རང་ལུགས་འབྲུག་པའི་ལྷམ་གྱི་དབྱེ་བ།


དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སྔོན་དང་ཕུ་འཇིག་རྟེན་ཆགས་པའི་དུས་ལས་རང་ཆགས་ཏེ༌ཡོད་རུང་ དམ་པའི་ཆོས་ཡང་མ་དར་བའི་ཁར་ མི་ཚུ་དུད་འགྲོ་སེམས་ཅན་དང་ཁྱད་པར་མེདཔ་སྦེ་ གནས་ཏེ་ཡོདཔ་ཨིན་མས། དེ་ལས་རིམ་པ་བཞིན་དུ་ དུས་ཀྱི་འགྱུར་བ་དང་ མི་ཚུ་གི་རྒྱུད་ལུ་རིག་པ་དང་རིག་རྩལ་སོགས་གོང་འཕེལ་འགྱོ་བ་དང་བསྟུན་  ཤིང་གི་ལྤགས་ཀོ་དང་འདབ་མ་ སེམས་ཅན་གྱི་ལྤགས་ཀོ་ལ་སོགས་པ་ ལག་ལེན་འཐབ་འདི་ ཕོ་མོའི་མཚན་མ་སྦ་ཚུགསཔ་ཙམ་གྱི་གོན་ཆས་དང་ རྐང་མ་ལུ་སེམས་ཅན་གི་ལྤགས་ཀོ་གིས་བཟོ་བའི་ལྷམ་ལས་འགོ་བཙུགས་སྟེ་ རིམ་པ་བཞིན་དུ་ ད་ལྟོ་ང་བཅས་ཀྱིས་ལག་ལེན་འཐབ་མི་རྒྱལ་ཡོངས་ཀྱི་གྱོན་ཆས་ གོ་དང་དཀྱི་རས་ དེ་ལས་དེང་སང་ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ནང་འདྲེན་འབད་ཡོད་པའི་ཇུ་ཏ་ཚུ་ལག་ལེན་འཐབ་སྲོལ་བྱུང་ནུག།

tyཨིན་རུང་ ང་བཅས་རའི་རྒྱལ་ཡོངས་གྱོན་ཆས་གོ་དང་དཀྱི་ར་འདི་ འབྲུག་པའི་མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་གི་ ལག་ལེན་དང་ རྒྱལ་ཁབ་ཀྱི་ངོ་རྟགས་བདག་འཛིན་འབད་དང་འབད་བཞིན་ཡོད་དོ་བཟུམ་སྦེ་ རང་ལུགས་ཀྱི་ལྷམ་གི་རིགས་འདི་ ཡུལ་གོང་མ་སྡེ་རིམ་བརྒྱད་པ་ཡན་ཆད་ཚུ་གི་ཞལ་འཛོམས་དང་ གཞུང་འབྲེལ་རྟེན་འབྲེལ་བརྩི་སྲུང་། སྐུ་འཆམ་གནང་མི་དགེ་སློང་གི་སྡེ་ དེ་ལས་མི་དམངས་དག་པ་ཅིག་གིས་ལག་ལེན་ཐབས་མ་གཏོགས་ མང་ཤོས་ཀྱིས་ཕྱི་ལས་འཐོན་མི་ལྷམ་གྱི་རིགས་ཚུ་ལག་ལེན་འཐབ་ཨིན།
ལྷམ་གྱི་ཐོབ་རིམ་དང་དབྱེ་བ་ལ་ཚུ་མི་མང་གིས་མ་མཁྱེནམ་མ་གཟིགསཔ་མེད་རུང་ ད་རེས་དུས་ཀྱི་འགྱུར་བ་དང་བསྟུན་ རིག་རྩལ་དང་རིག་པ་གསརཔ་ལས་བརྟེན་ ང་བཅས་རའི་ ཕམ་བཟང་པོའི་ཤུལ་བཞག་ཅི་དང་མ་འདྲཝ་ཅིག་ཡོད་མི་འདི་ ཚོང་འབྲེལ་གྱི་དོན་ལུ་དཔེ་གསར་བཟོ་སྟེ་དར་ཁྱབ་བཏང་ནི་འདི་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་ལུ་གནོད་པ་ཡོདཔ་ཨིན། དེ་འབདཝ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ སྔོན་དང་ཕུ་ལས་ཕམ་བཟང་པོ་ཚུ་གིས་ ལག་ལེན་འཐབ་སྟེ་ཡོད་པའི་ཁར་ མ་འོངས་བུ་རྒྱུད་ཚུ་གིས་མཁྱེན་ཐབས་ལུ་ རང་ལུགས་དཔལ་ལྡན་འབྲུག་པའི་ ལྷམ་གྱི་དབྱེ་བ་དང་ཁྱད་པར་དུམ་གྲྭ་ཅིག་ཞུ་ནི་ཨིན།
ལྷམ་གྱི་དབྱེ་བ།
སྤྱིར་བཏང་ ང་བཅས་རའི་ངོ་རྟགས་བཟང་པོ་ཅིག་ཨིན་མི་ ལྷམ་ལུ་ཡང་སྔོན་དང་ཕུ་ལས་རང་ གྲྭ་ལྷམ། འཕྲུལ་ལྷམ་དཀར་ཅུང་། ཚོགས་ལྷམ། གཙང་ལྷམ། འཛོམས་ལྷམ་ཟེར་ལེ་ཤ་རང་བྱུང་སྟེ་ཡོད་རུང་ གཙོ་བོ་གསུམ་ནང་བསྡུཝ་ཨིན་མས། དེ་ཡང་ཡོངས་གྲགས་ གྲྭ་ལྷམ།ཚོགས་ལྷམ་དང་ འཕྲུལ་ལྷམ་དཀར་ཅུང་གསུམ་ཨིན་མས། ཨིན་རུང་ད་རེས་ནང་པ་ག་ར་གིས་ཚོགས་ལྷམ་ཟེར་སླབ་མ་གཏོགས་ གཞན་གྱི་མིང་ཚུ་དར་ཁྱབ་དེ་ཅིག་མི་འདུག
གྲྭ་ལྷམ་གྱི་གོ་དོན་ གྲྭ་པ་ཟེར་དགེ་སློང་ལུ་གོ་ནི་དང་ ལྷམ་ཟེར་བའི་དོན་དེ་ཡང་ ལྷམ་འདི་གྲྭ་པ་དགེ་སློང་ཚུ་གིས་བཞེསཔ་ལས་ ཚིག་དེ་གཉིས་གཅིག་ཁར་བསྡུས་ཏེ་གྲྭ་ལྷམ་ཟེར་དར་ཁྱབ་སོང་ནུག དེ་འབདཝ་ལས་ གྲྭ་ལྷམ་འདི་ ང་བཅས་རའི་རྒྱལ་ཁབ་ནང་སྔོན་དང་ཕུ་ལས་རང་ དར་ཏེ་ཡོདཔ་ཨིན་མས། དེ་ཡང་ སྔོན་དང་ཕུ་རྗེ་མཁན་པོ་རིམ་བྱོན་ཚུ་དང་ སྲིད་ཀྱི་ཕྱག་ལཱ་གནང་མི་སྡེ་སྲིད་དང་པ་དབུ་མཛད་བསྟན་འཛིན་ལས་འགོ་བཟུང་ སྡེ་སྲིད་རིམ་བྱོན་མང་ཤོས་གྲྭ་ཚང་ནང་ལས་བཀལ་སྲོལ་ཡོད་ནི་འདི་གིས་ སྡེ་སྲིད་རིམ་བྱོན་ཚུ་གིས་ཡང་གྲྭ་ལྷམ་བཞེསཔ་ཨིན་མས། དེ་མ་ཚད་ རྫོང་དཔོན་དང་ དཔོན་སློབ་ཚུ་ཡང་དེ་བསྒང་ དགེ་སློང་གི་སྡེ་ལས་བསྐོས་ནི་འདི་གིས་ གྲྭ་ལྷམ་བཞེསཔ་ཨིནམ་དང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ དུས་རབས་༡༧གྱི་ཤུལ་ལས་གསར་བསྐོས་གནང་མི་ གཞུང་ལྷན་རྒྱས་༩་གིས་ཡང་གྲྭ་ལྷམ་བཞེས་གནང་གནང་བའི་ལོ་རྒྱུས་ཀི་དེབ་ཚུ་ནང་བཀོད་དེ་འདུག
གྲྭ་ལྷམ་འདི་དགེ་སློང་ཚུ་གིས་བཞེསཔ་མ་གཏོགས་ གཞན་གྱིས་ལག་ལེན་འཐབ་སྲོལ་མེད་རུང་ ད་རེས་ནངས་པ་ དགོ་སློང་ཆ་ཁྱབ་ཀྱིས་ མང་ཤོས་རང་འཕྲུལ་ལྷམ་དཀར་ཅུང་བཞེསཔ་ཨིན་མས། གྲྭ་ལྷམ་གྱི་བཟོ་རྣམ་དེ་ཡང་ ཚོགས་ལྷམ་དང་གཙང་ལྷམ་ འཛོམས་ལྷམ་དང་ཨ་ཙི་མ་འདྲཝ་སྦེ་ཡོདཔ་ཨིན་པས།

22-Traditional-and-Modern-Shoes-Thimphu-Festival-Bhutanགཉིས་པ་འཕྲུལ་ལྷམ་དཀར་ཅུང་འདི་ སྔོན་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་གོ་གནས་གནང་མི་ གཉིས་བསྐལ་མ་ན་བཟའ་དམརཔོ་བཞེས་མི་ཡན་ཆད་ཀྱིས་ བཞེསཔ་མ་གཏོགས་ མི་སེར་དཀྱུས་མ་ཚུ་གིས་ལག་ལེན་འཐབ་སྲོལ་མི་འདུག ཨིན་རུང་དེང་སང་གི་དུས་ལུ་ དཔོན་གཉིས་བསྐལ་མ་གི་མ་དོ་བར་ ཆིབ་གཞོན་པ་ཚུ་དང་ གཞུང་གཡོགཔོ་སྡེ་རིམ་དགུ་པ་ཡན་ཆད་ཀྱི་ལེན་འཐབ་ཨིན་མས། དེ་ཡང་ སྤྱི་ལོ་༢༠༠༢ལོར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་གྲོས་ཆོད་གནང་ཡོདཔ་བཞིན་དུ་ཨིན་མས། དེ་འབདཝ་ལས་གོ་གནས་དང་འཁྲིལ་བའི་ལྷམ་འདི་ལུ་ འཕྲུལ་ལྷམ་དཀར་ཅུང་ཟེར་བ་མ་གཏོགས་ཚོགས་ལྷམ་དང་གྲྭ་ལྷམ་ཟེར་སླབ་སྲོལ་མིན་འདུག། དེ་མ་ཚད་ ད་རེས་ནངས་པ་ང་བཅས་རའི་རྒྱལ་ཁབ་ནང་ དགའ་སྟོན་རྟེན་འབྲེལ་གྱི་སྐབས་ཞབས་བྲོ་རྐྱབ་མི་ སྙན་ཆ་དཀྲོག་མི་ ཆིབ་གྲལ་བཙར་མི་ཚུ་གི་ཡང་འཕྲུལ་ལྷམ་དཀར་ཅུང་བཙུགཔ་ཨིན་མས། ཨིན་རུང་ད་རེས་ནངས་པ་མི་མང་ཤོས་ཀྱིས་ཚོགས་ལྷམ་ཟེར་གོ་བ་ལེནམ་མ་གཏོགས་ འཕྲུལ་ལྷམ་དཀར་ཅུང་ཟེར་སླབ་སྲོལ་མིན་འདུག འཕྲུལ་ལྷམ་དཀར་ཅུང་ལུ་ཡང་ གོ་གནས་ དེ་ལས་སྡེ་རིམ་དང་འཁྲིལ་དབྱེ་བ་ཡོདཔ་ལས་ སྤྱིར་བཏང་ལྷམ་གྱི་གདོང་དང་མ་འདྲ་རུང་ དབྱེ་བ་དེ་ཡང་ལྷམ་དེའི་བོས་ཀྱིས་དབྱེ་བ་ཕྱེཝ་ཨིན་མས། དེ་ཡང་བོས་སེརཔོ་འདི་ མི་དབང་མངའ་བདག་རིམ་པོ་ཆེ་དང་ ཆོས་ཀྱི་དབུ་ཁྲིད་སྐྱབས་རྗེ་རྗེ་མཁན་མཆོག་གི་བཞེསཔ་དང་ བོས་ལི་ཝང་འདི་ བློན་པོ་ལྷན་ཚོགས་དང་སྐུ་འཁོར་ དེ་ལས་བོས་དམརཔོ་འདི་དཔོན་གཉིས་སྐལ་མ་ རྫོང་བདག་ དྲང་དཔོན་ སྡེ་རིམ་གསུམ་པ་ཡན་ཆད་ལུ་ཐོབ་དང་ ཆིབ་གཞོན་པ་དང་སྤྱིར་བཏང་ལུ་བོས་ཧོནམོ་ཐོབ་ཨིན་མས།

images
ཚོགས་ལྷམ་ཟེར་མི་འདི་ སྤྱིར་བཏང་ མི་སེར་དཀྱུས་མ་གིས་ལག་ལེན་འཐབ་མི་འདི་ལུ་སླབ་ཨིན་རུང་ ད་རེས་ནངས་པ་ མི་ཚུ་གིས་ལག་ལེན་འཐབ་ནི་ཕར་བཞག་ མིག་གིས་ཡང་མཐོང་ནི་མེདཔ་ཨིན་མས། གཞན་ཡང་ གཙང་ལྷམ་དེ་ཡང་དཀྱུས་མ་གིས་ལག་ལེན་འཐབ་ཨིན་མས། ཚོགས་ལྷམ་གྱི་བཟོ་རྣམ་དེ་ཡང་ རས་དཀར་པོའི་ཚབ་ལུ་ཀོཝ་གི་བཟོཝ་ཨིནམ་དང་། གདོང་འདི་སྣམ་བུ་དམརཔོ་དང་ དབྱུག་པ་ཡང་རས་ནགཔ་དང་ སྨུགཔོ་གང་རུང་གིས་བཙེམ་ཨིན་མས། ཚོགས་ལྷམ་འདི་ཀོཝ་ཉག་རྐྱང་གི་བཟོཝ་ལས་ འཕྲུལ་ལྷམ་དཀར་ཅུང་བཟུམ་ དཔྱལཝ་དང་རྟིང་པ་ལོགས་སུ་མེདཔ་ཨིན།
སྤྱིར་བཏང་ཨམ་སྲུ་ཚུ་གིས་བཙུག་མི་ལྷམ་ལུ་འཛོམས་ལྷམ་ཟེར་སླབ་ཨིན། འཛོམས་ལྷམ་ལུ་གོ་གནས་དང་ སྡེ་རིམ་གྱི་དབྱེ་བ་མེད་པའི་ཁར་ ལྷམ་འདི་དབྱུག་པ་ཐུང་ཀུ་ཡོད་པའི་ཁར་ ཚེམས་བྲུ་དང་མེ་ཏོག་གིས་བརྒྱན་ཏེ་ཡོདཔ་ཨིན་པས།

སྔོན་མ་འབད་བ་ཅིན་ ལྷམ་བཙེམ་ནིའི་རྒྱུ་གཙོ་བོ་ ཀོཝདང་ཁ་ཤ་ གོས་ཆེན་གྱིས་བཙེམ་ཨིན་རུང་ ད་རེས་ནངས་པ་ ཕྱི་རྒྱལ་ཁབ་དང་ཚོང་འབྲེལ་ཡར་རྒྱས་སོང་ཡོད་ནི་འདི་གིས་ རང་ལུགས་ལྷམ་བཙེམ་མི་ཚུ་གིས་ ཕྱི་རྒྱལ་ཐའི་ལེན་ལས་གྱིབ་དང་ གཞན་མཁོ་ཆེ་བའི་ཅ་ཆས་ཚུ་འཇམ་ཏོང་ཏོ་ཐོབ་ཚུགསཔ་ལས་ ནང་འདྲེན་འབད་འདི་བཙེམ་ཨིན་མས། ཨིན་རུང་ སྔར་ག་ཨིན་མི་བཟོ་རྣམ་དང་དབྱིབས་འདི་གུ་བཟོ་བསྐྲུན་འབད་བ་ཅིན་ ང་བཅས་རའི་ལས་སྲོལ་ལུ་ཐོག་མི་ཕོབ་ནི་དང་ ཡིད་ངེས་ཐིང་ངེ་སྦེ་ཧེ་མ་ལས་ལྷགཔ་འབད་ཡར་རྒྱས་བཏང་འདི་ མཛེས་ཏོག་ཏོ་མཐོང་ཚུགསཔ་ཨིན་མས། དེ་འབདཝ་ད་ ད་རེས་ནངས་པའི་དུས་ལུ་གོ་ལ་བཟོ་བཀོད་འབད་མི་ཚུ་གིས་ རང་ལུགས་ལྷམ་གྱི་བཟོ་བཀོད་ཕྱི་རྒྱལ་ལས་འཐོན་མི་(sneakers)འཇབ་ལྷམ་དང་དབྱེ་བ་མེདཔ་འབད་བཟོ་སྟེ་ ཚོང་འབྲེལ་འཐབ་ལས་ ན་གཞོན་མང་ཤོས་ཀྱིས་དེ་ལུ་ངོ་ལེན་དང་ དང་འདོད་བསྐྱེདཔ་ལས་ ང་བཅས་རའི་རྒྱལ་ཁབ་ཀྱི་ངོ་རྟགས་འབྱང་ནིའི་ཉེན་ཁ་ཡོདཔ་ཨིན་མས་ཟེར་ཞུ་ནི་ཨིན།

%d bloggers like this: