དངུལ་ཀྲམ་ལག་ལེན།


སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་ ཧེ་མ་གི་དུས་ལུ་ རྒྱ་གར་དང་ཅིག་ཁར་ ཚོང་འབྲེལ་འཐབ་མི་ཚུ་གིས་ རྒྱ་གར་གྱི་རུབ་པི་ལག་ལེན་འཐབ་སྲོལ་ཡོད་རུང་   གཞུང་གིས་དུམ་གྲ་རེ་ཉོ་བཙོང་འཐབ་ནི་དང་ གཞུང་ལུ་སྐམ་ཁྲལ་ཕུལ་མི་ཚུ་གི་དོན་ལུ་ འབྲུག་པའི་ཏིག་རྐྱང་ཟེར་ དངུལ་རྐྱང་གི་ཏི་རུ་དང་མ་ཀྲམ་ཟེར་ཟངས་དམར་གྱི་བཟོ་མི། ཞངས་ཀྲམ་ཟེར་ རྒྱ་ག་ཀྲི་ཁ་ལས་བླུགས་ཏེ་ འབྲུག་ལུ་དར་ཁྱབ་ཅན་གྱི་ཏི་རུ་ཚུ་ཡོདཔ་ཨིན་པས།

དེ་མ་ཚད་ཤར་ཕྱོགས་རྫོང་ཁག་ཚུ་ནང་ དངུལ་ཀྲམ་གྱི་ཚབ་སྦེ་ ཟོང་ཆས་རྩིས་སྲོལ་ཡོད་ནི་དེ་གིས་ དབར་ཟོང་ཟེར་གོང་ཚད་མཐོ་ཤོས་ཀྱི་ཐང་གཞི་དང་ སྐྱ་ཟོང་ཟེར་གོང་ཚད་ཆུང་བའི་ཟོང་ཆས་ཚུ་ དངུལ་ཀྲམ་གྱི་ཚབ་སྦེ་ཚོང་འབྲེལ་འཐབ་སྲོལ་ཡོདཔ་ཨིན་རུང་ ཤུལ་ལས་རྒྱལ་ཁབ་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་ འབྲུག་རྒྱལ་གཉིས་པ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ སྤྱི་ལོ་༡༩༢༨ལོར་ འབྲུག་པའི་ཏིག་ཅུང་ཟེར་བཀྲ་ཤིས་རྟགས་བརྒྱད་དང་ འབྲུག་རྒྱལ་གཉིས་པའི་སྐུར་པར་གྱི་རི་མོ་བཀོད་པའི་གནས་ཚད་ རྒྱ་གར་གྱི་ཕྱེད་ཀྲམ་༥༠་གི་གནས་ཚད་དང་འདྲ་མཉམ་གྱི་ ཏིག་ཅུང་འགོ་ཐོག་བཏོན་ནུག
bhutan-2006-circulating-coins
དེ་ལས་འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་༡༩༦༠་ལས་ཚུར་ ལོ་ལྔ་པའི་འཆར་གཞི་འགོ་མ་བཙུགས་པའི་ཧེ་མ་ འབྲུག་ལུ་དངུལ་ཁང་ཟེར་ལོགས་སུ་མེད་རུང་ རྒྱལ་རྩིས་ཁ་ལོ་བ་ཟེར་ རྫོང་ཁག་ཚུ་གིས་གཉེར་ཚང་གི་རྩིས་དང་ ཟོང་ཆས་ཀྱི་རྩིས། དངུལ་རྩིས་ཚུ་ རྒྱལ་རྩིས་ཁ་ལོ་ཡི་ནང་རྐྱབ་སྲོལ་ཡོདཔ་དང་། ཕུན་ཚོགས་གླིང་དང་ཐིམ་ཕུའི་གཞུང་ལམ་སེལ་ནི་འགོ་བཙུགས་ནི་དེ་གིས་ མ་དངུལ་གྱི་འབྲེལ་བ་སྦོམ་འཐབ་དགོཔ་ཐོན་ཏེ་ ལམ་སེལ་གྱི་མ་དངུལ་ཨེལ་ལོ་དང་ སི་ཨེལ་ལོ་ཟེར་མི་ཚུ་གིས་འགོ་འདྲེན་འཐབ་ནུག
སྤྱི་ལོ་༡༩༦༨་ལུ་དངུལ་རྩིས་བློན་པོ་ཆོས་རྒྱལ་གྱིས་དབུ་ཁྲིད་མཛད་དེ་ ཕུན་ཚོགས་གླིང་དང་ཐིམ་ཕུག་ལུ་དངུལ་ཁང་རེ་གཞི་བཙུགས་འབད་ཞིན་ན་ལས་ རྒྱ་གར་གྱི་ཤོག་དངུལ་ལག་ལེན་འཐབ་ཡོདཔ་ཨིན་རུང་ འབྲུག་པའི་་ཏི་རུ་ཐ་ལ། མ་ཀྲམ། ཟངས་ཀྲམ་ཚུ་དེ་བསྒང་ལས་ཡོདཔ་ཨིན་པས།
དུས་དེ་བསྒང་ད་རིས་ནངས་པ་བཟུམ་སྦེ་ མི་ངོམ་རེ་རེ་བཞིན་གྱིས་ ཚོང་འབྲེལ་གྱི་དོན་ལུ་གསོག་འཇོག་དང་ བསྐྱིན་འགྲུལ་བཙུགས་སྲོལ་མེདཔ་ལས་ སྒེར་གྱི་མ་དངུལ་འཛིན་སྐྱོང་འཐབ་སྲོལ་མེད་རུང་ གཞུང་གི་མ་དངུལ་ཚུ་བདག་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༧༢་ལས་ཚུར་ འབྲུག་རང་དབང་གི་ཤོག་དངུལ་བཏོན་ནི་འགོ་བཙུགས་ཡོད་རུང་ ད་ལྟོའི་བར་ན་ཡང་ འབྲུག་པའི་དངུལ་གྱི་གནས་ཚད་འདི་ རྒྱ་གར་གྱི་རུ་པི་དང་འདྲན་འདྲ་ཡོདཔ་ཨིན།

འབྲུག་རྒྱལ་བཞི་པ་མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ གསེར་ཁྲི་མངའ་གསོལ་ཞུ་བའི་དུས་ཚོད་དང་བསྟུན་ཏེ་ སྤྱི་ལོ་༡༩༧༤་ལོར་ དངུལ་རྩིས་རྒྱལ་ཚབ་ མི་དབང་ཨ་ཞེ་བསོད་ནམས་ཆོས་སྒྲོན་དབང་ཕྱུག་གིས་ཁྲི་འཛིན་མཛད་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་འགོ་བཙུགསཔ་དང་གཅིག་ཁར་ འབྲུག་པའི་ཤོག་དངུལ་གཅིག་ལོར། ལྔ་ལོར། བཅུ་ལོར། གཅིག་བརྒྱ་ལོར་ཚུ་ འགོ་དང་པ་སྤར་བསྐྲུན་འབད་དེ་ བསྡོམས་དངུལ་ཀྲམ་འབུམ་༥༠འི་ཤོག་དངུལ་བཀྲམ་སྤེལ་འབད་ཡོདཔ་ཨིན་པས། རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་ཚད་ལེགས་ཤོམ་སྦེ་བཞག་ནིའི་དོན་ལས་ དངུལ་ལས་དབང་འཛིན་གྱི་སྲིད་བྱུས་གཙོ་བོ་ དངུལ་གྱི་གནས་ཚད་འཐོན་བསྐྱེད་ཅན་བཟོ་ནི་དང་ འབབ་ཁུངས་ལྡན་པ། སྤྱི་སྙོམས་གནས་ཚད་ཁར་བཞག་ཐབས། སྤར་བསྐྲུན་དབང་ཆ་སྐྱོང་ནི། གནས་གོང་གཏན་འཁེལ་བཟོ་ནི་ཚུ་གཙོ་བོ་བཏོན་ཏེ་  འབྲུག་རྒྱལ་ཁབ་ནང་ཡོད་པའི་ དངུལ་ཁང་དང་ དངུལ་རྩིས་དང་འབྲེལ་བ་ཅན་གྱི་ ལས་ཁུངས་ཆ་མཉམ་གྱིས་འགོ་འདྲེན་འཐབ་ནི་འདི་ཨིན་མས། སྔོན་གྱི་དུས་ལུ་ དངུལ་ཤོག་ཚུ་སྤར་བཏབ་པའི་སྐབས་ གསེར་གསོ་འཇོག་འབད་དེ་ གསེར་གྱི་གནས་ཚད་དང་འཁྲིལ་ཏེ་ དངུལ་ཤོག་བཀྲམ་སྤེལ་འབད་བའི་སྲོལ་ཡོད་རུང་ ད་རིས་ནངས་པར་གསེར་གསོན་འཇོག་འབད་དགོཔ་མེད་རུང་ དངུལ་ཤོག་སྤར་བསྐྲུན་འབད་དེ་མ་བཀྲམ་པའི་གོང་ལས་ བཀྲམ་ནི་ཨིན་པའི་དངུལ་ཤོག་གི་གནས་ཚད་དང་འདྲ་འདྲའི་ མ་དངུལ་གསོན་འཇོག་འབད་དགོ་མི་འདི་ གནས་ཚད་མི་ཉམས་པའི་དོན་ལུ་ཨིན་མས། 
འབྲུག་གི་དངུལ་ཁང་དང་ རྒྱལ་ཡོངས་དངུལ་ཁང་། གོང་འཕེལ་དངུལ་ཁང་དང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ། རྒྱལ་གཞུང་ཉེན་སྲུང་ལས་འཛིན་དངུལ་ཁང་ཚུ་གིས་ བསྐྱིན་འགྲུལ་དང་གསོག་འཇོག་མ་དངུལ་གྱི་ཐོག་ལས་ མི་མང་གི་ཞབས་ཏོག་དང་འབྲེལ་བའི་ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཚད་གཞི་དང་ལམ་ལུགས་ཚུ་གཅིག་མཚུངས་ དྲང་བདེན་གཡོ་མེད་ཐོག་ ལག་ལེན་འཐབ་བཅུག་པའི་དབང་ཆ་ཚུ་ཡང་ དབང་འཛིན་གྱི་ཁ་ཐུག་ལས་མཛད་དོ་ཡོདཔ་ལས་ ད་ལྟོ་དབང་འཛིན་དེ་ནང་མདོ་ཆེན་བརྩིས་ཏེ་ ལས་བྱེད་པ་༡༧༧་དེ་ཅིག་ཡོདཔ་ཨིན་མས།
ད་ལྟོ་ཡོད་པའི་དངུལ་ཁང་ཚུ་ གཞི་བཙུགས་མ་འབད་བའི་ཧེ་མ་ འབྲུག་བཟའ་སྤྱོད་ལས་ཁུངས་ཀྱི་ཁ་ཐུག་ལས་ གྲོང་གསེབ་ཁར་བསྐྱིན་འགྲུལ་གནང་སྲོལ་ཡོདཔ་ཨིན་པས། དེ་གི་ཤུལ་ལས་སྐྱིད་སྡུག་གི་བསྐྱིན་འགྲུལ་ཟེར་ སྤྱི་ཚོགས་ཡན་ལག་ ཡུ་ཨེན་སི་དི་ཨེཕ་གིས་མ་དངུལ་གནང་སྟེ་ གྲོང་གསེབ་མི་སེར་ཚུ་གི་ཕན་ཐབས་ལུ་ བསྐྱིན་འགྲུལ་གནང་སྲོལ་ཡོད་མི་དེ་ཡང་ གཙོ་བོ་ར་ སོ་ནམ་དང་སྒོ་ནོར་གོང་འཕེལ་གཏང་ནིའི་དོན་ལུ་ བསྐྱིན་འགྲུལ་ཆེ་འབྲིང་ཆུང་གསུམ་སྦེ་གནང་། དེ་ལས་ཚུར་རིམ་པ་བཞིན་དུ་ རྒྱལ་ཁབ་ནང་ཡོད་པའི་དངུལ་ཁང་གི་རིགས་ཆ་མཉམ་ལས་ མི་སེར་ལུ་བསྐྱིན་འགྲུལ་གནང་སྲོལ་འགོ་བཙུགས་ཏེ་ རང་སའི་བདོག་གཏད་དང་འཁྲིལ་ཏེ་ བསྐྱིན་འགྲུལ་གྱི་རིམ་པ་ལེ་ཤ་ཅིག་ཐོབ་སྲོལ་ཡོད་མི་ཡང་ བཟོ་གྲྭ་འཕྲུལ་ཁང་གསར་བཙུགས་ཀྱི་བསྐྱིན་འགྲུལ། ཁྱིམ་རྐྱབ་ནི་གི་བསྐྱིན་འགྲུལ། སྣུམ་འཁོར་དང་འཕྲུལ་ཆ་ཉོ་ནི་གི་བསྐྱིན་འགྲུལ། ཤེས་ཡོན་སྦྱངས་ནི་དང་ སློབ་སྦྱོང་གི་བསྐྱིན་འགྲུལ། ཚོང་ལཱ་འགོ་བཙུག་ནིའི་བསྐྱིན་འགྲུལ། གཞུང་གཡོག་པའི་ཐོབ་ལམ་བསྐྱིན་འགྲུལ་ཚུ་རྩིས་ཏེ་ སྐྱིན་འགྲུལ་གྱི་རིགས་མ་འདྲཝ་ལེ་ཤ་ཅིག་གནང་སྟེ་ མི་སྡེའི་འོང་འབབ་ཡར་སེང་བཏང་ཐོག་ལས་ རྒྱལ་ཁབ་དཔལ་འབྱོར་གོང་འཕེལ་སོང་སྟེ་ཡོདཔ་ཨིན་པས་ཟེར་ཞུ་ནི་ཨིན།།

%d bloggers like this: