ཨའི་ཉིནམ་བརྩི་སྲུང་།


སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ཏེ་ ཞག་བདུན་ཕྲག་གཅིག་གི་ཤུལ་ལུ་ ཡུམ་སྒྱུ་མ་ལྷ་མཛེས་གཤགས་སོངམ་ལས་བརྟེན་ སངས་རྒྱས་ཀྱིས་ཡུམ་གྱི་དྲིན་ལན་འཇལ་ནིའི་ཐུགས་བཞེད་གནང་སྟེ་འབད་རུང་ འཚོལ་ཐབས་ཅིག་གཞན་ག་ནི་ཡང་མ་འབྱུང་པར་བཞུགསཔ་ད་ ཤུལ་ལས་ཡུམ་སྒྱུ་མ་ལྷ་མཛེས་ སྟེང་ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་གནས་ལུ་ སྐྱེ་བ་བཞེས་ཏེ་བཞུགས་ཡོདཔ་མངོན་ཤེས་མཁྱེན་ཏེ་ སངས་རྒྱས་ཁོ་རང་ མངོན་པར་རྫོགས་པ་སངས་རྒྱས་ཏེ་ལོ་དྲུག་ དགུང་ལོ་༤༡་བཞེས་པའི་ཆུ་སྟོད་ཟླ་བ་ ཧོར་ཟླ་དྲུག་པའི་པའི་ཚེས་༡༥་ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ཡུམ་གྱི་དྲིན་ལན་འཇལ་ནིའི་དོན་ལུ་ཆོས་གསུང་པར་བྱོན་ཏེ་ ཡུམ་གྱི་གཙོས་པའི་ལྷ་དང་ལྷ་མོ་ཚུ་ལུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཞུགས་ནུག  དེ་བསྒང་འཁོར་རྣམ་པ་བཞི་དང་ སྦྱིན་བདག་ཆོས་རྒྱལ་གཟུགས་ཅན་སྙིང་པོ་ཚུ་ སངས་རྒྱས་མཇལ་བའི་གོ་སྐབས་མ་ཐོབ་པར་ མུན་པའི་སྐལ་པ་བཟུམ་ཅིག་ནང་སྡོད་དགོཔ་བྱུང་པའི་སྐབས་ འཕགས་པ་ཤཱ་རི་བུ་གིས་མངོན་ཤེས་གཟིགསཔ་ད་ སངས་རྒྱས་ལྷ་ཡུལ་ལུ་བཞུགསཔ་མཁྱེན་ཏེ་ འཕགས་པ་མོའུ་འགལ་གྱི་བུ་ལུ་ སངས་རྒྱས་ལོག་སྟེ་ མི་ཡུལ་ལུ་གདན་འདྲེན་ཞུ་བར་འབྱོན་དགོཔ་སྦེ་གསོལཝ་བཏབ་སྟེ་ ཧོར་ཟླ་༩་པའི་༢༢་ལུ་ འཁོར་ལྷ་དང་ལྷ་མོ་ཚུ་གིས་མཆོད་པའི་སྒྲ་དང་བཅསཔ་སྦེ་ གྲོང་ཁྱེར་ཤང་ཀ་ཤའི་ཉེ་འགྲམ་ལུ་ མེ་ཏོག་ཨུ་དུམ་ཝ་རའི་ནགས་ཚལ་ན་ འཁོར་ལྷ་དང་མི་ཚུ་ག་ར་འཛོམས་སར་ ལྷ་གཡུས་ལས་བབས་ཏེ་བྱོན་པའི་དུས་ཆེན་ཁྱད་པར་ཅིག་ཨིན་པས།
དུས་ཆེན་འདི་སངས་རྒྱས་ཀྱིས་ ཡུམ་ལུ་དྲིན་ལན་འཇལ་བའི་དུས་ཆེན་ཅིག་འབད་ནི་འདི་གིས་ ལོ་བསྟར་རང་ཟླ་༩་པའི་ཚེས་༢༢་ལུ་ རྒྱལ་བ་ལྷ་ལས་འབབ་བའི་དུས་ཆེན་ཟེར་རྩིས་སྲུང་འབདཝ་ད་འབྲེལ་ སྤྱི་ལོ་༢༠༡༣་ལས་འགོ་བཙུགས་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ང་བཅས་རའི་རྒྱལ་ཁབ་འདི་ནང་པ་ ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ དུས་ཆེན་གཞན་བརྩི་སྲུང་ཞུ་ནི་ཡོད་དོ་བཟུམ་སྦེ་ ཨའི་ལུ་དྲིན་ལན་འཇལ་ནིའི་དོན་ལུ་ ཨའི་གི་ཉིནམོ་སྦེ་བརྩི་སྲུང་ཞུ་ནི་འགོ་བཙུགས་ཏེ་ཡོད་མི་འདི་གིས་ ཧེང་སྐལ་ར་བསོད་ནམས་གསག་ནིའི་ཐབས་ལམ་ཅིག་ཨིན་པས།
ཨ་ལོ་འདི་སྐྱེས་ཞིནམ་ལས་ ཨ་ལོ་ཚུ་གི་མཐོང་སྣང་ བསམ་སྤྱོད་དང་ ཁོ་རའི་མི་ཚེའི་དམིགས་དོན་ཚུ་ག་ར་ ཨའི་ལུ་རག་ལསཔ་ཨིན་མས། ཨའི་གིས་དུས་ནམ་ར་འབད་རུང་ མོ་རའི་བཟའ་ཚང་ སེམས་དགའ་ཏོག་ཏོ་སྦེ་བཞག་ནི་འདི་ར་གཙོཝ་བཏོནམ་མ་གཏོགས་ མོ་རའི་མི་ཚེའི་དམིགས་ཡུལ་དང་དགའ་སྤྲོ་ཚུ་རྒྱབ་ལུ་བཞག་སྟེ་ རང་གི་བུ་གཞི་ལུ་བྱམས་བརྩེའི་ཐོག་ལས་སྐྱོང་བཞག་ཐབས་ཨིན། ཨ་ལོ་འདི་ཁོ་རའི་མི་ཚེའི་ནང་ འཇིག་རྟེན་པའི་དཔྱེ་གཏམ་ལུ་ “བུ་མཁས་རུང་ཕ་མའི་བསླབ་བྱ་དགོ།།   ཚོང་མཁས་རུང་སྔོན་བསགས་བྱིན་འབྲས་དགོ།།” ཟེར་དོ་བཟུམ་སྦེ་ བུ་འདི་ག་དེམ་ཅིག་མཁས་རུ་ ཨའི་གི་རྒྱབ་སྐྱོར་དང་སླབ་བྱ་དགོཔ་ཨིན་མས། ག་ཅི་སྦེ་ཟེར་བ་ཅན་ ཨ་ལོ་ལེགས་ཤོམ་བཟོ་ནི་དོན་ལུ་ ཨའི་གིས་འགན་ཁུར་འབག་སྟེ་ ཨ་ལོ་ལུ་ཕན་གནོད་ག་ཅི་ར་ཡོདཔ་ཨིན་ན་བཤད་ཏེ་བྱིནམ་ཨིན། ཨའི་གི་ མོ་རའི་ཨ་ལོ་འདི་ ན་ཆུང་ཨིན་རུང་ སྦོམ་འགྱོ་རུང་ ངར་ངེས་ཡོད་རུང་ དབང་པོ་སྐྱོན་ཅན་ཨིན་རུང་ ཞུམ་མ་འབད་མི་ཨིན་རུང་ ག་སླབ་ཉན་མི་ཨིན་རུང་ ཨ་ལོ་ལུ་བསྲན་ར་མི་ཚུགསཔ་ཨིན་པས།
ཕམ་ལུ་དྲིན་ལན་འབྱོར་ནི་དང་ བུ་གཞི་བསོད་ནམས་གསག་ནིའི་ཐབས་ལམ་བཟང་པོ་ཅིག་ཨིནམ་ལས་ ཉིནམ་འདི་ཁར་ འབད་དགོ་པའི་ལཱ་ག་དེ་ཅིག་ར་ཁག་ཆེ་རུང་རྒྱབ་ཁར་བཞག་སྟེ་ དྲིན་ཆེ་བའི་ཕམ་དང་ཅིག་ཁར་གདོང་སྐོར་རྐྱབ། ཞིམ་པའི་བཞེས་སྒོ་ཟ། དགའ་བའི་ལོ་རྒྱུས་སླབ་སྟེ་སྡོད་ནིའི་གོ་སྐབས་བཟང་པོ་ཅིག་ཨིན་པས། མ་གཞི་རང་རང་སོ་སོའི་མནོ་བསམ་གཏང་ཐངས་རྒྱ་ཆེ་ཆུང་དང་འཁྲིལ་ཏེ་ ཨའི་ལུ་བཀའ་དྲིན་བསམ་ཚུལ་མ་འདྲཝ་སྦེ་ཡོདཔ་ཨིན་པས།
ཨ་ལོ་ཚུ་གི་དོན་ལུ་ ཨའི་འདི་གནས་མེད་ས་མེད་ཁག་ཆེཝ་ཨིན་མས། འདི་འབདཝ་ལས་ ཨའི་འདི་གི་འབད་བཞག་དང་གོམས་གཤིས་ཚུ་ ཨ་ལོ་ཚུ་གི་དོན་ལུ་ དཔེ་བལྟ་སའི་གཞི་བཟུམ་ཅིག་ཨིན་མས། དཔྱེ་གཏམ་ལུ་”སློབ་དཔོན་བརྒྱ་གཅིག་ལས་ ཨའི་གཅིག་དྲག།” ཟེར་དོ་བཟུམ་ ཨའི་འདི་གི་ཡོན་ཏན་དང་སྐྱོན་ཚུ་ ཨ་ལོ་ཚུ་གི་དཔྱེ་བལྟཝ་ཨིན་མས། འདི་འབདཝ་ལས་ ཨའི་གིས་ རང་གི་བུ་གཞིའི་གདོང་ཁར་ འབད་གཞག་ངན་པ་སྟོན་ནི་ཟབ་ཟབ་འབད་དགོཔ་གལ་ཆེ་བས། ག་དེ་སྦེ་ར་ཨིན་རུང་ ད་རིས་ཀྱི་ལས་རིམ་འདི་ལས་བརྟེན་ བུ་གཞི་ག་ར་འབད་རུང་ད་ལྟོ་ཚུན་ རང་གི་ཨའི་ལུ་བཀའ་དྲིན་བསམ་མ་ཤེས་མི་ཡོད་པ་ཅིན་ ཉིནམ་ད་རིས་ལས་འགོ་བཟུང་སྟེ་ ཨའི་གི་སེམས་མ་གསད་ རང་གི་ལྕོགས་གྲུབ་དང་བསྟུན་ཏེ་ ཕྱག་ཕྱིད་ཞབས་ཏོག་ག་དེ་དྲག་དྲ་ཞུ་གནང་ཟེར་དྲན་གསོ་ཕུལ་ནི་ཨིན།

%d bloggers like this: