ཐབ་བཟོ་ཐངས།


འབྲུག་ཤར་ཕྱོགས་དང་ ལྷོ་ཕྱོགས་ཁ་ཐུག་ལུ་ ཐབ་ཚང་ལག་ལེན་འཐབ་ཐངས་ གསལ་ཏོག་ཏོ་ཅིག་ཞུ་ནི་མེད་རུང་། ནུབ་ཕྱོགས་ཁ་ཐུག་ལུ་ དེ་བསྒང་འབད་བ་ཅིན་ གཡུས་ཚན་མང་ཤོས་ནང་ར་ ཐབ་ཚང་ཕྱི་ཁར་མིན་པར་ མ་ཁྱིམ་ནང་ལུ་ བར་ཀ་གི་ཟུར་ཅིག་ཁར་ ཐབ་ཚང་ཡོདཔ་ཨིན་རུང་ མི་དྲག་དྲགམ་ཚུ་གི་ཁྱིམ་ནང་ལུ་ བར་ཀ་ནང་ལུ་ རྣམ་དག་སྒོ་གསུམ་བཙུགས་ཏེ་ དེའི་ནང་ན་ ཐབ་ཚང་ལག་ལེན་འཐབ་ཨིན་པས། ཨིན་རུང་བར་སྐབས་ཅིག་ལས་ རྒྱབ་ཁབ་ཡར་རྒྱས་དང་བསྟུན་ཏེ་ གཡུས་ཚན་མང་ཤོས་ཅིག་ནང་ ཐབ་ཚང་མ་ཁྱིམ་གྱི་ཕྱི་ཁར་ རྒྱལ་སྒོའི་ཟུར་ཁར་འདག་སྦྱར་བཞི་སྐོར་རྐྱབ་སྟེ་ ཐབ་ཚང་སྦེ་ལག་ལེན་འཐབ་སྲོལ་ཡོངས་གྲགས་སོང་ནུག།
ཐབ་ཀྱི་ཐུབ་ཚད་འདི་ འགོ་ཐོག་ཐབས་འཆམ་པའི་སྐབས་ སྤར་བཞག་ཧིང་དང་འཁྲིལ་ཏེ་འགྱོ་དོ་ཡོདཔ་ལས་ སྤུས་ཙ་སྦེ་འཆམ་འཆམ་ཨིན་པ་ཅིན་ ཧ་ལམ་མི་ལོ་༢༠ལྷགཔ་སྦེ་ཐུབ་ཨིན་རུང་ དེ་མིན་པ་ས་མ་གསིག་མི་དང་ སྤར་སྤུས་གཙང་སྦེ་མ་འཆམ་པ་ཅིན་ མེ་གཔ་ཆེ་འཕུ་བའི་བསྒང་ལས་ དྲོད་ཀྱིས་ཐབ་གག་འགྱོཝ་ཨིན་པས།
ཐབ་བརྡུང་ཚུལ་ དང་པ་ར་ རང་གི་གཡུས་སྒོ་ནང་ཡོད་པའི་རྩིསཔ་ལས་ ཐབ་བརྡུང་ནིའི་གཟའ་སྐར་བལྟ་ཞིནམ་ལས་ ལས་མི་འཚོལ་དགོཔ་ཨིན། ཁྱིམ་ལ་ལུ་ཅིག་ནང་ལུ་ ཐབ་མགུ་གསུམ་དང་མགུ་གཉིསམ་ཚུ་ རང་སོའི་དང་འདོད་དང་བསྟུན་ཏེ་བརྡུངམ་ཨིན་པས། འགོ་དང་པ་ར་ ཐབ་ས་འདི་ ཆབ་གསང་གཏང་ས་བཙོག་ས་ལས་མིན་པར་ ས་གཙང་ལས་བརྐོ་ཞིན་ན་ ས་བོང་ཐོད་ཡོད་མི་ཚུ་ རྟས་ཐག་གིས་སྤུས་ཙ་སྦེ་བརྡུང་ཞིནམ་ལས་ གསིག་མ་ནང་གསིག་དགོ། དེ་ལས་ཐབ་ཀྱི་མཐོ་དམན་དང་ སྦོམ་ཆུང་ ཕར་ཚུར་རིང་ཚད་ག་དེམ་ཅིག་དགོ་ནི་ཨིན་ན་ རང་སོའི་འདོད་པ་དང་འཁྲིལ་ཏེ་ ཨེན་ཏ་བཞི་སྐོར་འཐབ་སྟེ་ སྒྲིང་སྒྲིང་བཟོ་དགོཔ་ཨིན། དེ་ལས་གཟའ་སྐར་དང་འཁྲིལ་ཏེ་ ནང་གི་ཨམ་གྱིས་སྨོན་ལམ་བཏབ་སྟེ་སྙན་དར་བཙུགས་པའི་ཤུལ་ལུ་ ཨེན་ཏ་བཞི་སྐོར་འཐབ་སྟེ་ཡོད་པའི་སྒྲོམ་ནང་ལུ་ ས་ཁུར་བླུགས་ཏེ་ཐབ་འཆམ་ནི་འགོ་བཙུགསཔ་ཨིན།
དེ་ལས་ཉིན་གྲངས་༢ཀྱི་ཤུལལས་ ཐབ་ཧ་ལམ་ཅིག་སྐམ་ཐལཝ་ད་ དང་པ་ར་ཐབ་པའི་སྒོ་སྦོམ་ཆུང་རན་ཏོག་ཏོ་ཅིག་ དོང་སྤེད་ཚརཝ་ད་རྐྱངམ་ཅིག་མ་གཏོགས་ ལྟག་ལུ་རྫམ་བཀལ་སའི་དོང་སྤེད་སྲོལ་མེདཔ་ཨིན་པས། ཐབ་མགུ་གསུམ་ཨིན་པ་ཅིན་ གདོང་ཕྱོགས་ཁ་ཐུག་གི་དོང་གཡས་གཡོན་གཉིས་ལུ་ ལྟོ་འབལ། ཇ་བསྐོལ། ཚོདམ་བཙོ་ས་དང་།། རྒྱབ་ཀྱི་དོང་གུ་ ཨ་རྟག་ར་རྫམ་ཅིག་བཀལ་མི་འདི་ལུ་ དཀྱིས་ཐབ་ཟེར་སླབ་ཨིནམ་ད་ དེ་ནང་ཆུ་ཚན་རྐྱངམ་ཅིག་བསྐོལཝ་ཨིན། དཀྱི་ཐབ་ནང་ ཨ་རྟག་ར་ཆུ་ཚན་བསྐོལ་བཞག་མི་འདི་ ལགཔ་འཁྱུ་ནི་དང་ ཚོདམ་ཆུ་སྐམ་དང་ ཆུ་ལྷད་ནི་དང་ སྦང་ཆང་འཐུང་པའི་སྐབས་ ཆང་ཆུ་སྦེ་ལག་ལེན་འཐབ་ཨིན་པས།
ཐབ་པའི་དོང་གསུམ་ཆ་ར་གུ་ ཆོ་ལོ་གསུམ་བཟོ་དགོ་མི་དེ་ རྫམ་གྱི་ཨུབ་ཐབ་པའི་དོང་གུ་བཀལ་ད་པ་ཅིན་ མེའི་ལྷཔ་བཀག་སྟེ་ ཐབ་མེ་མི་འཇུགཔ་ལས་བརྟེན་ཏེ་ ཨིན་ཅི་མིན་ཅི་ཐབ་ཀྱི་ཆོ་ལོ་བཟོ་དགོཔ་ཨིན།
དེ་ལས་ཐབ་པའི་གདོང་ཁར་ མེ་སྐྱོར་བཟོ་དགོ་མི་དེ་ གོ་ཐལ་དང་མེ་མགལ་ཕྱི་ཁར་མི་འགྱོ་ནིའི་དོན་ལུ་དང་། དེ་ལས་ལྟོ་སྦྱར་ཁུ་བཙག་ཞིནམ་ལས་ ལྟོ་པང་པ་སྦེ་འགྱོ་ནིའི་ཐབས་ལུ་ མེ་སྐྱོར་ནང་ལུ་མེ་རུ་འཐེན་ཞིན་ན་དེ་གུ་བཀལ་ཏེ་ ལྟོ་ངེས་བཅུགཔ་ཨིན།
དུས་ནམ་ར་འབད་རུང་ ཐབ་གུ་རྐངམ་བཀལ་ནི་དང་ ཟ་ཧོད་བཞག་ནི་ཚུ་རྩ་ལས་ར་མ་བཏུབ་པའི་ཁུངས་ལོགས་སུ་བཀལ་ནི་ཡོད་རུང་ སྤྱིར་བཏང་ལུ་ ཐབ་ལུ་ལྷ་གནས་ཏེ་ཡོད་པའི་ཡིད་ཆེས་བསྐྱེད་དོ་ཡོདཔ་མ་ཚད། བཟའ་ཚང་ནང་མི་དང་ མགྱོནམ་བསོད་ནམས་ཅན་ཚུ་ལུ་དྲངས་ནིའི་ཇ་དང་ བཞེས་སྒོའི་རིགས་ཚུ་ ཐབ་ཁ་ལས་འབད་དགོཔ་ལས་བརྟེན་ བརྩི་བཀུར་བསྐྱེད་དོ་ཡོདཔ་ལས་ བཞེས་སྒོ་འབད་བའི་སྐབས་ ཨེར་བསུར་གཏང་པ་ཅིན་ ཐབ་ལྷ་ཁྲོས་ཏེ་ བཟའ་ཚང་ནང་བྱ་བ་ལམ་འགྲོས་ཚུ་ལེགས་ཤོམ་མི་འོང་པའི་ཁར་ ན་ཚ་དང་ཤི་ཆད་འབྱུང་ནིའི་ཉེན་ཁ་སྦོམ་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་པས་ཟེར་ཞུ་ནི་ཨིན།

 

 

 

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s