ཚོང་དང་བཟོ་གྲྭ།


ང་བཅས་རའི་ཕ་མའི་ངོ་སྐབས་ལུ་འབད་བ་ཅིན་ ཚོང་ཆས་ཀྱི་རིགས་ཚུ་ རྒྱལ་ཁབ་ནང་ལས་ཕྱི་ཁར་དང་ ཕྱི་ལས་ནང་འདྲེན་འབད་སྲོལ་མེད་རུང་ གྲོང་གཡུས་ཚུ་ནང་ འཚོ་བ་རང་མགོ་རང་འདྲོང་སྦེ་སྡོད་ནི་དེ་གིས་ གོང་འཕེལ་ལས་ཁུངས་ཀྱིས་ ཕྱི་མི་འབྲུག་ལུ་འོང་མི་ཚུ་གི་དོན་ལུ་ གཉེར་ཚང་གི་རིགས་ རྒྱ་གར་ལས་བཏོན་སྲོལ་ཡོདཔ་མ་གཏོགས་ གཞུང་སྒེར་གཉིས་ཆ་རའི་དོན་ལུ་གཉེར་ཚང་གི་རིགས་ ཚྭ་དང་གུ་རམ་ཚུ་མ་གཏོགས་ གཞན་ནང་འདྲེན་འབད་སྲོལ་མེདཔ་ཨིན་མས། མགུ་བདེ་དྲགས་དང་འབྱོར་པ་ལྡན་མི་ཚུ་གིས་ འབྲུག་རྒྱལ་ཁབ་ནང་ལས་ཀྱི་འཐོན་བསྐྱེད་གཡུས་ཆུམ་དམརཔོ། མར། འདལ་ཤོག། ཨེར་མ། སྐུདཔ་ཚོས་རྐྱབ་ནིའི་རྒྱུ་དེ་ཚུ་འབག་སྟེ་ བོད་ལུ་བཙོང་སྲོལ་ཡོད་རུང་། སྤྱི་ལོ་༡༩༦༢་ལོ་ལུ་ རྒྱ་གར་དང་ རྒྱ་ནག་རྒྱལ་ཁབ་གཉིས་མ་འགྲིག་པའི་ཤུལ་ལས་ བོད་ལུ་ཚོང་བཏོན་པར་འགྱོ་ནི་སྟབས་མ་བདེ་བར་ ཉེར་མཁོའི་སྐྱ་རྣམ་གྱི་རིགས་ཚུ་ རྒྱ་ལས་བཏོན་སྲོལ་དར་ཁྱབ་སོང་ནུག འབྲུག་གི་དཔལ་འབྱོར་ཡར་རྒྱས་གཏང་ནིའི་ཐབས་ལམ་ཅིག་ ཚོང་འབྲེལ་ཚུལ་བཞིན་འཐབ་ནི་འདི་ཨིན་ལས་ མི་དབང་མངའ་འབྲུག་རྒྱལ་༤མཆོག་གི་བཀའ་རྒྱ་དང་འཁྲིལ་ཏེ་ མི་སེར་ཚོང་འབྲེལ་འཐབ་མི་ཚུ་གི་ཕན་ཐབས་ལུ་དམིགསཏེ་ སྤྱི་ལོ་༡༩༨༠་ལས་འགོ་བཙུགས་ཏེ་ འབྲུག་གི་ཚོང་དང་བཟོ་གྲྭ་ཚོགས་སྡེ་གཞི་བཙུགས་གནང་ཡི། རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་༥༩་པའི་གྲོས་ཆོད་    དོན་ཚན་༢་པའི་ནང་བཀོད་མི་དང་འཁྲིལཝ་ད་ ཚོགས་སྡེ་དེ་གིས་ཚོང་པ་དང་ གཞུང་གི་བར་ན་རྒྱུན་ལམ་བཟུམ་ཅིག་འབད་ ཚོང་པ་ཚུ་གི་སྐྱིད་སྡུག་གཞུང་ལུ་ཞུ་དགོཔ་དང་ གཞུང་ལས་ ཚོགས་སྡེ་ལུ་འབྲེལ་བ་མཛད་དགོཔ་ག་ཅི་འཐོན་རུང་ ཚོགས་པ་དེ་གིས་འབད་བའི་ཁར་ ཚོང་པ་ཡོངས་ཀྱི་འགོ་འདྲེན་པ་གཙོ་བོ་བཟུམ་ཅིག་ཚོགས་སྡེ་འདི་ཨིནམ་སྦེ་བཀོད་ཡོདཔ་མ་ཚད་ ཚོགས་ཐེངས་༥༩་པའི་གྲོས་ཆོད་དོན་ཚན་༡༢་པའི་ནང་ བསྟན་རྒྱས་ལྷན་ཁག་གི་ མི་སེར་ལུ་ ཚོང་དང་བཟོ་གྲྭ་བཙུགས་པའི་མ་དངུལ་འབུམ་༩༠་དེ་ཅིག་བསྐྱིན་འགྲུལ་གནང་ཡོད་མི་འདི་གིས་ ཚོང་པ་མང་རབས་ཅིག་ཕན་ཐོགས་བྱུང་སྟེ་ཡོདཔ་མིག་གིས་མཐོང་སར་ཨིན་པས།

རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ མ་དངུལ་བཟོ་དགོ་པའི་ཁར་ རྒྱལ་ཁབ་རང་མགོ་རང་འདྲོངས་བཟོ་ནི་འདི་ཡང་ འབྲུག་གཞུང་གི་དམིགས་ཡུལ་གཙོ་བོ་ཅིག་ཨིན་ནི་འདི་གིས་ རང་མགོ་རང་འདྲོངས་ཀྱི་སྲིད་བྱུས་འགྲུབ་ནིའི་དོན་ལུ་ འོང་འབབ་སྦོམ་བཟོ་དགོཔ་དང་ ལྕོགས་གྲུབ་ཅན་བཟོ་དགོཔ། གློག་མེ་འཕྲུལ་ཁང་ སོ་ནམ་འཐོན་བསྐྱེད་ལུ་བརྟེན་པའི་བཟོ་གྲྭ་འཕྲུལ་ཁང་ ས་གཏེར་གྱི་་བཟོ་གྲྭ་འཕྲུལ་ཁང་ཚུ་གཞི་བཙུགས་འབད་དེ་ རྒྱལ་ཁབ་ཀྱི་འོང་འབབ་བཟོ་ནི་འགོ་བཙུགས་ཡོད་རུང་ ས་གཏེར་དང་འབྲེལ་བའི་སྲིད་བྱུས་ཚུ་ གསལ་རི་རི་མེད་ནི་འདི་གིས་ དུམ་གྲ་རེ་དཀའ་ངལ་བྱུང་དོ་ཡོདཔ་རུང་ ད་རེས་གཞུང་གིས་ སྲིད་བྱུས་ཚུ་སྒྲིང་སྒྲིང་བཟོ་ཚར་ཏེ་ཡོདཔ་ཨིན་མས།

མ་འོངས་མངོན་གཟིགས་ཅན་གྱི་རྒྱལ་པོ་མི་དབང་འབྲུག་རྒྱལ་༤པ་མཆོག་གི་ འབྲུག་རྒྱལ་ཁབ་ནང་ ཆུ་ལས་བརྟེན་པའི་གློག་མེའི་འཕྲུལ་ཁང་བཙུགས་ཚུགས་པ་ཅིན་ དེའི་འོང་འབབ་ཀྱིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པའི་ཐུགས་བཞེད་གནང་སྟེ་ འགོ་དང་པ་ར་ ཆུ་ཁའི་གློག་མེའི་ལས་འགུལ་འགོ་བཙུགས་ནིའི་ཐུགས་བཞེད་གནང་ནུག རྒྱུ་མཚན་དེ་གིས་ལོ་ལྔ་པའི་འཆར་གཞི་༢པའི་སྐབས་ མ་དངུལ་དང་ཚོང་ལམ་རྒྱབ་སྐྱོར་དོན་ལུ་ རྒྱ་གཞུང་དང་གསུང་གྲོས་གནང་། འཆར་གཞི་གསུམ་པའི་སྐབས་ གློག་མེ་ལས་འགུ་འགོ་བཙུགས་པ་ཅིན་ ཕན་གནོད་ག་དེ་སྦེ་འབྱུང་འོང་ག་གི་ ཞིབ་དཔྱད་ཀྱི་ལཱ་འགོ་བཙུགས། འཆར་གཞི་གསུམ་པའི་ཡིག་ཆ་ནང་བཀོད་དོ་བཟུམ་ཨིན་པ་ཅིན་ ཆུ་ཁ་ལུ་གློག་ཤུགས་ཨམ་ནུས་ཚད་ མེ་ག་ཝཀྲ་༢༥༠་འབད་མི་ཅིག་བཙུགས་པའི་འོས་འབབ་ཡོད་རུང་ དེ་གི་དོན་ལུ་མ་དངུལ་ས་ཡ་༣༠་དེ་ཅིག་གནས་ནི་མས་ཟེར་ དབྱེ་ཞིབ་སྔོན་རྩིས་ནང་ཐོན་ཡི་ཟེར་ཨིན་མས།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་དོན་གཙོ་བོ་ཅིག་ཨིན་མི་ ཆུ་ཁའི་གློག་ཤུགས་ལས་འགུལ་བསྒྲུབས་ཚར་ཏེ་ མི་སེར་ཚུ་གིས་མེ་བཏེག་ནི་གི་གོ་སྐབས་ཐོབ་སྟེ་ ལོ་ལྔ་པའི་འཆར་གཞི་བརྒྱད་པའི་ནང་ ཁྱིམ་གུང་གྲངས་༢༦༢༣་དང་འཆར་གཞི་དགུ་པའི་སྐབས་གུང་པ་སྟོང་ཕྲག་༡༥་ལུ་ གློག་མེ་བཙུག་ནི་འབད་གྲོས་ཐག་ཆོད་པའི་སྐོར་ལས་ སྲིད་བློན་གྱི་ལོ་འཁོར་སྙན་ཞུ་ནང་བཀོད་ནུག། འཆར་ལོ་དེ་ནང་མི་སེར་གུང་པ་༡༢༣༦༤་ལུ་གློག་མེ་བཙུག་པའི་དོན་ལས་མ་དངུལ་ས་ཡ་༩༩༢་གྲ་སྒྲིག་མཛད་གནང་པའི་ཤུལ་ལས་ རྒྱལ་ཁབ་ཀྱི་འོང་འབབ་སྦོམ་ཤོས་ཅིག་ གློག་མེ་ལས་བརྟེན་བཟོ་དོ་ཡོདཔ་ཨིན་མས།  

དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་བཏང་ནི་དོན་ལུ་ ཕན་ཐབས་སྦོམ་ཤོས་ཅིག་ འཛམ་གླིང་རྒྱལ་ཁབ་གཞན་དང་གཅིག་ཁར་ ཚོང་འབྲེལ་འགོ་བཙུག་ནི་དང་ བལྟ་བཤལ་དང་འབྲེལ་བའི་ ཚོང་ལམ་རྒྱ་བསྐྱེད་བཏང་ནི་འདི་ཨིན་ནི་དེ་གིས་ སྤྱིར་བཏང་ཕྱིའི་རྒྱལ་ཁབ་དང་ ལྷག་པར་རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ མཉམ་འབྲེལ་འཐབ་དགོཔ་ཡར་སེང་འགྱོཝ་བཞིན་དུ་ རྒྱུན་འབྲེལ་མཐུན་རྐྱེན་ཡང་ ཕུན་སུམ་ཚོགས་དགོ་ནི་དེ་གིས་ སྤྱི་ལོ་༡༩༨༣་སྤྱི་ཟླ་༢་པ་ལས་ཚུར་ སྤ་རོ་དང་ཀ་ལི་ཀ་ཏའི་བར་ན་ མཁའ་འགྲུལ་གྱི་ཞབས་ཏོག་འགོ་དང་པ་བཙུགས་མི་དེ་གིས་ དཔལ་འབྱོར་དང་ ཚོང་འབྲེལ་ཡར་རྒྱས་ལུ་ཕན་ཐབས་བྱུང་ཡོདཔ་མ་ཚད་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་ཅིག་ཁར་ མཐུན་ལམ་རྒྱ་བསྐྱེད་ལུ་ཡང་ཕན་ཐབས་སྦོམ་བྱུང་ནུག མཁའ་འགྲུལ་ཞབས་ཏོག་འདི་ ལོ་གཅིག་ལས་ལོ་གཅིག་ཡར་རྒྱས་བཏང་ཚུགས་ནི་དེ་གིས་ རྒྱལ་ཁབ་ནང་དཔལ་འབྱོར་འཐོན་བསྐྱེད་ལུ་ཕན་ཐབས་བྱུང་ཡོདཔ་མ་ཚད་ མི་སྡེའི་ཞབས་ཏོག་ རྒྱལ་ཁབ་གཞན་དང་འདྲན་འདྲ་ཐོབ་སྟེ་ཡོད་རུང་ ད་ལས་ཕར་རིམ་པ་བཞིན་ འཛམ་གླིང་རྒྱལ་ཡོངས་མཁའ་ལམ་ཞབས་ཏོག་དང་ རྒྱལ་ཁབ་ནང་འཁོད་ མཁའ་ལམ་ཞབས་ཏོག་ཚུ་ཡང་རྒྱ་བསྐྱེད་གནང་པའི་ཐུགས་འདོད་སྦོམ་འབད་རང་ཡོད་ཟེར་ཞུ་ནི་ཨིན།

སྤྱི་ལོ་༢༠༠༣་གྱི་ལོར་ བལྟ་བཤལ་པ་བསྡོམས་༦༢༦༡་འོང་མི་དེ་གིས་ འོང་འབབ་ཡུ་ཨེས་དྲོ་ལར་ས་ཡ་༨་དང་འབུམ་༣༢་བཟོ་མི་ལས་ གཞུང་ལུ་ཁྲལ་དྲོ་ལར་ས་ཡ་༢་དང་ འབུམ་༨༨་ཕུལ་ཡོདཔ་ཨིནམ་པས། སྤྱི་ལོ་༢༠༠༤་ལུ་བལྟ་བཤལ་པ་བསྡོམས་༩༢༤༩་འོང་སྟེ་ དེ་གིས་ འོང་འབབ་ཡུ་ཨེས་དྲོ་ལར་ས་ཡ་༡༢་དང་འབུམ་༥༠་ལྷགཔ་ཅིག་བཟོ་ས་ལས་ གཞུང་ལུ་ཁྲལ་ དྲོ་ལར་ས་ཡ་༤་དང་འབུམ་༤་ལྷགཔ་ཅིག་ཕུལ་ཡོདཔ་མ་ཚད། ལོ་དེ་ནང་བལྟ་བཤལ་ཚོང་འབྲེལ་གྱི་ཆོག་ཐམ་འཆང་མི་༡༤༡་ཡོདཔ་ཨིན་པས།

སྤྱི་ལོ་༢༠༠༦་གི་ལོར་ བལྟ་བཤལ་པ་༡༢༣༤༤་འབྲུག་ལུ་འོང་ནི་དེ་གིས་ འོང་འབབ་ཡུ་ཨེས་དྲོ་ལར་ས་ཡ་༢༣་དང་འབུམ་༩༥་བཟོ་ས་ལས་ དྲོ་ལར་ས་ཡ་༨་དང་འབུམ་༥་ གཞུང་ལུ་ཁྲལ་ཕུལ་ཡོདཔ་ཨིན་པས། དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཕན་ཐབས་ཆེ་ཤོས་ཅིག་ཕྱི་མི་བལྟ་བཤལ་ལུ་འོང་མི་དེ་ཨིན་ནི་དེ་གིས་ སྤྱི་ལོ་༢༠༠༣་ལུ་བལྟ་བཤལ་པ་བསྡོམས་༦༢༦༡་དེ་ཅིག་འོང་ནུག། བལྟ་བཤལ་པ་ལུ་བརྟེན་ཏེ་འོང་འབབ་ ཡུ་ཨེས་དྲོ་ལར་ས་ཡ་༨་དང་འབུམ༣༢་བཟོ་ཡོདཔ་དང་ གཞུང་ལུ་བལྟ་བཤལ་པའི་ཁྲལ་ལས་ ཡུ་ཨེས་དྲོ་ལར་ས་ཡ་༢་དང་འབུམ་༨༨་ཕུལ་ནུག སྤྱི་ལོ་༢༠༠༤་ལུ་བལྟ་བཤལ་པ་༩༢༤༩་འོང་ཡོདཔ་ལས་ དེ་གི་འོང་འབབ་ཡུ་ཨེས་དྲོ་ལར་ས་ཡ་༡༢་དང་འབུམ་༥༠༢་བཟོ་ཐོག་ལས་གཞུང་ལུ་ཁྲལ་དྲོ་ལར་ས་ཡ་༤་ལྷགཔ་ཅིག་ཕུལ་ནུག ལོ་དེ་ནང་བལྟ་བཤལ་ཚོང་ལཱ་འབད་མི་༩་ལུ་ ཆོག་ཐམ་གནང་མི་འདི་རྩིས་ཏེ་ རྒྱལ་ཁབ་ནང་བལྟ་བཤལ་ཚོང་འབྲེལ་འཐབ་མི་༡༤༡་ཡོདཔ་ཨིན་མས། 

སྤྱི་ལོ་༡༩༩༠་ནང་ ཤར་ཕྱོགས་རྫོང་ཁག་གི་མི་སེར་ལུ་ ཚོང་ལམ་གོང་འཕེལ་གྱི་དོན་ལུ་ བསྟན་རྒྱས་ལྷན་ཁག་གི་ཁ་ཐུག་ལས་ ཨ་སམ་གྱི་ས་གནས་གུ་ཧ་ཀྲིའི་ ས་ཁོངས་པན་གྲུ་ཟེར་ས་ལས་བརྒྱུད་པའི་ མཚོ་ལམ་བདའ་སྟེ་འབྲེལ་བ་འཐབ་ཚུགས་ནིའི་དོན་ལུ་ རྒྱ་གཞུང་དང་གཅིག་ཁར་གསུང་གྲོས་གནང་ཚུགས་ནི་འདི་གིས་ མི་སེར་གྱི་ཁ་ཐུག་ལས་ཡང་ བང་ལ་དེཤ་ལུ་ ཀེ་བ་དང་ཚལ་ལུ་ ཨ་ལན་རྗི་ ཤིང་འབྲས་དང་ གཉེར་ཚང་གི་རིགས་ལེ་ཤ་ཅིག་ ཆུ་མོ་ཀླུ་བདུད་ཀྱི་མཚོ་ལམ་བདའ་སྟེ་ བང་ལ་དེཤ་ལུ་བཏང་ཡོདཔ་ཨིན་མས། སྤྱི་ལོ་༢༠༠༤་ལུ་ བལ་ལ་དེཤ་དང་འབྲུག་རྒྱལ་ཁབ་ཀྱི་བར་ན་ ཚོང་ལམ་འགོ་བཙུགས་ཏེ་ འབྲུག་ལས་ཕྱིར་ཚོང་འཐབ་ནི་ལྷམ་༡༨་གུ་ ཅ་དམ་གྱི་ཁྲལ་བརྒྱ་ཆ་༥༠་ལས་༡༥་གུ་ཕབ་ཚུགས་ནུག འཆར་ལོ་༢༠༠༢་དང་༢༠༠༣་ལུ་ཕྱིར་ཚོང་འཐབ་པའི་འབབ་ཁུངས་ དངུལ་ཀྲམ་ས་ཡ་༡༧༡་དང་འབུམ་༣༣་བཟོ་ཚུགས་འདི་ཡོདཔ་ད་ འཆར་ལོ་༢༠༠༣་དང་༢༠༠༤་ལུ་དངུལ་ཀྲམ་ས་ཡ་༢༨༤་དང་འབུམ་༤༥་གུ་ཡར་སེང་རྐྱབ་ཚུགས་ནུག སྤྱི་ལོ་༢༠༠༣་གྱི་ལོར་ འབྲུག་ལས་ཕྱིར་ཚོང་འཐབ་པའི་ འོང་འབབ་ཡོངས་བསྡོམས་ས་ཡ་༥༣༤༧་ཐོན་པའི་སྐབས་ ལོ་དེ་ནང་ཕྱི་ཚོང་ནང་འདྲེན་གནས་ཚད་ དངུལ་ཀྲམ་ས་ཡ་༡༠༡༩༤་གི་རྩིས་བཏོན་ནུག།

%d bloggers like this: