བློ་ཟེ།


འབྲུག་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོངམ་དང་ ཕམ་བཟང་པོ་དངོས་སུ་སྲོལ་ཁྱུན་བཙུགས་གནང་བའི་ ལམ་སྲོལ་བཟང་པོ་གིས་ཕྱུགས་པའི་རྒྱལ་ཁབ་ཅིག་ཨིན། དེའི་ནང་དོན་གཉིད་ལས་ཡང་ བློ་ཟེ་ཟེར་མི་འདི་ ང་བཅས་ར་འབྲུག་པའི་མི་སྡེ་ནང་ལུ་ དུས་དང་ཕུག་ལས་ ཕོ་མོ་རྒན་གཞོན་མེད་པ་ག་ར་ཨིན་རུང་ མི་བློ་རིག་ཅན་ ཁ་མཁས་དྲགས་ ལྕེ་ལ་སློག་སྒྱུར་ཤེས་མི། དེ་ལས་གཅིག་གིས་གཅིག་ལུ་ལོ་རྒྱུས་སླབ་དགོཔ་ཐོནམ་ད་ ཆོས་ཀྱི་ཁ་ཐུག་ལས་ལུང་དྲངས་བཟུམ་སྦེ་ དཔེ་དང་དོན་སྦྱར་ཏེ་ ཕར་ལོགས་མའི་ལེན་དང་བསྟུན་པའི་གཏམ་ལན་ འདི་འཕྲོ་ལས་རང་བློ་ཟེ་གི་ཐོག་ལས་སླབ་སྲོལ་ཡོད་པའི་ངག་རྩལ་ཅིག་ཨིན་མས།

ང་བཅས་རའི་རྒྱལ་ཁབ་ནང་ བློ་ཟེ་བསྒྱུར་ནིའི་སྲོལ་འདི་ ཧེ་མ་ལས་ཡོདཔ་ཨིན་རུང་ གཙོ་བོ་དུས་རབས་༧་པའི་ནང་ རྗེ་མཁན་ཁྲི་རབས་༩་པ་ རྒྱལ་བ་ཤཱཀྱ་རིན་ཆེན་བཞུགས་པའི་སྐབས་ ཤར་གྱི་ཨམ་མོ་རེངསམོ་གཅིག་གིས་ སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་པ་ཨིན་ཟེར་ བློ་ཟེ་བསྒྱུར་ཡོད་པའི་ལོ་རྒྱུས་སླབ་སྲོལ་ཡོདཔ་ལས་ དེ་ལས་ཚུར་ བློ་ཟེ་བསྒྱུར་སྲོལ་དར་ཁྱབ་རྒྱ་ཆེཝ་སྦེ་རང་སོང་ཡོད་པའི་ལོ་རྒྱུས་ ད་ལྟོའི་བར་ན་ཡང་གོ་ཚུགས་པས། མ་གཞི་བློ་ཟེ་བསྒྱུར་བའི་སྐབས་ལུ་ གནད་དོན་འདི་དང་འདི་གི་སྐོར་ལས་ཨིན་ཟེར་ ཏན་ཏན་ཅིག་མེད་རུང་ ཕར་ལོགས་མ་གིས་སླབ་མི་གུ་ཚིག་བཤེད་ དེ་དང་བསྟུན་པའི་ལན་རྐྱབ་དགོཔ་ཨིན་རུང་ གནད་དོན་འདི་ཚུད་དགོཔ་ཨིན་མས། དེ་ནང་ལུ་དགག་སྒྲུབ་དང་ དྲི་བ་དྲི་ལན་གྱི་རིག་རྩལ། རང་གི་སེམས་ཁར་ཤར་བའི་འཚོར་སྣང། དགའ་མཐུན་གི་ཚིག་དང་ བསྟོད་ཚིག་ དེ་ལས་ དགའ་བ་དང་སྐྱོ་བའི་ཚིག་ཚུ་བཙུགས་ཏེ་ བློ་ཟེ་ཚུ་སྒྱུར་དོ་ཡོདཔ་མ་ཚད་ ལོ་རྒྱུས་དང་རྒྱལ་རབས་ ཚུ་ཡང་བློ་ཟེ་སྦེ་བསྒྱུར་ཚུལ་ཡོདཔ་ཨིན་མས།

ད་རེས་ནངས་པ་ དུས་ཀྱི་འཕོ་འགྱུར་དང་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ཏེ་ མི་ཚུ་གི་རིག་རྩལ་ལས་གྲུབ་པའི་ སྣང་བ་ལེ་ཤ་བྱུངམ་ད་ ན་གཞོན་ཚུ་གི་ཡང་ འདི་ལུ་སྤྲོ་བ་བསྐྱེདཔ་མ་གཏོགས་ ང་བཅས་ར་འབྲུག་པའི་སྔར་སྲོལ་ལུ་ཡོད་པའི་ བློ་ཟེ་ལུ་སྤྲོ་བ་ལེན་མི་ གནམ་མེད་ས་མེད་ཅིག་མེདཔ་ཨིན་པས། ཨིན་རུང་ བར་སྐབས་ཅིག་ལས་སློབ་གྲྭ་ཁག་ལུ་སྤྲོ་སྟོན་གྱི་ལས་རིམ་གྱི་གྲས་ཁར་  བླ་ཟེ་བསྒྱུར་ནིའི་ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་    རྒྱང་བསྒྲགས་དང་རྒྱང་མཐོང་ནང་བློ་ཟེ་བསྒྱུར་སྲོལ་ཡོད་མི་འདི་ རྒན་ཤོས་མང་ཤོས་ཀྱིས་དང་ཕུགས་ཕ་མའི་ངོ་བསྒང་ལུ་བསྒྱུར་སྲོལ་ཡོད་པའི་བློ་ཟེའི་ཚིག་འདི་རང་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ན་གཞོན་ཚུ་གིས་རང་སོའི་རིག་རྩལ་གྱིས་བཟོ་སྟེ་ཡོད་པའི་ དཔྱེ་དང་དོན་མ་འགྲིག་པའི་ བློ་ཟེ་བསྒྱུར་མི་ཡང་འཐོནམ་ཨིན་པས། འདི་འབད་ནི་འདི་གི་  ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ འདི་ཚུ་ མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དོན་ལུ་དང་ ན་གཞོན་ཚུ་གིས་ཧེང་སྐལ་ར་སྤྲོ་བ་བསྐྱེད་བཅུག་ནིའི་ཐབས་ལུ་ ད་རེས་ནངས་པ་ སློབ་རིམ་བཅུ་གཉིས་པའི་རྫོང་ཁའི་ཆོས་ཚན་ནང་ལུ་བཙུགས་ཏེ་ཡོད་ནི་འདི་གིས་ རྫོང་ཁའི་སྐད་ཡིག་གོང་འཕེལ་དང་ ན་གཞོན་ཚུ་ལུ་རིག་རྩལ་ཐོབ་ནི་ལུ་ ཕན་ཐོགས་རྒྱ་ཆེཝ་སྦེ་རང་འབྱུང་ནི་ཨིན་མས།

འཇིག་རྟེན་པའི་དཔྱེ་གཏམ་ལས་ཡང་ རང་ཁ་མ་ཤེས་རོགས་ཁ་སྦྱངས།།་ཟེར་དོ་བཟུམ་ འབྲུག་རྒྱལ་ཁབ་ནང་ལུ་ཡང་ གཞན་གྱི་ལམ་སྲོལ་དང་ སྐད་ཡིག་ཚུ་རང་བཞིན་གྱི་ དར་ཁྱབ་ཆེ་ཏོག་ཏོ་འབད་ གོང་འཕེལ་འགྱོ་འདི་ཡོདཔ་ཨིན། འདི་འབདཝ་ལས་ རང་གི་དངོས་མེད་ངག་རྒྱུན་གི་ལམ་སྲོལ་ དཔེར་ན་གཙང་མོ་དང་བློ་ཟེ་འདི་ཚུ་ དུས་ནམ་ཅིག་གི་ཚེ་ ཡལ་འགྱོ་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ ནད་མ་འོངམ་ལས་རིམ་འགྲོ།། ཆུ་མ་འོངམ་ལས་གཡུར་བ་ཟེར་དོ་བཟུམ་ དང་ཕུགས་ཕ་མའི་ངོ་བསྒང་ལུ་ཡོངས་གྲགས་ཅན་ཅིག་སྦེ་ བསྒྱུར་སྲོལ་ཡོད་པའི་བློ་ཟེ་འདི་ ཉམས་མ་བཅུག་པར་ལག་ལེན་འཐབ་ནི་གི་དུས་ཚོད་ ཕྱིསན་མ་གཏོགས་མི་ཧག་བས་ཟེར་ཞུ་ནི་ཨིན།།

ཞིབ་འཚོལཔ་དང་འབརི་མི་ རིན་ཆེན་རྡོ་རྗེ།

%d bloggers like this: