བཞུགས་གྲལ་གྱི་གོ་རིམ།


དཔལ་ལྡན་འབྲུག་པའི་ལུགས་ལས་ བཟང་པོའི་ལཱ་ག་ཅི་བཟུམ་ཅིག་འགོ་བརྩམ་རུང་ བཞུགས་གྲལ་ཕུན་སུམ་ཚོགས་པ་བགྱང་དགོཔ་ཨིན། བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེ་ རྒྱལ་ཡོངས་དུས་ཆེན་དང་ དུས་སྟོན་གཞན་ ཁྲི་མངའ་གསོལ། གོ་གནས་གསར་བསྐོས། དགེ་འདུན་གསོལ་ཐབ་བྱོནམ་ད། རྒྱལ་ཡོངས་ཚོགས་འདུའི་འགོ་བཙུགས་རྟེན་འབྲེལ། ལོ་གསར། གཉེན་གྱི་རྟེན་འབྲེལ། སྐྱེས་སྟོན་ཚུ་གི་སྐབས་ལུ་འབད་དགོཔ་ཨིན་པས།

བཞུགས་གྲལ་ཟེར་མི་དེ་ གཙོ་བོ་ར་མཛད་སྒོ་ག་ཅིའི་དོན་ལུ་བརྩིཝ་ཨིན་རུང་ བཞུགས་གྲལ་གྱི་རྫས་ཚུ་དྲང་བཞག་རྐྱབ་ད་ བདེ་གཤེགས་སྤྱི་མཆོད་པ་ལས་ འགོ་བཟུང་སྟེ་ དཔལ་ལྡན་འབྲུག་པ་ ཞབས་དྲུང་གི་ འཁྲུངས་རབས་ཕུན་སུམ་ཚོགས་པའི་གསོལ་འདེབས་ལས་ མཇུག་བཀྲིས་སྨོན་ཚིག་ཚུན་ཡོདཔ་ཨིན་པས། དེ་སྦེ་འབད་དགོ་མི་དེ་ཡང་ ལཱ་ག་ཅི་རང་ཨིན་རུང་ ཕུན་སུམ་ཚོགས་ནིའི་དོན་ལུ་ སྐྱབས་མགོན་དམ་པ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་བྱིན་རླབས་འཇུག་ནིའི་དོན་ལུ་ཨིན་པས།

བཞུགས་གྲལ་གྱི་ གོ་རིམ་དེ་ཡང་ གྲོ་མ་ དྲི་བཟང་ གསོལ་ཇ་ བཞེས་རྩམ་ མར་ཆང་ ཐུགས་སྨོན་དར་ཤིང་ ཕྱག་འགྱེདཔ་ དོག་མ་པ་ནེ་ དེ་ལས་ ཤིང་འབྲས་ཀྱི་རིགས་ཚུ་ དྲང་དགོཔ་མ་ཚད། ཁྲི་མངའ་གསོལ། གོ་གནས་གསར་བསྐོས། ཚོགས་འཛོམས་འགོ་བཙུག རབ་གནས་ཀྱི་སྐབས་ཀྱི་རྟེན་འབྲེལ་ལུ་ ཤིང་འབྲས་ངང་ལ་ལས་འགོ་བཙུག་སྟེ་དྲང་དགོཔ་ཨིན་རུང་། ལོ་གསར་ལུ་ ཤིང་འབྲས་ཧུམ་པ་ གཉེན་གྱི་སྐབས་ ཚལ་ལུ་ལས་འགོ་བཙུགས་ཏེ་དྲང་དགོཔ་ཨིན་པས།