རྔོནམ།


17601264ddམ་གཞི་རྫོང་གཞིས་ཁག་དང་ གཡུས་སྒོ་སོ་སོར་ ཚེས་བཅུ་དང་མཆོདཔ་དུས་སྟོན་གྱི་སྐབས་ལུ་ འགོ་དང་པ་ས་བཅག་སྟེ་སྐུ་འཆམ་མཇལ་ཁ་གནང་སྲོལ་ཡོད་མི་དེ་ ག་ར་གིས་མཁྱེན་ས་ཨིན། ཨིན་རུང་ སྤུ་ན་ཁ་ལུང་ཕྱོགས་ནང་ཆགས་ཏེ་ཡོད་མི་ རྟ་ལོག་དགོན་པའི་ལོ་བསྟར་ཚེས་བཅུའི་སྐབས་ འགོ་དང་པ་རྔོནམ་གིས་ས་བཅག་སྟེ་ ས་གཞི་བྱིན་གྱིས་བརླབས་པའི་ཚུལ་སྟོནམ་ཨིན་པས།
ས་བདག་ཀླུ་གཉན་གྱིས་མ་དབང་བའི་ས་གཞི་ ཁབ་རྩེ་ཙམ་ཅིག་ཡང་མེད་མི་འདི་ནང་ རྔོནམ་གིས་འཕང་རིལ་བསྒྱུར་བའི་སྐབས་ གནག་ཐག་ཞགསཔ་གིས་ ཚར་གཅིག་ལས་ཚར་གཅིག་ ས་ཁོངས་རྒྱ་སྦོམ་སུ་བང་བཏབ་སྟེ་ས་གཞི་བཟུང་བའི་ཚུལ་དང་། བསྟན་པ་དང་སེམས་ཅན་ལུ་གནོད་པའི་དགྲ་བགེགས་གདུག་པ་ཅན་ཚུ་ དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྒྲལ་ཐབས་ལུ་ སྐུ་འཆམ་གནང་པའི་སྐབས་ལུ་ འགལ་རྐྱེན་བར་ཆད་མ་འབྱུང་པ་མཇལ་ཁ་གནང་ཚུགས་ནིའི་དོན་ལུ་ འགོ་ཐོག་ར་རྔོནམ་གིས་ ས་འདུལ་གྱི་འཕྲིན་ལས་མཛད་ཚུལ་སྟོནམ་ཨིན་པས།
རྔོནམ་གིས་ ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་ཞབས་བརྟན་ཚར་རེ་མཇུག་བསྡུཝ་ད་ འཕང་རིལ་བསྒྱུར་ཏེ་ ཌ་རུ་སྐྲོག་མི་འདི་གིས་ སྟོང་ཉིད་ངང་ལས་ཆོས་ཀྱི་སྒྲ་སྒྲོགས་ཤིང་། །ཟེར་གསུངས་དོ་བཟུམ་སྦེ་ ཡུམ་གྱི་མཚོན་བྱེད་ ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་སྟོནམ་ཨིན་པས་ཨིན་པས། དེ་གིས་མ་དོ་བར་ ཌ་རུ་སྐྲོག་པའི་སྒྲ་གིས་དཀར་ཕྱོགས་ལུ་མ་དགའ་བའི་ བདུད་དང་འདྲེ་སྲིན་འབྱུང་པོ་ཚུ་སྤྱ་རྡུགས་འཐབ་སྟེ་ ས་ཐག་རིང་སར་བྱོག་སོང་པའི་ཤུལ་ལུ་ སྐུ་འཆམ་ཚུ་བར་རྐྱེན་ག་ནེ་ཡང་མེད་པར་ མཇལ་ཁ་གནང་ཚུགས་ནིའི་དོན་ལུ་ཡང་ཨིན་པས།    ཚེས་བཅུ་ཉིནམ་མཇུག་གི་ཚེ་ ཉིན་དགུང་ཡོལ་ཁམས་ཅིག་ཁར་ གཟིགས་རས་ཀྱི་རབ་གསལ་ནང་ལས་རྔོནམ་གི་དོ་ཟེར་ ཤིང་འབྲས་ཀྱི་ལྷམ་ཚང་། རྡོག་མ་ཤོག་ལྟབ། གཞན་ཡང་སེམས་ཤོར་སི་སི་གི་ཁ་རི་མུ་ཟས་ཚུ་ ཀུ་ཏོ་གཅིག་ནང་འདེགས་ཏེ་ ཕྱི་ལས་སྤང་ཁེབས་བུབ་གཅིག་གིས་སྤུར་ཏེ་ གསོལ་ར་གནང་སྲོལ་ཡོདཔ་ཨིན་པས། དེ་ལས་རྔོནམ་གིས་ བླ་མའི་བཀའ་དྲིན་དྲིན་ཕོད་ཀྱི་དོན་ལུ་ སྤང་ཁེབས་བཀབ་ནེའི་ཚུལ་སྦེ་བཀབ་ཞིན་ན་ དང་པ་ར་རྡོག་མ་ཤོག་ལྟབ་ལག་པར་བཤེད་དེ་ སྐྱེ་བུ་ཆེན་པོ་བྱང་ལས་བྱོན་པའི་ཚེ། །རོ་མཆོག་ཕུན་སུམ་གོ་ཧེ་འབྲས་བུ་འདི། །ལྷ་དང་བླ་མ་ངག་རྣམ་རྒྱལ་ཕུལ། །རང་བཞིན་ཕུན་སུམ་དཔལ་ལ་སྤྱོད་གྱུར་ཅིག །ཤིང་འབྲས་ཀྱི་རིགས་ཚུ་རེ་རེ་བཞིན་བཤད་པ་དང་སྦྲགས་གདངས་འཐེན་ཏེ་ཕུལ་སྲོལ་མ་ཉམས་པར་འདུག ཚེས་བཅུ་གྲོལ་བའི་ཚེ་ཕྱི་རུ་ཁམས་ རྔོནམ་གིས་ གཟིགས་རས་ནང་བཞུགས་མི་ཚུ་ལས་ གསོལ་ར་ལྷང་ནི་འགོ་བཙུགས་ཞིནམ་ལས་རྐྱངམ་ཅིག་མ་གཏོགས་ གཞན་ཨ་ཙ་ར་ཚུ་གསོལ་ར་ལྷང་ནི་འགོ་བཙུགས་མི་ཆོག་པའི་ལམ་ལུགས་ཅིག་ཡོད་མི་དེ་ གཞན་དང་ཕྱདཔ་དང་མ་འདྲཝ་ཅིག་ཨིན་པས།

མ་མཐོང་ཕྱིར་ན་མེད་པ་མིན།།ཟེར་གསུངས་ཏེ་ཡོདཔ་བཟུམ་སྦེ་ ང་རང་སྦྱང་པའི་ཡོན་ཏན་དང་ ཤེས་མཐོང་ཆུང་བའི་དབང་གིས་ དགོས་དོན་རྒྱ་ཆེ་ཏོག་ཏོ་སྦེ་ཡོད་རུང་ ཉུང་སུ་དང་ འཛོལ་བ་འབྱུང་སྲིད་ནི་ཨིནམ་ལས་ བཟོད་པ་བཞེས་གནང་ཟེར་ཞུ་ནི་ཨིན།།

%d bloggers like this: