འུ་ཆུ་པའི་གཞས་ཀྱི་བྱུང་རབས།


མ་གཞི་སྤྱིར་བཏང་ལུ་གཞས་ཟེར་མི་འདི་ ང་བཅས་རའི་ལུང་པའི་ངག་གཤིས་ལུ་ ཕོ་རྒས་ཚུ་གིས་ལུས་མཛེས་པའི་རྣམ་འགྱུར་དང་བཅས་ ལེའུ་བསྒྱུར་ཏེ་རྐྱབ་མི་ལུ་སླབ་ཨིན།

གཞས་ཀྱི་ཚིག་ཚུ་ཡང་ མང་ཤོས་ར་བསྐལ་པ་ཆགས་ཚུལ། དགྲ་བཏུལ་ཚུལ། ཡུལ་གོང་མ་ལུ་བསྟོད་ཚུལ་།རྟེན་འབྲེལ་འགྲིགས་ཚུལ། མཇུག་ལུ་སྨོན་འདེབས་ཞུ་ཚུལ་ཨིནམ་ལས་ རྫོང་གཞིས་ཁག་དང་ དམིགས་བསལ་གྱི་དགའ་སྟོན་རྟེན་འབྲེལ་ཚུ་ནང་རྐྱབ་མ་གཏོགས་ ག་མནོ་གུ་མནོ་སྦེ་གཞས་ཆས་བསྒྲིགས་ཏེ་རྐྱབ་སྲོལ་མེདཔ་ཨིན།

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ སྤྱིར་བཏང་གཞས་རིགས་ལེ་ཤ་རྩིས་སྲོལ་ཡོད་པའི་གྲས་ལས་ སྤ་རོ་འུ་ཆུ་པའི་གཞས་ཟེར་ གདངས་དབྱངས་རིང་ལྷོད་རན་པའི་ཁར་ ལེའུ་ཡང་མགྱོགས་ལྷོད་རན་ཏོག་ཏོ་ཡོདཔ་མ་ཚད་ གཞས་ཆས་ལོགས་སུ་བསྒྲིགས་ཏེ་རྐྱབ་ཨིན།

མ་གཞི་ཡོངས་གྲགས་ལུ་སླབ་སྲོལ་ཡོད་པའི་ སྤ་རོ་ཝུ་ཆུ་པའི་གཞས་ཟེར་མི་དེ་ཡང་ རང་ཟླ་༢པའི་ཚེས་༡༠དང༡༦་ལུ་གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་རྫོང་བྲག་ཚེས་བཅུ་དང་འབྲེལ་ཏེ་ ལུང་གཉིས་རྒེད་འོག་གི་ཡིག་ཚང་ལྟེ་བ་ལུ་ སྤྱན་འབུལ་ཞུ་ནི་འགོ་བཙུགཔ་ཨིན་མས།

དེ་བསྒང་སྤ་རོ་ཚེས་བཅུ་འགོ་མ་བཙུགས་པའི་སྔ་གོང་ལུ་ རྫོང་བྲག་ཚེས་བཅུའི་སྐབས་ སྐུ་མགྲོན་གཙོ་བོ་སྦེ་ སྤ་རོ་དཔོན་སློབ་བྱོན་དོ་ཡོདཔ་ལས་ དེ་སྐབས་ཝུ་ཆུ་དྲུང་པ་གིས་དབུ་གཙོས་པའི་ ལུང་གཉིས་ཀྱི་སྦྱིན་བདག་ཚུ་གིས་ དྲོ་པ་དཔོན་སློབ་གདན་འདྲེན་ཞུ་ས་དང་ ཕྱི་རུ་ཞབས་བསྐྱལ་འགྱོ་ས། དེ་ལས་གཞས་ཕུལ་ས་ཡང་ ད་ལྟོ་ཉམས་ཆ་ཤོར་ཏེ་ཡོད་མི་ ཝུ་ཆུ་དྲུང་པའི་སྣག་ཚང་འདི་ཁར་ཨིནམ་ལས་ ཝུ་ཆུ་པའི་གཞས་ཟེར་དར་ཁྱབ་སོང་ནུག།

ལོ་བསྟར་རྫོང་བྲག་ཚེས་བཅུའི་སྐབས་ གཞས་དང་ཞབས་ཁྲ་རྐྱབ་མི་མི་ངོམ་ཚུ་ གཙོ་བོ་གི་འགོ་འདྲེན་ཐོག་ལས་ བཙག་འཐུ་འབད་དོ་ཡོདཔ་མ་ཚད་ འདི་ཁར་རྒེད་འོག་གི་ཁ་ཐུག་ལས་ བཅའ་མར་གཏོགས་ནི་མེདཔ་ཨིན་མས།

སྔོན་མ་འབད་བ་ཅིན་ རྫོང་བྲག་ཚེས་བཅུའི་སྐབས་ འགོ་འདྲེན་འཐབ་ནི་འདི་ ཝུ་ཆུ་དྲུང་པ་ལུ་ཕོགཔ་ཨིན་རུང་། སྤྱི་ལོ་༡༩༥༣ལུ་ དབང་ཚད་ཕྱིར་སྤེལ་གི་ལམ་ལུགས་དང་འཁྲིལ་ཏེ་ ཝུ་ཆུ་དྲུང་ཁག་འདི་བསྡུ་བཏང་ཚར་བའི་ཤུལ་ལུ་ དྲུང་པ་གི་སྐུ་ཚབ་བཟུམ་ཅིག་སྦེ་ ལུང་གཉིས་རྒཔོ་གིས་འབད་འགོ་འདྲེན་ཐབ་དོ་ཡོདཔ་ཨིན་མས། སྔོན་མ་ཝུ་ཆུ་དྲུང་པ་གིས་ཁྲོམ་ཁྲི་མཛད་པའི་སྐབས་ལུ་ དུས་རྒྱུན་ཁོ་རང་ན་བཟའ་ཁ་དམར་བཞེས་དགོཔ་ཨིན་རུང་ རྫོང་བྲག་ཚེས་བཅུའི་སྐབས་ དཔོན་སློབ་ཀྱི་སྐུ་ཚབ་བཟུམ་ཅིག་འབད་ ན་བཟའ་དམརཔ་བཞེས་ཆོགཔ་ཨིན་མས། ཨིན་རུང་དྲུང་པ་མེད་པའི་ཤུལ་ལུ་ ལུང་གཉིས་རྒཔོ་འདི་ཡང་ རྫོང་བྲག་ཚེས་བཅུའི་སྐབས་ལུ་ དཔའ་རྟགས་བཏགས་པའི་སྲོལ་ཡོདཔ་ཨིན་པས། སླབ་སྲོལ་ལུ་ ཕུ་ཡི་གི་སྟག་ཚང་ཚེས་བཅུ་དང་ མདའ་མི་གི་རྫོང་བྲག་ཚེས་བཅུ་ བར་ཡེ་ཤེས་དགོན་པའི་དབང་མཆོད་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ སྔོན་མ་འབད་བ་ཅིན་ བར་སྐོར་ཚོ་དྲུག་ལུ་ སྟག་ཚང་ཚེས་བཅུ་དང་ རྫོང་བྲག་ཚེས་བཅུ་འདི་མ་གཏོགས་ སྤ་རོ་ཚེས་བཅུ་ཟེར་གནང་སྲོལ་མེདཔ་ཨིན་མས། རྫོང་བྲག་ཚེས་བཅུ་དང་ ཝུ་ཆུ་པའི་གཞས་འདི་ཡང་ དུས་མཉམ་ཅིག་ལུ་བྱུང་ཡོདཔ་སྦེ་ བཀྲིས་རབ་གནས་ཀྱི་སྐབས་ལུ་ ལུང་གཉིས་སྦྱིན་བདག་བློ་རིག་ཅན་ཚུ་གིས་ བརྩམས་ཏེ་ཕུལ་མི་གཞས་ཀྱི་ཚིག་ལས་བརྟེན་ཏེ་ ཁ་གསལ་སླེ་ཧ་གོ་ཚུགས་པས།

ཝུ་ཆུ་པའི་གཞས་ཀྱི་གྱོན་ཆས་འདི་ཡང་ རྒྱ་བོད་ཧོར་གསུམ་ག་ཏེ་ལས་དཔྱེ་མ་བླངས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ སྦས་གནས་ཁྱད་པར་ཅན་རྫོང་བྲག་ཁར་ གྲུབ་ཐོབ་མགོན་པོ་རྡོ་རྗེ་མཆོག་གིས་ ས་གཞི་བྱིན་གྱིས་བརླབས་གནང་མི་གི་བྱག་བར་ནང་ དགའ་ཞིང་སྐྱིད་པའི་ངང་ལུ་གནས་ཏེ་སྡོད་མི་ བྱ་ཕུ་ཀྲུའི་སྤུ་བཀྱག་གུ་དཔྱེ་བཞག་སྟེ་བཟོ་བཟོཝ་ཨིན་པས། ཚེས་བཅུའི་སྐབས་ལུ་ ལྟདམོ་གི་ལས་རིམ་གཞན་ཡོད་རུང་ ཝུ་ཆུ་པའི་གཞས་འདི་བྱིན་རླབས་ཆེ་ཤོས་ཅིག་འབད་བརྩིཝ་ཨིན། དེ་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཚེས་བཅུ་ཐམ་གྱི་ཉིན་མ་ བླམ་ཁྲི་གུ་དར་བཞེས་ཏེ་བཞུགསཔ་དང་ གཞསཔ་དམང་གིས་ བླམ་ཡབ་སྲས་གཉིས་ཀྱི་ཞལ་མཇལ་ཟེར་མི་གི་ གཞས་འདི་སྒོརཝ་ད་ དེ་ཚེ་གནམ་གཤིས་བཟང་ངན་ག་དེ་སྦེ་ཡོད་རུང་ མེ་ཏོག་གི་ཆརཔ་དངོས་སུ་འབབ་པ་ཅིན་ ལོ་ཨ་རྟག་རང་འབབ་དོ་ཡོདཔ་ཨིན་པས།

ཝུ་ཆུ་པའི་གཞས་འདི་ བྱིན་རླབས་ཆེ་ནི་འདི་གིས་ སྤ་གྲོ་སྐུ་ཞོག་ཚེ་རིང་དཔལ་འབྱོར་གྱིས་ སྤ་རོ་ཚེས་བཅུའི་སྐབས་ལུ་ཡང་རྐྱབ་དགོཔ་སྦེ་བཀའ་གནངམ་བཞིན་དུ་ ཚེས་བརྒྱད་ལས་བཅུ་ཐམ་ཚུན་ འགོ་རྫོང་བྲག་ཁ་ལས་བཙུགས་ ཚེས་༡༡་ལས་༡༥ཚུན་ སྤ་རོ་ཚེས་བཅུ་གནང་བཞིན་ན་ ཚེས༡༦ལུ་ མཇུག་རྫོང་བྲག་ཁ་ལུ་སྦེ་བསྡུ་སྲོལ་ཡོདཔ་ཨིན། གཞས་འདི་བྱིན་རླབས་ཅན་ཅིག་འབད་ནི་འདི་གིས་ སྤ་རོ་ཚེས་བཅུའི་སྐབས་ལུ་ཡང་ འཆམ་གྱི་ལས་རིམ་ཚུ་ མགོ་མ་བཙུགས་པའི་ཧེ་མ་ ཝུ་ཆུ་པའི་གཞས་འདི་གིས་འབད་ ས་བཅག་དགོཔ་ཨིན་མས།

ང་བཅས་རང་སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་ཚུ་གིས་མཛད་མི་ ལམ་སྲོལ་ཁྱད་པར་ཅན་ཚུ་ རྒྱལ་ཁབ་རང་དབང་རང་བཙན་གྱི་ངོ་རྟགས་བཟང་པོ་ཅིག་ལུ་གྱུར་ཏེ་ཡོད་པའི་ཁར་ སྔར་ལས་ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ མི་ཉམས་གོང་འཕེལ་དང་རྒྱུན་སྐྱོང་འཐབ་སྟེ་ཡོདཔ་ཨིན་རུང་། ད་རེས་ནང་པ་རྒྱལ་ཁབ་ཀྱི་གོང་འཕེལ་དང་ དུས་ཀྱི་འགྱུར་བ་དང་བསྟུན་ ན་གཞོན་ཚུ་གི་ ལམ་སྲོལ་འདི་ལུ་སྤྲོ་བ་དང་དང་འདོད་མི་བསྐྱེད་དོ་ཡོདཔ་ཨིན་མས།

ཝུ་ཆུ་པའི་གཞས་འདི་ ཐུགས་སྤྲོ་ཉམས་འཕེལ་ནིའི་དོན་ལུ་བརྐྱབས་ཏེ་ ཕུལ་ཕུལཝ་རྐྱངམ་ཅིག་མེན་པར་ ཚིག་ཚུ་ མཁས་པའི་གསུང་བྱིན་རླབས་ཅན་ཨིན་པའི་ཁར་ ལེའུ་དང་གདངས་ཡང་ གཞན་དང་མ་འདྲཝ་སྦེ་ཡོདཔ་ཨིན། འདི་ཚུ་ང་བཅས་རང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ ཐུགས་བསྐྱེད་བཟང་པོའི་ཐོག་ལས་མཛད་དེ་ བཞག་ཡོད་པའི་ལམ་སྲོལ་བཟང་པོ་ཅིག་ཨིན་རུང་ ད་རེས་ནངས་པ་ མི་མངས་ཡོངས་ཀྱི་འདི་ལུ་ བརྩི་མཐོང་གནམ་མེད་ས་མེད་ཅིག་མེདཔ་ཨིན་མས།

སྤྱིར་བཏང་སྤ་རོ་ལུང་གཤོང་ནང་ལུ་ དགོན་སྡེ་དང་ལྷ་ཁང་ཚུ་གི་ནང་ལུ་ ལོ་བསྟར་བཞིན་དུ་ ཚེས་བཅུ་དང་འབུམ་སྡེ་མ་འདྲཝ་ལེ་ཤ་ཅིག་རང་གནང་སྲོལ་ཡོད་རུང་། ད་རེས་ནངས་པ་འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་ལུ་གྱུར་ཏེ་ཡོད་པའི་སྤ་རོ་ཚེས་བཅུ་འདི་ཡང་ རྫོང་བྲག་ཁ་གི་ཚེས་བཅུ་ལས་འགོ་བཙུགས་ཏེ་ རྫོང་བྲག་ཁ་གི་ཚེས་བཅུ་གིས་མཇུག་བསྡུ་སྲོལ་ཡོད་དོ་བཟུམ་འབད་ ཝུ་ཆུ་པའི་གཞས་འདི་ཡང་ལོ་བསྟར་བཞིན་དུ་ སྤ་རོ་ཚེས་བཅུའི་སྐབས་ རྒྱུན་མ་ཆད་པར་འཕུལ་དགོཔ་ཨིན་མས།

སྤྱིར་བཏང་གི་ ཚེས་བཅུ་གི་དུས་སྟོན་ཚུ་གི་སྐབས་ལུ་ སྒྲ་སྙན་ཆོས་གཞས་ཀྱི་མཇུག་བསྡུ་དགོཔ་ཨིན་རུང་ སྤ་རོ་ཚེས་བཅུ་ཉིནམ་འཇུག་འདི་ཁར་ དྲོ་པ་ཆུ་ཚོད་༣ལས་འགོ་བཟུང་སྟེ་ཆུ་ཚོད༩ཚུན་ དང་ཕུགས་ལས་བཞེངས་མི་གུ་རུའི་མཐོང་གྲོལ་བྱིན་རླབས་ཅན་དེ་ མི་དམངས་ལུ་མཇལ་ཁ་གནངམ་དང་འབྲེལ་ཏེ་ ཕྱི་རུ་འཆམ་དང་ཞབས་ཁྲ་གི་ལས་རིམ་ཚུ་གེ་ར་ མཇུག་བསྡུ་ཚར་བའི་ཤུལ་ལུ་ ཝུ་ཆུ་པའི་གཞས་འདི་གི་འབད་བཀྲ་ཤིས་ཕབ་དགོཔ་ཨིན་མས།

ཞིབ་འཚོལ་དང་འཁྲིལཝ་ད་ སྤ་གྲོ་ཝུ་ཆུ་པའི་གཞས་འདི་ལུ་ ལེའུ་མ་འདྲཝ་བཅོ་བརྒྱད་ཡོདཔ་འབད་བཀོད་དེ་ཡོད་རུང་ ཁ་རྒྱུན་དང་འཁྲིལཝ་དང་ གཞས་རིགས་བཅུ་གསུམ་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཝུ་ཆུ་པའི་གཞས་འདི་ལུ་ཡང་ ལེའུ་ཁག་མ་འདྲཝ་༡༣ལས་མེདཔ་མ་ཚད་ འདི་ཚུ་གེ་ར་སྤ་རོ་ཚེ་བཅུའི་སྐབས་ལུ་རྐྱབ་སྲོལ་མེདཔ་ཨིན་མས།

རྫོང་བྲག་ཚེས་བཅུ་ཉིནམ་མཇུག་འདི་ཁར་ གར་འཆམ་གྱི་ལས་རིམ་ཚུ་ རྒྱས་ཤིང་རྒྱསཔ་འབད་ ཚེས་བཅུ་ཐམ་ལུ་གནང་མི་ གར་འཆམ་ཚུ་དང་ དབྱེ་བ་གང་ཡང་མེད་འདི་འབད་ས་ཅིག་རུང་ ཝུ་ཆུ་པའི་གཞས་དང་ ཞབས་ཁྲ་གི་ཐད་ཁར་ལྷོདཔ་ད་ གར་འཆམ་དང་མཉམ་ཅིག་སྤེལ་ཡི་རང་རྐྱབ་དགོཔ་ཨིན་མས། སྤ་རོ་ཚེས་བཅུ་གི་སྐབས་ལུ་འབད་བ་ཅིན་ ཉིནམ་རེ་ལུ་ གཞས་ལེའུ་ཐེངས་གཉིས་དང་གསུམ་དེ་ཅིག་ལས་རྐྱབ་སྲོལ་མེད་རུང་ རྫོང་བྲག་ཚེས་བཅུའི་སྐབས་ལུ་ འཕྲལ་འཕྲལ་རང་ འཆམ་དང་ཞབས་ཁྲ་གི་བར་ཚམས་ལུ་སྤྱན་འབུལ་ཞུ་དགོཔ་ཨིན་མས། ཨིན་རུང་ད་རེས་ནངས་པ་ དེང་སང་གྱི་དུས་དང་བསྟུན་ཏེ་ གཞསཔ་མ་ལངས་པའི་དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས། ལུང་གཉིས་རྒེད་འོག་བཟུམ་ཅིག་ནང་འབད་བ་ཅིན་ ལོ་བསྟར་བཞིན་དུ་ རྫོང་བྲག་ཚེས་བཅུ་འདི་ རྒྱུན་མ་ཆད་པར་དུས་ཚོད་ཁར་ཀྲིག་ཀྲི་འབད་གནང་དགོཔ་ཡོདཔ་མ་ཚད་ ཝུ་ཆུ་པའི་གཞས་འདི་ཡང་ ཚེས་བཅུ་གི་ལམ་ལུགས་དང་འཁྲིལ་ཏེ་ དབང་བཞི་སྐོར་གྱི་སྦྱིན་བདག་ཚུ་གི་ མི་ཉམས་རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།

སྔོན་དང་ཕུག་ལས་ ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ རྒྱུན་མ་ཆད་པར་གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་རྫོང་བྲག་ཚེས་བཅུ་ ཉིམ་མཇུག་འདི་ཁར་ཆོས་གྲོལ་སྤང་ནང་ ལས་རིམ་མཇུག་རང་ ཝུ་ཆུ་པའི་གཞས་འདི་གི་བཀྲིས་ཕབ་སྟེ་ ལུང་གཉིས་རྒཔོ་གིས་དབུ་གཙོས་པའི་ དབང་བཞི་སྐོར་གྱི་སྦྱིན་བདག་ཚུ་གིས་ གྲུབ་ཐོབ་མགོན་པོ་རྡོ་རྗེའི་སྐུ་འདྲ་འདི་ རང་ལུགས་ཆིབས་གྲལ་གྱི་ཐོག་ལས་གུ་རུ་ལྷ་ཁང་འདི་ནང་གདན་འདྲེན་ཞུ་སྟེ་བཞུགས་ སུ་གསོལ་ཞིན་ན་ རྒེད་འོག་ཡིག་ཚང་ལྟེ་བ་འདི་ཁར་ལོག་འོང་ཞིནམ་ལས་ བཀྲ་ཤིས་སྨོན་ལམ་དང་བཅསཔ་འབད་མཇུག་བསྡུཝ་ཨིན་མས།། །།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s

%d bloggers like this: