ཨ་ཙ་ར་རིགས་ལྔ་བསྒྲལ་མི།


མཐུ་ཆེན་བདུད་འཇོམས་རྡོ་རྗེའི་ ཐུགས་སྤྲུལ་གསུམ་པ་ངག་དབང་འཇིགས་མེད་གྲགས་པ་མཆོག་གིས་ རྟ་ལོག་ཚེས་བཅུའི་དོན་ལུ་ ཤཝ་ཤ་ཁྱི་དང་ ཨ་ལྕོ་ཕན་ཏོའི་ཞལ་འབགཔ། འཆམ་ཆས་དང་ཕྱག་མཚན་གྱི་རིགས་ཚུ་ཐུགས་འདོད་དང་འཁྲིལ་ཏེ་ ཡིད་ངེས་ཐིང་ངེས་སྦེ་མཁོ་སྒྲུབ་གནང་པའི་གྲས་ལས་ ཞབས་དྲུང་ཁོ་རའི་ཕྱག་བཟོ་ ཨ་ཙ་རའི་ཞལ་འབག་འདི་ བདུན་ཕྲག་གཅིག་གི་ཤུལ་ལས་ ཞལ་གྱི་དབྱིབས་དོད་རི་རི་དང་ མགུ་ལུ་རྭ་ཅུང་གཉིས་རང་བཞིན་གྱིས་ཧ་ལས་སི་སི་སྦེ་བྱུང་མི་དེ་ ཅི་དང་མ་འདྲཝ་ཅིག་ཨིན་པས།

dd

དུས་དེ་ལས་བཟུང་སྟེ་ ལོ་བསྟར་རྟ་ལོག་ཚེས་བཅུ་སྐབས་ ཤཝ་ཤ་ཁྱི་མཇལ་ཁ་གནང་བའི་སྐབས་ རྟ་ལོག་རྫོང་དཔོན་འགུབ་བཀལ་ཏེ་ ཕོ་རྒས་གཟུགས་གཞི་ཡོད་མི་དོད་རི་རི་སྡེ་ཚན་ཅིག་གིས་ གློ་བར་དཔའ་རྟགས་དང་ སྨན་རྩིས་དར་བཀབ་སྦེ་ ཁྲོམ་གཤག་སྟེ་འཆམ་ལུ་དར་བཏགས་པའི་སྐབས་ ཨ་ཙ་ར་རིགས་ལྔ་བསྒྲལ་མི་དང་ རྔོནམ་ལུ་མ་གཏོགས་ ཨ་ཙ་ར་གཞན་ཚུ་ལུ་དར་མ་ཐོབ་མི་དེ་ཡང་ འགོ་ཐོག་རྟ་ལོག་ཚེས་བཅུ་གཞི་བཙུགས་སྐབས་ཀྱི་ ཨ་ཙ་ར་རྙིང་ཤོས་ཅིག་དང་ ཞབས་དྲུང་འཇིགས་མེད་གྲགས་པའི་ ཕྱག་བཟོ་བྱིན་ཅན་ཨིནམ་ལས་བརྟེན་ཏེ་ཨིན་པས། དེ་མ་ཚད་ ཚེས་བཅུ་ཉིནམ་མཇུག་གི་ཚེ་ ཨ་ལྕོ་ཕན་ཏོ་གི་ཆོ་གུ་གཏང་རནམ་ད་ ཆང་ཕུད་དང་ལྟོ་མཛར་གྱི་ཁུར་ཆ་ལེན་མི་ ཨ་ཙ་རིགས་ལྔ་བསྒྲལ་མི་ལུ་ཕོག་མི་དེ་ འགོ་ཐོག་རྟ་ལོག་ཚེས་བཅུ་གཞི་བཙུགས་གནང་བའི་སྐབས་ ཨ་ཙ་ར་རིགས་ལྔ་བསྒྲལ་མི་རྐྱངམ་ཅིག་འབད་ནི་འདི་གིས་ཨིནམ་ལས་ ད་ལྟོ་བར་ན་ཡང་ལུགས་སྲོལ་དེ་མ་ཉམས་པར་ཡོདཔ་ཨིན་པས། རྟ་ལོགཔ་ཚུ་གིས་ རིགས་ལྔ་བསྒྲལ་མི་ཟེར་སླབ་ཨིན་རུང་ རྒྱུ་མཚན་ལྡན་པའི་ཁུངས་བཀལ་ཚུགས་མི་ཅིག་མིན་ནུག དབུ་གུ་རིགས་ལྔའི་ཚུལ་ཡོདཔ་ལས་ རིགས་ལྔ་སྦྲགས་མི་ཟེར་མེན་ན་ཟེར་མནོཝ་མས། ཨིན་རུང་ མཁས་པས་བཤད་ན་ཅིར་ཡང་བདེན། །ཟེར་དོ་བཟུམ་སྦེ་ རང་སོའི་རྣམ་དཔྱོད་དང་བསྟུན་ཏེ་ ཁུངས་བཀལ་མི་ཡང་འཐོན་སྲིད། ག་དེ་སྦེ་ཨིན་རུང་ སྔར་སྲོལ་ལུ་ཤ་ཞེན་ཅན་ཚུ་གིས་ ཞིབ་འཚོལ་མཛད་འོང་མནོ་བའི་རེ་འདུན་སྦོམ་ཡོད།།