ངེའི༌མི༌རྒྱུད།


ངེའི་ཨ་མའི་ཨའི་དཀོན་མཆོག་བཟང་མོའི་ཨ་པ་ཕུན་ཚོགས་རྡོ་རྗེ་དེ་ གཞལ་སྒང་རྫོང་ཁག་ བུ་ལི་གཡུས་ཚན་ནང་ལས་ཨིནམ་ཚད་ བུ་ལི་པངྨའི་མི་བརྒྱུད་ཨིན་པས། ཁོ་ར་ཚེ་སྟོད་ལུ་ གཡུས་ཁའི་གོ་ཤེས་ཉན་ཤེས་ཅིག་དང་ ཁ་དབང་ཁ་ཤུགས་ཡོད་མི་ཅིག་སྦེ་ཆ་བཞགཔ་ཨིན་རུང་ སེམས་ཅན་གྱི་ལས་དབང་གིས་ དེ་སྐབས་འབྲུག་རྒྱལ་ཁབ་ནང་ དཔོན་གཡོག་གི་བར་ན་མ་འགྲིགཔ་བྱུང་པའི་ནམ་དུས་འབད་ནི་འདི་གིས་ རང་སོའི་དཔོན་གྱི་ཕྱོགས་བཟུང་སྟེ་ བྱེལཝ་ལངས་པའི་སྐབས་ བུ་ལིཔ་མང་ཤོས་ཅིག་གཞི་སྤོ་སྟེ་ དར་དཀར་ལུང་ཕྱོགས་ཀྱི་ས་གནས་ འབྲུག་རྗེས་སྒང་ལུ་གཞིས་ཆགས་པའི་སྐབས་ ཨ་རྒས་དང་ཨ་རྒས་ཀྱི་ཉེ་ཚན་ཚུ་ཡང་དེའི་གྲས་ཁར་ཡོདཔ་ཨིན་པས།

ཨིན་རུང་ སྐྱེ་བ་སྔོན་མའི་ལས་དང་ ཚེ་ད་ལྟོའི་རྐྱེན་ཅིག་གིས་བསྐུལ་ཏེ་ བ་ལིཔ་ཕུན་ཚོགས་རྡོ་རྗེ་དེ་ གཞུང་ལུང་པ་སྤུངས་ཐང་ཁར་ལྟོ་གཟན་བཏང་སྟེ་ འབོད་སྦེ་ཕྱག་ཞུ་སྡོད་པའི་སྐབས་ ཚེ་སྔོན་ལས་ཀྱིས་འབྲེལ་བའི་གཉེན་གྲོགས་ཅིག་དང་ཕྱད་དེ་ ཡུན་མ་རིངམ་ལས་ ཨང་རྒས་དཀོན་མཆོག་བཟངམོ་སྐྱེས་ནུག
དེ་ལས་ཨང་རྒས་དཀོན་མཆོག་བཟངམོ་ སྐྱེས་ལོ་༢༡དེ་ཅིག་ལུ་ ཨ་མེད་ཨུ་མེད་སྦེ་ན་སྟེ་ སེམས་ཡང་གནས་པ་མེད་པ་ གར་ལྷོད་འགྱོ་ནི་འདི་གིས་ མེ་དང་ཆུ་བྱག་གུ་ལས་རྦབ་རིལ་འོང་ཟེར་བའི་ཚ་གྱང་ལངས་ཏེ་ ཨ་པ་ཕུན་ཚོགས་རྡོ་རྗེ་དང་ སྤུན་ཆ་སྦོམ་ཤོས་སྐུ་བགྲེས་མི་རྡོག་གཉིས་མ་གིས་ ཡུདཔ་ཐེངས་ཅིག་ཡང་ཁ་འབྱལ་མེད་པར་བདག་འཛིན་འཐབ་ནུག།
10382869_1397786273841241_219140843370182805_n_005ཨང་རྒས་དཀོན་མཆོག་བཟང་མོའི་སྤུན་ཆ་སྦོམ་ཤོས་ སྐུ་བགྲེསཔ་མི་རྡོག་གཉིསམ་ཟེར་མི་དེ་ཡང་ སྐྱེས་ལོ་༧ལུ་ གཞུང་གྲྭ་ཚང་ནང་ལུ་དགེ་སློང་ནང་འཛུལ་ཏེ་ གདན་ས་སྤུངས་ཐིམ་གཉིས་ལུ་ སྒྲིག་རྒྱུགས་ཏེ་སྡོད་པའི་སྐབས་ དགེ་སློང་ཚུ་གིས་ གཡུས་མི་ག་དེམ་ཅིག་ཡོད་ཟེར་དྲིཝ་ད་ མི་ཕུད་རྡོག་༢ལས་བརྒལ་ཏེ་མེད་ཟེར་སླབ་ནི་འདི་གིས་ དེ་ལས་ཚུར་ མི་རྡོག་གཉིསམ་ཟེར་སླབ་སྲོལ་དར་ཁྱབ་ཡར་སོང་ཡོདཔ་མ་ཚད་ ཤུལ་མ་སྐྱེས་ལོ་༤༠ཞེ་གྲངས་ལུ་ སྐུ་དྲུང་གྲོལ་ཞིན་ན་ལས་ སྐུ་བགྲེསཔ་མི་རྡོག་གཉིསམ་ཟེར་བའི་མིང་སླབ་སྲོལ་དར་ཁྱབ་སོང་ནུག
ཨང་རྒས་དཀོན་མཆོག་བཟངམོ་དེ་ ལོ་ངོ་གཅིག་དེ་ཅིག་ ཙར་ཙི་རི་སྦེ་བདེ་ཏོག་ཏོ་ཅིག་མེད་རུང་ བླ་ཆེན་མང་རབས་ཅིག་གིས་ ཐུགས་བརྟག་གཟིགསཔ་ད་ ཇོ་མོའི་ལྷ་གཞི་ཨིནམ་སྦེ་འཆརཝ་ལས་བརྟེན་ གཙང་སྦྲ་ཁྲུས་ལུ་བརྟེན་ ལྷ་གཞི་རྒས་ཤོས་ཅིག་སློབ་དཔོན་སྦེ་བསྟེན་ཏེ་ ཇོམོ་གསོལ་ཐངས་ཀྱི་སྦྱང་བ་འབད་དེ་ སྦྱིན་བདག་གི་རེ་བ་དང་བསྟུན་ཏེ་ ཇོ་མོ་རེ་མ་ཏིའི་རྣམ་འཕྲུལ་ ཨ་ན་ཀུན་བཟང་སྒྲོལ་མ་ཟེར་མིའི་ལྷ་གཞི་ཆགས་ཏེ་ རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེདཔ་ལུ་ ཇོམོ་གསོལ་ཏེ་ སྦྱིན་བདག་གི་རྐྱེན་ངན་བར་ཆད་སེལ་ཡོདཔ་ཨིན་པས།
ཨིན་རུང་ ལ་ལུ་ཅིག་སེམས་ཁར་མ་བབ་པ་ རྒྱལ་པོའི་ཕྱག་གཡོག་གཟིམ་སྒརཔ་ཚུ་ལུ་ མ་བདེན་པའི་ལོ་རྒྱུས་སླབ་མི་དེ་ རིམ་གྱིས་མི་དབང་འབྲུག་རྒྱལ་༢་འཇིགས་མེད་དབང་ཕྱུག་མཆོག་གིས་སྙན་དྭངས་ཏེ་ ངེས་བདེན་ཨིན་མིན་གཟིགས་ནིའི་དོན་ལུ་ ཨང་རྒས་དཀོན་མཆོག་བཟངམོ་བུམ་ཐང་ལུ་འབོ་སྟེ་ གཟིམ་ཅུང་གི་གྱི་ཁུག་ནང་ལུ་ ཨོམ་དཀྲོག་ནིའི་དུམ་གུ་མལ་ཆ་གིས་སྤུར་སྦེ་ ནདཔ་འཚུབ་དྲགས་ཨིན་རྫུས་བཏབ་བཞག བཅའ་འགྲིག་ཚུ་མ་བཏུབ་བཏུབ་སྦེ་ཚུདཔ་ཅིག་ ཇོམོ་གསོལ་ནི་འགོ་བཙུགས་རུང་ དང་པ་ལྷ་ཞུགས་ནི་མེདཔ་མ་ཚད་ གཉིས་པ་ནདཔ་འདི་ལུ་རྣམ་ཤེས་མེད་པའི་བོན་པོ་ཨིནམ་སྦེ་ཁ་ལུ་ཞུགས་ནི་འདི་གིས་ ཇོམོ་ཨིན་པའི་ཡིད་ཆེས་བྱུང་ནུག
དེ་ལས་བར་སྐབས་ཅིག་ཁར་ མགར་ས་རྫོང་ཁག་དགོན་ལས་ཨིན་མི་ དགེ་བགྲེས་ཁ་དམརཔོ་ཟེར་མི་དེ་ ཞབས་དྲུང་འཇིགས་མེད་རྡོ་རྗེ་གཟིམ་དཔོན་ནངམ་སྦེ་ཕྱག་ཞུ་སྡོད་པའི་སྐབས་ ཨང་རྒས་དཀོན་མཆོག་བཟངམོ་དང་འབྲེལ་བ་མང་སུ་བྱུངམ་ལས་བརྟེན་ ངེའི་དྲིན་ཅན་ཨའི་དཔལ་ལྡན་བཟངམོ་ ཡོངས་གྲགས་ལུ་ཨ་ཎེ་ཟླ་བ་ཟེར་མི་དེ་ གནམ་ལོ་ཆུ་སྤྲེལ་ སྤྱི་ལོ་༡༩༣༢ལུ་ སྤུ་ན་ཁ་རྟ་ལོག་གཡུས་ཚན་ནང་སྐྱེས་ཡོདཔ་ཨིན་པས། སྤུན་ཆ་སྦོམ་ཤོས་བུ་སངས་རྒྱས་དང་ བུམོ་གཉིས་སྐྱེས་ཡོད་པའི་གྲས་ལས་ ངེའི་ཨ་མ་དཔལ་ལྡན་བཟངམོ་འདི་སྤུན་ཆ་ཆུང་ཤོས་ཨིན་པས།
ངེའི་ཨ་རྒས་ཁ་དམརཔོ་དེ་ དགེ་སློང་ནང་ལས་དགོངས་ཞུ་འབད་དེ་ ཞབས་དྲུང་འཇིགས་མེད་རྡོ་རྗེའི་གཟིམ་དཔོན་ནངམ་སྦེ་ཕྱག་ཞུ་སྡོད་པའི་སྐབས་ ཨ་རོགས་དགའ་རོགས་ཨམ་སྲུ་༥དེ་ཅིག་ཡོདཔ་ལས་ འཆལ་དྲགས་ཨིནམ་སྦེ་ལོ་རྒྱུས་སླབ་མི་འདི་བདེན་ཚོད་འདུག ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་ཤར་ནུབ་སྡེ་བཞི་ལུ་ ཕ་སྤད་སྤུན་ཆ་རྒྱགས་ཚད་ཡོད་ནི་འདི་གིས་ཧ་གོ་ཚུགས་པས།
ཁོ་ར་རྒན་གཞོན་རན་ཏོག་ཏོ་སྦེ་སྡོད་པའི་སྐབས་ རྟ་ལོག་གསང་སྔགས་ཆོས་གླིང་ལུ་ གཟིམ་དཔོན་ནངམ་འབད་ནི་འདི་གིས་ ཕྱི་རུ་ཆུ་ཚོད་༩དེ་ཅིག་ལུ་ ཞབས་དྲུང་འཇིགས་མེད་རྡོ་རྗེ་མཆོག་ལུ་ ཆུ་ཚན་དྲངས་ཚར་བའི་ཤུལ་ལུ་ ཁུ་སིམ་སི་སྦེ་ བྱ་ཁྱུང་དཀར་མོ་ལུ་ ཨ་ཎེམ་ཨ་རོགས་དགའ་རོགས་ཅིག་ཡོད་མི་དེ་ཕྱད་པར་འགྱོ་སྲོལ་ཡོདཔ་ཨིན་པས། ཆོས་རྗེ་ངག་དབང་དཔལ་དཀར་གྱི་གདན་ས་བྱ་ཁྱུང་དཀར་མོ་འདི་ སྤུངས་ཐང་ཁའི་རི་མགོར་ཙག་ཏོག་ཏོ་སྦེ་ཆགས་ཏེ་ཡོད་མི་འདི་ཨིནམ་ད་ རྟ་ལོག་ལས་སྤང་དཀར་པོ་བརྒལ་ཏེ་ ཁ་མར་གཞོལ་འཚམས་ཅིག་སྦེ་གདུང་ནག་ཉེ་བརྒྱུད་དེ་ གྲུབ་ཐོབ་ངག་དབང་བསམ་གཏན་གྱི་གདན་ས་ཡ་མུ་དགོན་པའི་གཡས་ཁ་ཐུག་ རི་མཐོ་དྲགས་ཅིག་གི་རྐེད་པར་ཆགས་ཏེ་ཡོད།
དེ་སྐབས་རྒྱལ་ཁབ་གོང་འཕེལ་གནམ་མེད་ས་མེད་མ་སོང་ནི་འདི་གིས་ ཕར་ཚུལ་ལམ་འགྲུལ་འབད་མི་གངམ་མེདཔ་ལས་ ལམ་ཚལ་མ་གིས་བསུབ་སྟེ་ཡོདཔ་མ་ཚད། དེ་བསྒང་ད་རིས་ནངས་པ་བཟུམ་སྦེ་འཕྲུལ་མེ་ཡང་མེད་ནི་འདི་གིས་ རྣམ་རྟོག་ནུབ་མོ་མིག་གིས་མ་མཐོང་པའི་ཁར་ གཅན་གཟན་འཁྱམས་སའི་ས་ཁོངས་ཅིག་ཨིནམ་ལས་ ཚེ་སྲོག་ལུ་ཉེན་ཁ་སྦོམ་ཡོད་རུང་ འདྲོགཔ་དང་འཚེར་བ་ག་ནེ་ཡང་མེད་པར་ མར་ཀྲིང་སྲང་༣ལྷགཔ་ཅིག་ཤོང༌པའི༌ཟངས་ཀྱི་ལ་ཝང་བཏེག་ཏེ་ དུས་ཡུན་ཆུ་ཚོད་༣མ་ལངམ་ཅིག་འགོར་བའི་ས་གནས་ བྱ་ཁྱུང་དཀར་མོ་དགོན་པར་འགྱོ་སྲོལ་ཡོདཔ་ཨིན་པས། ལ་ཝ་སག་མི་ཁ་དམརཔོ་ཨིནམ་ལས་ མིང་དང་སྦྲགས་ཏེ་ལ་ཝ་ཁ་དམརཔོ་ཟེར་ཐོ་བཀོད་ནང་ཚུད་སོངམ་ལས་ རྟ་ལོག་གཙུག་ལག་ཁང་ལུ་ རྫོང་དཔོན་རྩིས་སྤྲོད་ཀྱི་སྐབས་ལུ་ ལ་ཝ་ཁ་དམརཔོ་ཟེར་ཆ་བཞག་གི་ཁྲམ་ནང་འཐོན་ནི་ཡོད་མི་འདི་ཨིན་པས།
ང་བཅས་ར་འབྲུགཔ་མང་ཤོས་ཀྱིས་ ལུས་སེམས་སྐྱེས་པའི་དྲིན་ཅན་མ་ལུ་ ཨའི་ཟེར་ཞུ་དོ་ཡོདཔ་ཨིན་རུང་ ང་རང་དྲནམ་ཚོརཝ་ཅིག་ལས་ར་ ཨའི་ལུ་ཨ་མ་ཟེར་ཞུཝ་ཨིནམ་ལས་ དེ་ནང་ཡང་ཨ་མ་ཟེར་ར་བྲིས་ཏེ་ཡོད། ང་བཅས་ཀྱི་བཟའ་ཚང་ནང་ ཕམ་མང་ཤོས་ར་བླམ་ཆོསཔ་ཨིནམ་ལས་བརྟེན་ཏེ་ ཨ་མ་མོ་ར་ན་ཅུངམོ་སྦེ་སྡོད་པའི་བསྒང་ལས་ ནང་པའི་ཆོས་ཀྱི་འབྲི་ལྷག་ཤེས་ཡོན་ལྷབ་ཡོདཔ་མ་ཚད་ སྐྱེས་ལོ་༡༦དེམ་ཅིག་ལས་ཨ་ཎེམ་ནང་འཛུལ་ཏེ་ ཨ་ཎེ་སློབ་དཔོནམོ་དཔལ་སྒྲོན་གྱི་ཕྱག་ཞུས་ཏེ་  ཆོས་སྤྱོད་ཀྱི་རིམ་པ་བློར་བཟུང་ཡོདཔ་ཨིན་པས།
དེ་ལས་སློབ་དཔོནམོ་དཔལ་སྒྲོན་ལུ་ སྟབས་བདེཝ་ཅིག་བྱུངམ་ལས་བརྟེན་ སྐྱེས་ལོ་༡༩ལུ་ ཐིམ་ཕུག་ཐ་བྲག་དགོན་པ་ལས་བྱོག་སྟེ་ སློབ་དཔོན་མོའི་ཕྱག་ཞུས་ཏེ་ ཆོས་གྲོགས་ཅིག་དང་མཉམ་གཅིག་ ལ་བརྒལ་ལུང་སྤུབས་ཏེ་ཀུར་སྟོད་ལུ་སོང་ནུག དེ་བསྒང་ཤར་ཕྱོགས་ཁ་ཐུག་ལུ་ སྣུམ་འཁོར་ལམ་མེདཔ་ལས་ བཀབ་གོ་ལ་དང་རྒྱགས་སྐྱེས་ཚུ་ སྒལ་པར་འབག་སྟེ་ རྐང་སྟོང་སྦེ་དཀའཝ་སྤྱད་དེ་ ཀུར་སྟོད་དུང་དཀར་ལུ་ལྷོད་ནུག

ཨ་ཎེ་སློབ་དཔོནམོ་དཔལ་སྒྲོན་དང་ དེ་སྐབས་བྱང་ཆུབ་གླིང་ལུ་བཞུགས་ཡོད་མི་ བླམ་བསོད་ནམས་བཟང་པོ་སྐུ་ཉེ་ཨིནམ་ལས་ ག་ཅིའི་ཐད་ལས་འབད་རུང་སྟབས་བདེ་ཏོག་ཏོ་སྦེ་སྡོད་པའི་སྐབས་ གཞུང་གྲྭ་ཚང་གི་མཁས་དབང་ལམ་དཔོན་བགྲེསཔ་སངས་རྒྱས་རྡོ་རྗེ་མཆོག་ཡང་ སྐུ་མཚམས་ལུ་བཞུགས་ཡོདཔ་ལས་ ཞབས་སར་བཅར་ཏེ་ ཕྱག་ཆེན་གྱི་ཁྲིད་ལུང་ཞུ་ཡོདཔ་ཨིན་པས།
ཨང་རྒས་དཀོན་མཆོག་བཟངམོ་འདི་ ་ནུབ་ཕྱོགས་ལུ་ ཇོ་མོ་སྐད་གྲགས་ཅན་ཅིག་འབད་ནི་འདི་གིས་ སྤུངས་ཐང་་ཁ་དང་དབང་འདུས་ཀྱི་ལུང་ཕྱོགས་ནང་ སྦྱིན་བདག་མང་རབས་ཡོད་མི་ཚུའི་རྐྱེན་སེལ་གྱི་དོན་ལུ་ ཇོམོ་གསོལ་སྲོལ་ཡོདཔ་བཟུམ་སྦེ་ ཉི་ཟེར་སྒང་ལུ་ཇོམོ་གསོལ་བའི་ཡོན་སྦེ་ སྐྱབས་རྗེ་ཉི་ཟེར་སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ་མཆོག་གི་ཞབས་ལས་ བ་ཐངམ་ཅིག་གནང་ཡོད་མི་དེ་ རྟ་ལོག་ལུ་འཁྱིད་དེ་གསོ་རུང་ དེའི་རྟིང་ཤུལ་བདའ་གཟའ་རྒྱུགས་ཏེ་ དྲིན་ཅན་ཨ་མ་ཟླ་བ་སྐྱེས་ལོ་༢༡ལུ་ གཟེར་ནད་ཕོག་སྟེ་ གཟུགས་སྟོབས་ཉམས་པའི་སྐབས་ ཨང་རྒས་ཀྱིས་ཐབས་རིམ་འགྲོ་ག་དེ་ཅིག་འབད་རུང་ རྩ་ལས་དྲག་ནི་མེད་རུང་ དེ་སྐབས་རྟ་ལོག་ཁྱིམ་སྦོམ་ནང་བཞུགས་ཡོད་མི་ ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་བཅོ་ཁ་གནངམ་ད་ དུམ་གྲ་ཅིག་བདེ་ཏོག་ཏོ་སོང་ནུག

ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་ དང་པ་སྔོན་གྱི་ལས་འབྲས་རྒྱ་ཆེ་ གཉིས་པ་ཨ་མའི་འབད་གཞག་ཐུགས་ཁར་བབ་སྟེ་ ཡུན་མ་རིང་པར་ སྤང་དཀར་པོ་གླིང་ཀ་ན་ ང་བཅས་ཀྱི་མཚམས་ཁང་ནང་ལུ་བཞུགས་པའི་སྐབས་ ཨ་མ་གིས་ལུས་ངག་ཡིད་གསུམ་ཕུལ་ཏེ་ ཕྱག་ཕྱིད་ཞབས་ཏོག་ཅི་ལྕོགས་གང་ལྕོགས་ཞུ། མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ་མཆོག་གིས་ཡང་ སེམས་ཀྱི་གནས་ལུགས་ཀྱི་བརྡ་སྤྲོད་གནང་ནུག
ཨ་མ་མོ་ར་དམ་པའི་ཆོས་ཡང་དག་ཅིག་འབད་མ་ཚུགས་རུང་ བུད་མེད་ཤེས་རབ་རང་བཞིན་ལ། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ མོ་གིས་ཐབས་ཤེས་ལུ་བརྟེན་ མཁས་དབང་ལམ་དཔོན་སངས་རྒྱས་རྡོ་རྗེ་མཆོག་ སྤང་དཀར་པོ་བཞུགས་ཡོད་ནི་འདི་གིས་ ལུང་ཕྱོགས་ཁག་ལས་ དད་དམ་ཅན་གྱི་བླ་སློབ་མང་རབས་ཅིག་ ཞབས་སར་ཆོས་ཞུ་བར་བཅར་མི་ཚུ་གིས་ ཤུལ་ལས་བསྟན་འགྲོ་ལུ་ཕན་ཐོགས་བྱུང་ནུག།
ངེའི་ཨ་མ་ཟླ་བ་དེ་ མི་སྡེའི་ནང་ལུ་ ལྕོགས་གྲུབ་ཅན་དང་ ག་ཅི་ར་འབད་རུང་འཇོན་དྲགས་ཅིག་སྦེ་ཆ་བཞག་མི་དེ་ཡང་  ཁྱིམ་མཚེས་ཀྱི་ཨ་ལོ་གསར་སྐྱེས་ཚུ་གི་དོན་ལུ་ འབུམ་ཆུང་ལྷག ཟློག་ཚེ་སྒྲུབ་བསག ཉིན་མ་འདི་ཕར་བཞག་ ཕྱི་རུ་ཉལ་ཚར་རུང་ ལོང་སྟེ་ནདཔ་ཚུའི་དོན་ལུ་མོ་བཏབ་སྟེ་ གདོན་བཅོས་ཡང་ མོ་རང་གིས་ར་བསྐྱེལ་ཏེ་ གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་དང་ལྡན་མི་ཅིག་ཨིན། བླ་སློབ་མང་རབས་ཀྱི་ཕྱག་ལས་བརྒྱུད་པའི་བྱིན་རླབས་དམ་རྫས་དང་ རིལབུ་ཚུ་ཕན་སེམས་བསྐྱེད་དེ་བྱིན་མི་འདི་གིས་ དེ་འཕྲལ་ལས་ནད་ལས་དྲགཔ་ལས་ ག་ར་གིས་བརྩི་མཐོང་བསྐྱེདཔ་ཨིན། IMG_20151103_211451
ད་རེས་ནངས་པ་བཟུམ་སྦེ་ དེ་བསྒང་རྟ་ལོག་གཡུས་ཚན་ནང་ལུ་ རླུང་མ་མེ་ཁུ་བཟོ་ཚུགས་མི་གངམ་མེད་པའི་སྐབས་ མེ་ཁུ་བཟོ་མི་ལག་སྦྱང་ཆེ་ཤོས་ཅིག་ ངེའི་ཨ་མ་ཨིནམ་ལས་ ལོ་མཆོད་རན་པའི་བསྒང་ལས་ གཞན་གྱི་སེམས་བསད་མ་ཧུམ་པར་ དལ་ཁོམ་མེད་པར་ག་དྲགས་སྦེ་སྡོདཔ་ཨིན། 
ངེའི་ཨ་མ་འདི་ ཡོན་ཏན་སྣ་ཁག་ཚང་མི་ཅིག་ཨིནམ་ད། དེའི་གྲས་ལས་སྐྱ་བཏོག་ནི་དང་ ཚེམས་རྐྱབ་ནི་ལག་སྦྱང་ཡོདཔ་ལས་ གཡུས་ཁའི་ཁྱིམ་མཚེས་མང་ཤོས་ཅིག་ སྐྱ་བཏོག་པར་འོང་སྲོལ་ཡོད། མོ་རང་ལུ་ནཝ་ཚཝ་བྱུང་སྟེ་ མ་པ་ལས་ར་ལོང་མ་ཚུགསནི་མ་ཤེས་ དེ་མིན་པ་ཅིན་ ཡུདཔ་ཐེངས་ཅིག་ཡང་དལཝ་སྦེ་སྡོད་ནི་མེད་པ་ ཁྱིམ་གྱི་ནང་ན་དང་ཕྱི་ཁར་ ཁབ་བུད་སོང་རུང་མིག་གིས་མཐོངམ་སྦེ་ ཕྱག་བརྡར་རྐྱབ་སྟེ་ ཧིང་སངས་ས་སྦེ་སྡོད་དགོ་མི་ཅིག་ཨིན། ང་རང་སྐྱེས་ལོ་༨དེ་ཅིག་སྦེ་སྡོད་པའི་བསྒང་ ད་རིས་ནངས་པ་བཟུམ་སྦེ་གྱིབ་ཀྱིས་བཟོ་བའི་ཕྱགས་སྙིགས་དབོགས་ས་མ་འཐོན་རུང་ ཆུ་དབོགས་སའི་གྱི་དམ་གྲས་ཏེ་ ཕྱགས་སྙིགས་དབོགས་བཟོ་ཡོད་མི་འདི་ལུ་ ཁྱིམ་མཚེས་ཆ་ཁྱབ་ཧ་ལས་ཏེ་ ག་ར་གིས་དཔྱེ་བཞག་ས་ཅིག་དང་ ཆ་བཞག་ས་ཅིག་ཨིན།
ཨ་མ་ཟླ་བ་ལུ་ ཚེ་འདི་ཕྱི་གཉིས་ཀྱི་ལམ་སྟོན་གནང་མི་ མཁས་དབང་ལམ་དཔོན་སངས་རྒྱས་རྡོ་རྗེའི་བཀའ་དྲིན་ལས་ ཚེ་སྟོད་ལུ་ མི་ཚེ་འཚོ་སྐྱོང་གི་དོན་ལུ་དཀའཝ་གནམ་མེད་ས་མེད་མ་སྤྱད་རུང་ ཚེ་སྨད་ལུ་ བཟའ་ཚང་ནང་ལུ་ གྲོགས་རམ་དང་རྒྱབ་སྐྱོར་འབད་མི་འདི་ཨིན་ཟེརཝ་ཅིག་ག་ཡང་མེདཔ་ལས་ བཟའ་འཐུང་དང་བཀབ་གོ་ལ་མོ་རང་གིས་འཚོལ་མཁོ་འཐབ་དགོ་ནི་འདི་གིས་ ཟ་ཆས་དང་ཉེ་བར་མཁོའི་ཅ་ཆས་ཀྱི་རིགས་ཚུ་ སྐོར་ཆ་མཁས་དྲགས་ཀྱི་གྲས་ཁར་བརྩིསཝ་ཨིན། ཁྱིམ་ནང་ལུ་ཅ་ལ་བཞག་ཐངས་ཚུ་ཡང་ ག་མནོ་གུ་མནོ་སྦེ་ག་ཐོབ་སར་མིན་པར་ ཐོབ་ཐངས་དང་འཁྲིལ་ཏེ་ ཀྲིག་ཀྲི་སྦེ་བཞག་དགོ་མི་ཅིག་ཨིན།

20180321_200356ཨ་མ་ཟླ་བ་སྐྱེས་ལོ་༣༠་ལུ་ བུ་སྦོམ་ཤོས་ ངེའི་ཕོ་རྒནམ་རིག་འཛིན་རྒྱལ་མཚན་སྐྱེས་ནུག སྐྱེས་ལོ་༥ལངམ་ད་ གཞུང་གྲྭ་ཚང་ནང་ མཚན་འཛིན་བཀོད་དེ་དགེ་སློང་འཛུལ་ཡོདཔ་ཨིན།
དཀྱིལ་ཆོག་གི་ཕྱག་ལེན་ག་ར་འགོ་མཇུག་འདྲོངས་ཏོག་ཏོ་སྦེ་ལྷབ་ནི་འདི་གིས་ ཆོ་གུའི་གྱལ་ཁར་ལཱ་ཆ་ག་ཅི་བཤེད་དགོ་རུང་ གཅིག་ཁྱད་ཆོད་ཏོག་ཏོ་ཡོདཔ་མ་ཚད་ འཆམ་གྱི་ལེའུ་གསིག་དྲགས་དང་ མཉེན་ཁུ་ཆེ་བའི་མིང་གཏམ་འཐོན་ཡོདཔ་ཨིན།
ཨིན་རུང་སྔོན་མའི་ལས་འཕྲོ་རྫོགས་ཏེ་ སྐྱེས་ལོ་ ༢༥དེ་ཅིག་ལས་ གྲྭ་ཚང་ནང་ལས་དགོངསམ་ཞུས་ཏེ་ ཚེ་སྔོན་ལས་ཀྱིས་འབྲེལ་བའི་གཉེན་གྲོགས་སྡོམ་སྟེ་ བུ་གསེར་གྱི་རྡོ་སྟི་བཟུམ་གཉིས་སྐྱེས་ཏེ་ བཟའ་ཚང་དགའ་སྐྱིད་སྐྱོང་མ་ཚུགསཔ་ཅིག་གི་བར་ན ་སྐྱེས་ལོ་༣༧ལུ་ ཚེ་སྔོན་གྱི་ལས་དང་ ད་ལྟོའི་རྐྱེན་གྱིས་ མི་ཚེ་རྫོགས་སོ་ཡི།
བུ་སྦོམ་ཤོས་ཀུན་བཟང་དབང་ཕྱུག་འདི་ ཤོ་མཉམ་གཡུས་ཀྱི་འགྲོ་ལུགས་དང་བསྟུན་ཏེ་ ལོ་ན་ཆུང་ཀུ་བསྒང་ལས་ ཧ་པའི་ལྡིང་སློབ་གྲྭ་ནང་བཙུགས་ཏེ་ ཤེས་ཡོན་སྦྱང་སྡོད་པའི་བར་ན་ སྔོན་གྱི་ལས་འཕྲོ་ཅིག་གིས་བསྐུལ་ཏེ་ རང་དབང་མེད་པར་ནང་པའི་ཆོས་ལུ་དད་མོས་བསྐྱེད་དེ་ དགེ་སློང་ནང་འཛུལ་ཏེ་ བདེ་ཆེན་ཕོ་བྲང་དང་ སེམས་རྟོགས་ཁ་དགེ་འདུན་སློབ་གྲྭ་ནང་སྒྲིག་རྒྱུག་སྟེ་སྡོད་ཅི། མཚམས་ཚོད་དུས་ཀྱི་རན་ ས་ཡང་སྦུག་ལས་གག།ཟེར་དོ་བཟུམ་སྦེ་ སངས་རྒྱས་བསྟན་པའི་ཞབས་ཏོག་དང་ ཕ་མའི་དྲིན་ལེན་འཇལ་ནི་འདི་ རྒྱུ་དང་སྦུངས་བ་འདི་ དམ་པའི་ཆོས་ཡང་དག་ཅིག་འབད་དེ་ སེམས་ཅན་ལུ་ཕན་ཐོགས་ནི་འདི་ཨིནམ་ལས་ བཤད་དང་སྒྲུབ་པའི་བསྟན་པ་ལུ་ཐོས་བསམ་སྒོམ་གསུམ་གྱིས་ཕྱག་ཞུ་ནིའི་རེ་འདོད་བསྐྱེད་དེ་ རྟ་མགོ་ཆེས་མཐོ་རིག་པའི་སློབ་ཁང་ནང་འཛུལ་ཏེ་ ད་རིས་ནངས་པ་འཛིན་གྲྭ་༩པར་སློབ་སྦྱོང་ལུ་སྦྱང་བརྩོན་འབད་བའི་བསྒང་ཡོདཔ་ཨིན། བུ་ཆུང་ཤོས་ཀུན་བཟང་ནོར་བུ་འདི་ སློབ་གྲྭ་ནང་འཛུལ་ཏེ་ སློབ་རིམ་༡༢པ་ཚུན་ལྷབ་པའི་ཤུལ་ལུ་ ལམ་སྟོན་པའི་སློབ་སྦྱོང་འབད་དེ་ཕྱག་ཞུ་བའི་བསྒང་ཡོད།

ཨ་མ་ཟླ་བ་སྐྱེས་ལོ་༣༧་ལུ་ བུ་ཆུང་ཤོས་ ང་རང་སྐྱེས་ནུག ང་རང་ནང་པའི་ཆོས་ལུ་དད་མོས་ཡོད་ནི་འདི་གིས་ རྒྱལ་ཁབ་ཕྱི་ནང་གཉིས་ལུ་ ཤེས་ཡོན་སྦྱང་ནིའི་གོ་སྐབས་ཐོབ་ཅི།
སྤྱི་ལོ་༡༩༩༠ལུ་སློབ་དཔོན་གྱི་སློབ་སྦྱོང་མཐར་འཁྱོལ་ཏེ་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་ནང་ སློབ་དཔོན་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ པངྨ་དགའ་ཚལ་གདུང་སྨིན་སློབ་གྲྭ་ནང་ཡང་སློབ་དཔོན་སྦེ་ཕྱག་ཞུ་ཡི། ཨིན་རུང་ང་རའི་དང་འདོད་དང་བསྟུན་ཏེ་སྤྱི་ལོ་༡༩༩༩༤ལུ་འབྲུག་རྒྱང་བསྒྲགས་ལས་འཛིན་ནང་འཛུལ་ཏེ་ ལས་རིམ་བཟོ་མི་དང་ལས་རིམ་གསལ་བཤདཔ་སྦེ་ཕྱག་ཞུ་བའི་ཤུལ་ལུ་ རྒྱང་མཐོང་འགོ་བཙུགས་པའི་ནམ་དུས་ལུ་ གསོ་བའི་ལས་རིམ་བཟོ་མི་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༠ལུ་ ཕུན་ཚོགས་གླིང་རྒྱང་བསྒྲགས་ལུང་ཕྱོགས་འགོ་དཔོན་སྦེ་གནས་སོར་སོང་ཡོདཔ་ཨིན། སྤྱི་ལོ་༢༠༡༣ལུ་རྒྱང་བསྒྲགས་རྒྱུན་ལམ་༢པ་འགོ་བཙུགས་པའི་སྐབས་ འཛིན་སྐྱོང་པའི་གོ་གནས་ཡར་སེང་ཐོབ་སྟེ་ ད་རིས་ནངས་པ་ཕྱག་ཞུ་བཞིན་ཡོད།

mmexport1458833996173

སྤྱི་ལོ་༡༩༩༤་ལོ་འགོ་བཙུགས་ཁམས་ཅིག་ལས་ ལས་སྨོན་འབུམ་གྱིས་འཛོམས་པའི་ བར་པའི་ཀུན་ལེགས་ཆོས་འཛོམས་འདི་ གཉེན་གྲོགས་སྦེ་བསྟེན་ཡོདཔ་ཨིན། ངེའི་གནསམོ་འདི་ བྱད་ངོ་རིས་ལེགས་པའི་གུ་ བསམ་པ་སེམས་བསྐྱེད་བཟང་དྲགས་ཡོད། ཨིན་རུང་ སེམས་ཁར་མནོཝ་ཅིག་ཁར་འཐོན་སླབ་ནི་འདི་གིས་ མོ་དང་འབྲེལ་བ་འཐབ་མི་ལ་ལུ་གིས་ ཁམས་ཆེ་བའི་ལོ་རྒྱུས་སླབ་མི་འདི་ གནད་དོན་དེ་ལས་བརྟེན་ཏེ་ཨིན་པས།
མོ་རང་ལོ་ན་ཆུང་ཀུ་བསྒང་ལས་ ཧཱ་དང་བར་པའི་ས་སློབ་གྲྭ་ནང་དཔེ་ཆ་ལྷབ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༨ལུ་སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་ནང་འཛུལ་ཏེ་ ནང་པའི་ཤེས་ཡོན་སྦྱང་ཡོདཔ་ཨིན། ས་གནས་གཞུང་གི་བཙག་འཐུ་ཐེངས་དང་པའི་སྐབས་ ཐིམ་ཕུག་རྫོང་ཁག་ཅང་རྒེད་འོག་ སྒང་ཆེན་རྟ་ལ་ཁ་སྤྱི་འོག་ཚོགས་པ་སྦེ་བཙག་འཐུ་གྲུབ་སྟེ་ཕྱག་ཞུ་ཡོདཔ་མ་ཚད་ ད་རུང་ས་གནས་གཞུང་གི་བཙག་འཐུ་གོ་རིམ་༢པའི་སྐབས་ལུ་ཡང་ ཚོགས་པ་སྦེ་བཙག་འཐུ་གྲུབ་སྟེ་ ད་རིས་ནངས་པ་ཕྱག་ཞུ་བཞིན་ཡོད།

DSC_0386སྤྱི་ལོ་༡༩༩༥ལུ་ ངེའི་བུམོ་སྦོམ་ཤོས་འཇམ་དབྱངས་ཆོས་སྒྲོན་གཟུགས་བཟང་ཏོག་ཏོ་སྦེ་སྐྱེས་ཡོདཔ་ཨིན།
ངེའི་བུམོ་འདི་བསོད་ནམས་ཆེ་དྲགས་ཨིནམ་སྦེ་ཆ་བཞག་དགོ་མི་དེ་ཡང་ མོ་སྐྱེས་ཞིན་ན་ལས་ང་བཅས་རྒན་མི་གཉིས་ཀུ་ ག་ཅིའི་ཐད་ལས་འབད་རུང་ ཧེ་མ་ད་ཕྱདཔ་ད་ སྟབས་བདེ་ཏོག་ཏོ་སོང་ཡོདཔ་མ་ཚད་ བུ་གཞི་ཕུད་རྡོག་གཅིག་ལུ་ཡང་རྐྱེན་ཆག་ག་ནེ་ཡང་མ་བྱུང་པ་ མིའི་གྲས་ཁར་ཚུད་ཚུགས་མི་དེ་ གཙོ་བོ་ར་མོ་གི་བསོད་ནམས་ལུ་བརྟེན་ཏེ་ཨིན། ངེའི་བུམོ་འདི་ སུ་ཐག་རིང་དྲགས་ བསམ་པ་བཟང་པོའི་གུ་ འབད་བཞག་བཅའ་བཞག་འཇའ་ཆི་ཆི་སྦེ་ ག་ར་གི་མིག་ཁར་བབ་མ་ཚད་ གཙང་སྦྲ་བསྟེན་ནི་ལུ་དགའ་མི་ཅིག་ཨིན།
འགོ་དང་པ་བར་པའི་ས་སློབ་གྲྭ་དང་ ཅང་བྱི་བྱི་སློབ་གྲྭ་དབྱངས་ཅན་ཕུག་སློབ་གྲྭ་ནང་ལས་ཆུང་རིམ་ཤེས་ཡོན་མཐར་འཁྱོལ་ཏེ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ལས་ཚོང་རིག་གི་ཤེས་ཡོན་མཐར་འཁྱོལ་ཏེ་ རྒྱ་པཱན་སྐད་ཡིག་སློབ་སྦྱོང་འབད་ཞིནམ་ལས་ ད་རིས་ནངས་པ་རྒྱ་པཱན་རྒྱལ་ཁབ་ནང་ ཤེས་ཡོན་སྦྱང་ནི་དང་འབྲེལ་ཏེ་ ལཱ་གཡོག་འབད་དེ་ཡོད།

DSC_0389ངེའི་བུ་སྦོམ་ཤོས་འཇམ་དབྱངས་རིག་ལྡན་འདི་ སྤྱི་ལོ་༡༩༩༧ལུ་བར་པའི་ས་ཁྱིམ་ནང་སྦེ་སྐྱེས་ཡོདཔ་ཨིན།
ངེའི་བུ་འདི་ བློ་ག་ཅི་ར་སླབ་རུང་ ཕྲང་སྟེ་སླབ་དགོ་མི་ཅིག་དང་ གཞན་གྱི་སེམས་གསད་མ་ཧུམ་མི་ཅིག་ཨིན། ཨིན་རུང་ཆ་རོགས་མང་སུ་བསྟེན་ཏེ་ རང་དོན་མནོ་མ་ཚུགས་མི་ཅིག་ཨིན།
འགོ་དང་པ་བར་པའི་ས་སློབ་གྲྭ་ཆུང་བ་དང་ སློབ་གྲཝ་འབྲིང་མའི་ནང་ལས་མཐར་འཁྱོལ་ཏེ་ སྐལ་སྐྱིད་སློབ་གྲྭ་ནང་དཔེ་ཆ་ལྷབ་ཡོད་རུང་ ཁོ་རའི་དང་འདོད་དང་བསྟུན་ཏེ་ ད་རིས་ནངས་པ་ ལམ་སྟོན་པའི་ལཱ་འབད་དེ་ཡོད།DSC_0358

ངེའི་བུམོ་ཆུང་ཤོས་འཇམ་དབྱངས་ཆོས་སྐྱིད་འདི་ སུ་ཐག་ཐུང་གུ་ ཨ་ཙི་འབདཝ་ཅིག་ཙིགཔ་ཟ་མི་ཅིག་ཨིན་རུང་ བསམ་པ་བཟང་དྲགས་ཨིན། དཔེ་ཆ་ལྟཝ་ད་ཆ་རོགས་བ་དྲགཔ་སྦེ་འབད་དགོཔ་སྦེ ཕྲ་ཟེ་ཆེ་དྲགས་ཡོདཔ་ཨིན།
འགོ་དང་པ་བར་པའི་ས་སློབ་གྲྭ་དང་ ད་རིས་ནངས་པ་མུ་ཏིག་ཐང་སློབ་གྲྭ་ནང་ སློབ་རིམ་༡༢པའི་ནང་དཔེ་ཆ་ལྷབ་པའི་བསྒང་ཨིན།

DSC_0110

སྤུན་ཆ་ག་ར་གིས་དགའ་མི་གཅེས་གཅེས་ ངེའི་བུ་ཆུང་ཤོས་འཇམ་དབྱངས་སྐལ་བཟང་དབང་ཆེན་འདི་ ས་རྐོ་སྣུམ་འཁོར་ལུ་དགའ་མི་ཅིག་དང་ དྲི་བ་བཀོད་དེ་ དབྱེ་བ་དཔྱད་ནི་ལུ་དགའ་ལྷག་ཡོད་མི་ཅིག་ཨིན།
དྲོག་ཀྲར་སྟོབས་རྒྱས་སློབ་གྲྭ་ནང་ སློབ་རིམ་༦པ་ཚུན་ལྷབ་པའི་ཤུལ་ལུ་ འཇིགས་མེད་རྣམ་རྒྱལ་སློབ་གྲྭ་ནང་འཛུལ་ཡོདཔ་མ་ཚད་ ད་རེས་ཐིམ་ཕུག་ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སློབ་རིམ་༨པའི་ནང་དཔེ་ཆ་ལྷབ་པའི་བསྒང་ཡོད།