རྗོད་སྒྲ་ཅོག་འཐདཔ་དགོཔ།


འབྲུག་རྒྱལ་ཁབ་ནང་ལུ་ ད་རིས་ནངས་པ་ རྒྱལ་ཡོངས་སྐད་ཡིག་རྗོད་སྒྲ་འདྲཝ་མ་འདྲཝ་ ཕྱེད་དག་ཀོ་དག་སྦེ་སླབ་སྲོལ་དར་ཁྱབ་འགྱོ་མི་ལུ་ ཚ་རྒྱས་ལངས་ཏེ་ཡོད། ག་ཅི་སྨོ་ཟེར་བ་ཅིན་ རྗོད་སྒྲ་དག་ཏོག་ཏོ་སྦེ་སླབ་མི་ཚུ་ ཁ་ས་ཡིས་བཅད། གཞོན་སྐྱེས་ཚུ་གིས་ ཧེ་མའི་རྗོད་སྒྲ་བཏོན་ཐངས་ག་དེ་སྦེ་ཨིན་ན་ཧ་མ་གོ་ རང་ལས་རྒས་ཤོས་ཆ་ཁྱབ་ལུ་ འདྲི་ནི་ལུ་དང་འདོད་མེད་པའི་བསྒང་ལས་ རྫོང་ཁའི་རྗོད་སྒྲ་འདི་ག་མིན་གུ་མིན་གུ་ཧོད་ནི་ཨིན་པས་ཟེར ཉལ་ལོང་གཉིད་ལོག་ལུ་ཁོང་ཧིང་ལྷག་སྟེ་ཡོད། དེ་གུ་ད་རིས་ནངས་པ་ མི་རེ་རེ་གཉིས་གཉིས་ཀྱིས་ རྫོང་ཁའི་རྗོད་སྒྲ་འདི་ ལུང་ཕྱོགས་ག་ཏེ་གིས་སླབ་མི་ལུ་ཆ་བཞག་ནི་ཨིན་ན་ཟེར་ རང་གིས་ཧིང་སངས་ས་སྦེ་ཤེས་རུང་ མ་ཤེས་རྫུས་བཏབ་སྟེ་ ལོག་ཅི་ར་ལོ་རྒྱུས་འཐོན་མི་འདི་ གཙོ་བོ་ར་ལུང་ཕྱོགས་ཀྱི་ཁྱད་པར་ཕྱེཝ་མེན་ན་ཟེར་མནོཝ་མས།

images

སྔོན་དང་ཕུ་རྒྱལ་བ་གོངམ་ཚུ་དང་ ཕམ་བཟངཔོ་ཚུ་གིས་ གཞུང་ལྟེ་བ་ སྤུངས་ཐིམ་གྲྭ་ཚང་གཉིས་ཀྱིས་གཙོས་པའི་ རྫོང་གཞི་ཁག་ཚུ་ནང་ལུ་ ཆོས་སྲིད་ལུགས་གཉིས་ཀྱི་ཕྱག་ལཱ་གནང་བའི་སྐབས་ གཞུང་འབྲེལ་གྱི་སྐད་ཡིག་སྦེ་ལག་ལེན་འཐབ་ཞིནམ་ལས་ཚུར་ དར་ཁྱབ་བྱུང་ཡོད་པའི་སྐད་ཡིག་ཅིག་འབདཝ་ད་ སྐད་ཡིག་འདི་གི་རྗོད་སྒྲ་དང་དག་ཆ་གི་གཞི་རྩ་བཟུམ་ཅིག་སྦེ་ ཀ་ཀུ་བལྟ་ནི་ཅིག་ལས་འགོ་བཟུང་ སྦྱོར་ཀློག་ཚིག་སྡུད་ཀྱི་རིམ་པ་ཚུ་ ཁྱད་ཆོས་གཞན་དང་མ་འདྲཝ་སྦེ་བརྩམས་གནང་སྟེ་ཡོད་མི་ཚུ་ ད་ལྟོ་བར་ན་ཡང་གྲྭ་ཚང་དང་དགེ་འདུན་སློབ་གྲྭ་ཚུ་ནང་ སྔར་གྱི་ཁྱུན་མ་ཉམས་པར་འདུག དེ་བཟུམ་གྱི་ཁྱད་ཆོས་ཚུ་གི་ཐོག་ལུ་གཞི་བཞག་ཚུགས་པ་ཅིན་ རྫོང་ཁའི་ངག་གཤིས་ནང་ཡོད་པའི་མིང་ཚིག་ཚུ་གི་རྗོད་སྒྲ་བཏོན་ཐངས་དང་། མིང་ཚིག་གི་ཡིག་སྡེབ་ཚུ་གི་སྒྲ་གདངས་གཉིས་ དབྱེ་བ་མེད་པར་མཐུན་ཏོག་ཏོ་སྦེ་འགྱོ་བཏུབ་པའི་ཁར་ རྫོང་ཁའི་མིང་ཚིག་ཚུ་འབྲིཝ་ད་ཡང་ ཡི་གུའི་སྒྲ་གདངས་དང་ ངག་གཤིས་མཐུན་པའི་སྟབས་ཀྱིས་ཡིག་སྡེབ་ཀྱི་འཛོལ་བ་མི་འབྱུང་ནི་ཨིན་པས།