གཉེན་གྲོགས་སྡོམ་སྲོལ།


འབྲུག་ལུ་ ཕམ་དང་ཕམ་མཐུན་ལམ་ཡོད་པ་ཅིན་ རང་གི་བུ་གཞི་ཨ་ལུ་སྦེ་སྡོད་པའི་བསྒང་ལས་ ཆུང་གཉེན་བཏགས་ཏེ་ སྦོམ་འགྱོཝ་ད་ གཉེན་སྦྲགས་སྲོལ་ཡོདཔ་ཨིན་རུང་། ཡུན་མ་རིངམ་ལས་ ལ་ལུ་ཅིག་རང་གི་ཁམས་དང་ ཕར་ལོགས་མའི་ཁམས་འགྲིག་མ་ཚུགས་པར་ བཟའ་ཚང་ཁ་བྱལ་དོ་ཡོདཔ་ཨིན།
ཕམ་ལ་ལུ་ཅིག་གིས་ རྒྱུ་ནོར་ལོངས་སྤྱོད་ རང་ལས་དྲག་པའི་བུ་གཞི་ཚུ་ རང་གི་བུ་གཞི་དང་ཅིག་ཁར་ གཉེན་གྲོགས་སྡོམ་ནིའི་དོན་ལུ་ སྤྱང་ས་བསྒྱུར་ཏེ་ ཕར་ལོགས་མའི་སེམས་གསོ་སྟེ་ བུ་གཞི་གཉིས་གཉེན་གྲོགས་སྦེ་སྦྲགས་དོ་ཡོདཔ་ཨིན་རུང་ མི་ཚེ་ཐར་བཀལ་ཚུགས་མི་ཉུང་སུ་ཅིག་ཨིན་པས།
དང་ཕུ་ད་རིས་ནངས་པ་བཟུམ་སྦེ་ གོང་འཕེལ་གྱི་ལས་སྣ་མ་བཀྲམ་ནི་འདི་གིས་ གཡུས་ཚན་གྱི་མཐའ་འཁོར་ལུ་ ནགས་ཚལ་བསུ་དོག་དྲགས་སྦེ་ཡོད་ནི་འདི་གིས་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་གནོདཔ་བཀལ་དོ་ཡོད་མི་སྲུང་ནིའི་དོན་ལུ་ ལས་སྒོ་སྦུག་ལུ་བཟོ་སྟེ་ཡོད་པའི་དོམ་ཁྱིམ་ནང་ བུམོ་ན་ཅུངམོ་ཚུ་ ཕྱི་རུ་ལོ་ཐོག་སྲུང་སྟེ་གཉིད་ཐལཝ་ད་ བུ་ཚུ་གཞོན་སྐྱེས་ཚུ་གིས་ཁུ་སིམ་སིམ་སྦེ་ དོམ་ཁྱིམ་ནང་བུ་མོའི་མལ་ཆ་ནང་འཛུལ་ཏེ་ འཇིག་རྟེན་གྱི་བདེ་བ་མྱོང་མི་འདི་གིས་ བུམོ་འདི་གཟུགས་ལུ་མ་བདེཝ་ཆགས་ཏེ་ ཆུ་ཚོད་གུ་ཞག་ ཞག་གུ་ཟླཝ་བརྩེགས་ཏེ་ ཚར་གཅིག་ལས་ཚར་གཅིག་ ཕོཝ་སྦོམ་སུ་འགྱོ་བའི་བསྒང་ལས་ ཕམ་སྤུན་ཆ་ཚུ་གིས་ ཧན་ས་ལས་བསྒོར་ཏེ་སླབ། དགྲ་བཀལ་ཏེ་སླབ་ཐོནམ་ལས་ ཐབས་ར་མེད་པར་ཨ་ལོའི་ཨ་པ་ངོ་བཏོན་པའི་བསྒང་ལས་ མང་ཤོས་ཅིག་གཉེན་གྲོགས་སྡོམ་སྲོལ་ཡོདཔ་ཨིན་པས།
འཇིག་རྟེན་པའི་དཔྱེ་གཏམ་ལུ། བརྩེ་མིག་གཞི་མཐུན་པ་ལེགས་མི་དགོ། །ལས་གནམ་བསྐོས་ཡོད་པར་སྦྲགས་མི་དགོ། །ཟེར་དོ་བཟུམ་སྦེ་ ཚེ་སྔོན་གྱི་ལས་འཕྲོ་དང་ ཚེ་ད་ལྟོའི་རྐྱེན་གྱིས་ གཅིག་གིས་གཅིག་ མཐོང་ལོང་མེད་པ་སེམས་ཆགས། སེམས་ཆགས་ལོང་མེད་པ་གཉེན་རྐྱབ་ནིའི་རེ་བ་བརྒྱ་དང་སྟོང་སྦེ་ཡོད་རུང་ ཕམ་དང་ཕ་མའི་བར་ན་མཐུན་འབྲེལ་ཡོད་མེད། རིགས་རུས་ཀྱི་མཐོ་དམན། ཕྱུགཔོ་དང་སྤྱང་ཀའི་ཁྱད་པར་བལྟ་སྟེ་ བུཚ་གི་དགའ་བའི་འདུ་ཤེས་ གནམ་བྱཱར་གྱི་ཆརཔ་བཟུམ་ཟིམ་ཟིམ་སྦེ་ མདངས་ཆེ་བའི་གསེར་ཤོག་མེ་ཏོག་གུ་བབ། བུ་མོའི་བརྩེ་བ་མེ་ཏོག་གི་ཟེའུ་འབྲུ་ཁ་གྱེས་པའི་སྐབས་ རྣམ་རྟོག་མེད་པའི་རྐྱེན་ངན་རླུང་འཚུབས་ཀྱིས་ ཆརཔ་བཅད་དོ་བཟུམ་སྦེ་ མནོ་བའི་ཤིང་ཁར་བསམ་པའི་བྱ་འཁོར་མ་ཚུགས་པར་ ཕམ་གིས་གཉེན་གྲོགས་སྡོམ་པ་ཅིན་སྟབས་མ་འགྲིག་པའི་ལོ་རྒྱུས་འཐོན་པའི་བསྒང་ལས་ རང་གི་དགའ་མི་དང་ཅིག་ཁར་སྡོད་མ་ཚུགས་ནི་འདི་གིས་ སེམས་ཤི་སྟེ་ རང་སྲོག་བཅད་མི་ཡང་ཐོནམ་ཨིན་པས།

གདོང་ཤོག

 

%d bloggers like this: