགྲོ་ལེགས་ཞིམ་འགྱོ་ནི་འདི་གིས་ཨིན། 

སྐྱེས་ལོ་༥ལས་ར་ བར་པའི་ས་སློབ་གྲྭ་ཆུང་བ་དང་ ཅང་བྱི་བྱི། དེ་ལས་ལུང་བསྟན་ཟམ་པ་དང་ དབྱངས་ཅན་ཕུག་སློ་གྲྭ་ཆེ་བ་ལས་མཐར་འཁྱོལ་བའི་ཤུལ་ལུ་ བརྒྱད་འདུག་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ལས་མཐར་འཁྱོལ་ཡོདཔ་ཨིན།

སྤྱི་ལོ་༢༠༡༧ལས་ཇཱ་པན་རྒྱལ་ཁབ་ནང་ ཤེས་ཡོན་སྦྱང་ནི་དང་འབྲེལ་ཏེ་ ལཱ་འབད་བར་སོང་ཡོདཔ་ལས་ ད་རེས་ནངས་པ་ཡང་འཕྲོ་མཐུད་དེ་ལཱ་འབད་བའི་བསྒང་ར་ཡོད།

DSC_0389

འཇམ་དབྱངས་རིག་ལྡན།

བུ་སྦོམ་ཤོས་འཇམ་དབྱངས་རིག་ལྡན་འདི་ རྒྱུ་ཁམས་ཕྲང་རུང་ ཁྲོ་གཏུམ་ཆེ་སུ་ཅིག་ཨིནམ་མ་ཚད་ རྒན་ཤོས་ལུ་གུས་ཞབས་དང་ གཞོན་སྐྱེས་ཚུ་ལུ་བྱམས་བརྩེ་བསྐྱེད་མི་ཅིག་ཨིན།

DSC_0358འཇམ་དབྱངས་ཆོས་སྐྱིད།

ངེའི་བུམོ་ཆུང་ཤོས་འཇམ་དབྱངས་ཆོས་སྐྱིད་འདི་ ཨ་ཙི་འབདཝ་ཅིག་ཚ་རྒྱས་ལངས་མི་ཅིག་ཨིནམ་མ་ཚད་ ཕྲག་ཟེར་ཆེ་སུ་ཅིག་ཨིན།

འགོ་དང་པ་བར་པའི་ས་སློབ་གྲྭ་ཆུང་བ་དང་ དེ་ལས་མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་དཔེ་ཆ་ལྷབ་པའི་ཤུལ་ལུ་ སློབ་རིམ་༡༡པ་དང་༡༢པ་འདི་ སྤ་རོ་ལུ་ཡོད་པའི་ཀརྨ་སློབ་གྲྭ་ལས་མཐར་འཁྱོལ་པའི་ཤུལ་ལུ་ བདེ་སྲུང་གི་སྦྱོང་བརྡར་མཇུག་བསྡུ་སྟེ་ ད་རེས་ནངས་པ་མི་སྡེའི་འགན་ཁག་འབག་སྟེ་ ཕྱག་ཞུ་བསྒང་ར་ཡོདཔ་ཨིན།

JKW

འཇམ་དབྱངས་སྐལ་བཟང་དབང་ཆེན།

ངེའི་བུ་ཆུང་ཤོས་འཇམ་དབྱངས་སྐལ་བཟང་དབང་ཆེན་འདི་ སྤོབ་གནམ་མེད་ས་མེད་མེད་ནི་འདི་གིས་ ཆ་རོགས་ཡང་གངམ་མེདཔ་ཨིན།

ཆུང་ཀུ་བསྒང་ལས་ དྲོག་ཌར་སྟོབས་རྒྱས་སློབ་གྲྭ་ནང་བཙུགས་ཏེ་ སློབ་རིམ་༥པ་ཚུན་ལྷབ་ཡོདཔ་མ་ཚད་ འཇིགས་མེད་རྣམ་རྒྱལ་སློབ་གྲྭ་དང་ལུང་བསྟན་ཟམ་པ་སློབ་གྲྭ་འབྲིང་མ་ནང་ལྷབ་པའི་ཤུལ་ལུ་ ད་རེས་ནངས་པ་དྲོག་ཌར་སྟོབས་རྒྱས་སློབ་གྲྭ་ནང་ཤེས་ཡོན་སྦྱང་པའི་བསྒང་ར་ཡོདཔ་ཨིན།

ཐུགས་འཆར།