བོད་སྒྲའི་རྒྱབ་ཁུངས།


འབྲུག་རྒྱལ་ཁབ་འདི་ བོད་རྒྱལ་ཁབ་དང་ཐག་ཉེ་ནི་འདི་གིས་ ཆོས་དང་རིག་གཞུང་ ཚོང་འབྲེལ་གྱི་དོན་ལུ་ རྒྱུན་འགྲུལ་འཐབ་ཡོདཔ་ལས་བརྟེན་ བོད་རྒྱལ་ཁབ་ནང་དར་ཁྱབ་ཡོད་པའི་གླུ་གཞས་ཚུ་རིམ་གྱིས་ང་བཅས་རའི་རྒྱལ་ཁབ་ནང་ དར་ཁྱབ་འགྱོཝ་ལས་ བོད་ཀྱི་གླུ་གཞས་ལས་རྟ་དྲངས་ཏེ་འཐེན་ནི་དང་རྐྱབ་སྲོལ་ཡོད་མི་ལུ་བོད་སྒྲ་ཟེར་སླབ་སྲོལ་བྱུངནུག ཨིན་རུང་ཞིབ་འཚོལཔ་ཚུ་གིས་ ཞབས་ཁྲ་འདི་ལུ་འབོད་སྒྲ་ཟེར་སླབ་པའི་ཁུངས་ དཔལ་ལྡན་འབྲུག་པའི་ཆབ་སྲིད་ཀྱི་རིང་ལུགས་དབུ་བརྙེས་པའི་ཤུལ་མ་ རྫོང་གཞི་ཁག་ལུ་ དཔོན་སློབ་དང་རྫོང་དཔོན་ཚུ་གིས་དབུ་གཙོས་ཏོག་གོ་ས་ཅན་གྱི་དཔོན་ཁག་ལེ་ཤ་ཅིག་རང་བསྐོས་ཡོད་མི་ཚུ་གི་འོག་ལུ་ གཞུང་དང་མི་སེར་གྱིབར་ན་རྒྱུན་འབྲེལ་འཐབ་མི་ འབོད་སྒརཔ་ཚུ་གིས་རྐྱབ་སྟེ་དར་ཁྱབ་བྱུང་ཡོད་པའི་ཞབས་བྲོ་ལུ་ འབོད་སྒྲ་ཟེར་སླབ་ཨིནམ་སྦེ་བཤད་སྲོལ་འདུག

ན་འཐན་སྦེ་དབྱེ་བ་དཔྱད་དེ་ལྟཝ་ད་ བོད་སྒྲ་མང་ཤོས་ཀྱི་ཚིག་ཚུ་ བོད་ཀྱི་སྐོར་ལས་ཚུད་དེ་ཡོད་མི་འདི་ དེ་བསྒང་འབྲུག་མི་ཚུ་ བོད་ལུ་གནས་སྐོར་དང་ ཡོན་ཏན་སྦྱང་པ། ཚོང་རྐྱབ་པར་འགྱོ་སྲོལ་ཡོད་ནི་འདི་གིས་ ཞབས་ཁྲ་རྩོམ་མི་འབྲུགཔ་འབད་རུང་ ཞབས་ཁྲའི་ཚིག་བོད་ཀྱི་སྐོར་ལས་ཚུད་མི་འདི་ དེ་གིས་མེན་ན་ཟེར་མནོཝ་མས། ཨིན་རུང་ བོད་པའི་ཞབས་ཁྲ་རེ་རེ་གཉིས་འབྲུག་ལུ་ཡང་དར་ཁྱབ་སོང་སོངམ་འོང་ཟེར་ཞུ་ནི་ཨིན། གོང་ལུ་བཀོད་མི་ཚུ་ དཔྱད་གཞིར་ཕུལ་ཡོདཔ་ལས་ མཁས་མཆོག་ཚུ་གིས་དབྱེ་དཔྱད་གནང་འོང་མནོ་བའི་རེ་བ་ཡོད།།

%d bloggers like this: