བཀབ་ནེ།


འབྲུགཔ་ཚུ་གིས་ བཀབ་ནེ་ལག་ལེན་འཐབ་ནི་དགོཔ་འདི་ མེད་ཐབས་མེདཔ་ཅིན་ཨིན། དེ་སྦེ་རྒྱུ་མཚན་ལྡན་པའི་ཁུངས་རྒྱ་ཆེཝ་གཏིང་ཟབ་སྦེ་མ་མཁྱེན་རུང་ ཆ་ཙམ་ཅིག་མཁྱེན་དགོཔ་གལ་ཆེ་བས། དེ་ཡང་ཧེ་མ་རྒྱ་གར་འཕགས་པའི་ཡུལ་ལུ་ བདག་ཅན་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ འཁོར་རྣམ་པ་བཞི་ལུ་ འདུལ་ཁྲིམས་བཟོ་གནང་པའི་སྐབས་ དགེ་སློང་ཚུ་གིས་ ཆོས་གོས་རྣམ་གསུམ་གཙོ་བོར་བཏོན་དགོཔ་སྦེ་གསུངས་ནུག བཀབ་ནེ་བཀབ་དགོ་པའི་དོན་དག་ལེ་ཤ་ཡོད་རུང་ གཙོ་བོ་ཅིག་གུས་ཞབས་ཀྱི་དོན་ལུ་དང་ བསྙེན་རྫོགས་དང་ བསྙེན་རྫོགས་མིན་མི་ཚུ་གི་ གོ་གནས་ཀྱི་རྟགས་ཀྱི་དབྱེ་བ་བཟུམ་ཅིག་སྦེ་ བཟོ་གནང་གནངམ་ཨིན་པས།
མ་གཞི་བཀབ་ནེ་བཀབ་དགོ་པའི་དོན་དག་ མཁསཔ་ཆེནམོ་ཚུ་གིས་ཁུངས་བཀལ་སྲོལ་མ་འདྲཝ་སྦེ་ཡོད་རུང་ ང་བཅས་ར་འབྲུག་གི་ལུགས་སྲོལ་གྱི་དབང་ལུ་གཏང་སྟེ་ཞུ་བ་ཅིན་ ལྷོ་མོན་ཁ་བཞི་ལུ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ མོན་པ་ཚུ་ གསང་སྔགས་རྡོ་རྗེ་ཐེག་པའི་གདུལ་ཞིང་ལུ་གཟིགས་ཏེ་ སྲོག་གཅོད་སྤངས་བཅུག དགེ་བསྙེན་གྱི་སྡོམ་པ་གནང་སྟེ་ གསང་སྔགས་ཀྱི་ལམ་ལུགས་ཞུགས་པའི་རྟགས་མཚན་ལུ་ སྤྱིར་བཏང་ལུ་བཀབ་ནེ་ཚོས་གཞི་དཀརཔོ་དང་ དགེ་སློང་གི་རིགས་ལུ་ འདུལ་བ་དང་འཁྲིལ་ཏེ་ ཆོས་གོས་རང་འཇགས་བཀབ་སྲོལ་བཙུགས་གནང་ནི་འདི་གིས་ གཙོ་བོ་ར་ ཆོས་ཀྱི་མཛད་སྒོའི་སྐབས་ལུ་ གུས་ཞབས་ཀྱི་དོན་ལུ་ལག་ལེན་འཐབ་སྲོལ་བྱུང་ཞིན་ན་ལས་དར་ཁྱབ་སོང་ནུག།
དེ་མ་ཚད་དུས་རབས་༡༧པའི་ནང་ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་སྲིད་ལུགས་གཉིས་ཀྱི་ གཞུང་དབུ་བཙུགས་གནང་པའི་སྐབས་ དགེ་འདུན་གྱི་སྡེ་ལུ་ཐུགས་གཏད་དེ་ ལུགས་གཉིས་འཁོར་ལོ་བསྒྱུར་བའི་དཔོན་ཁག་གཙོ་ཅན་གྱི་རིགས་ཚུ་ དགེ་འདུན་གྱི་སྡེ་ལས་བསྐོས་སྲོལ་འགོ་བཙུགས་པའི་སྐབས་ལྷན་རྒྱས་དང་གཉིས་སྐལ་ མའི་ན་བཟའ་གི་དབྱེ་བ་སོ་སོར་བཟོ་གནང་ནུག དེ་བསྒང་གཉེར་ཆེན་དང་ཆིབས་བཞོནམ་ཚུ་ བཀབ་ནེ་ཚོས་གཞི་དཀརཔོ་འདི་རང་བཀབ་དོ་ཡོདཔ་ཨིན་རུང་། ཤུལ་ལས་རྒྱལ་བརྒྱུད་ཀྱི་གཞུང་དབུ་བརྙེས་ཞིན་ན་ བློན་པོ་ལྷན་རྒྱས་དང་ལྷན་རྒྱས་འོགམ། གཉིས་སྐལམ་དང་ཆིབས་ཞོནམ། རབ་འབྱམས་ཀྱི་གོ་གནས་ཀྱི་རིམ་པ་དང་འཁྲིལ་ཏེ་ བཀབ་ནེ་གི་དབྱེ་བ་སོ་སོ་སྦེ་མཛད་མི་ཚུ་ཡང་དཔེར་ན་ མངའ་བདག་རིན་པོ་ཆེ་གི་ ན་བཟའ་ཚོས་གཞི་སེརཔོ་དང་ བློན་པོ་ཚུ་གི་ ལི་ཝང་། དྲང་དཔོན་ཚུ་གི་ལྗང་ཁུ། དེ་ལས་རྫོང་བདག་ཚུ་གི་ ཚོས་གཞི་དམརཔོ་གུ་ ཐིག་ཁྲ་དཀརཔོ་རྐྱབ་རྐྱབས་ཚུ་དང་། སྤྱིར་གཏང་མི་གནགཔོ་ཚུ་གི་ ཚོས་གཞི་དཀརཔོ་གུ་ རསཔ་ཡོད་མི་ཚུ་བཀབ་སྲོལ་ཡོདཔ་ཨིན།
བཀབ་ནེ་བཀབ་དགོཔ་དེ་ ཕོ་མོ་དབྱེ་བ་མེད་དེ་འབད་རུང་ ཨམ་སྲུ་གི་བཀབ་མི་ལུ་ རག་ཅུང་ཟེར་སླབ་ཨིནམ་ད་ དེ་ཡང་མེ་ཏོག་བཙུགས་ཏེ་ ཟུར་ཁ་ལས་རསཔ་ཡོདཔ་ཨིན་རུང་ རག་ཅུང་དེ་ ཕོ་རྒས་ཀྱི་བཀབ་ནེ་དང་ཕྱདཔ་དང་ ཚད་གཞི་ཆུང་སུ་སྦེ་ཡོདཔ་ཨིན། དེ་འབད་ནི་འདི་གིས་ ང་བཅས་ར་འབྲུག་མི་ག་ར་ དཔལ་ལྡན་འབྲུག་པའི་མི་ཁུངས་ཅིག་ཨིནམ་ལས་བརྟེན་ བཀབ་ནེའི་རྒྱབ་ཁུངས་མཁྱེན་དགོ་པའི་ཁར་ དེ་ལུ་གུས་ཞབས་དང་བརྩི་མཐོང་བསྐྱེད་དེ་ ལག་ལེན་ཚུལ་བཞིན་མཛད་དགོཔ་དེ་ག་ནེ་བ་ཡང་གལ་ཆེ་བས་ཟེར་ཞུ་ནི་ཨིན།

 


ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s