དབང་ཚད་ཕྱིར་སྤེལ།


ཆོས་སྲིད་གཉིས་ལྡན་གྱི་འབྲུག་རྒྱལ་ཁབ་འདི་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ ལྷོ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ སྐྱབས་མགོན་དམ་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་དབུ་གཙོས་པའི་ སྐྱེས་བུ་དམ་པ་ཚུའི་ཐུགས་བསྐྱེད་སྨོན་ལམ་ལུ་བརྟེན་ རྒྱལ་ཁབ་འདི་ཆུང་ཀུ་ཅིག་ར་ཨིན་རུང་ ཕྱིའི་དགྲ་ཡི་ལག་པར་མ་ཚུད་པ་ རང་དབང་རང་བཙན་གྱི་ངང་ལུ་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་སྦེ་སྡོད་སྡོདཔ་ཅིག་ཨིན།
 ཨིན་རུང་ཤུལ་ལས་རྒྱལ་ཁབ་ནང་ སྡེ་སྲིད་ཚུ་གིས་ཆབ་སྲིད་སྐྱོངམ་དང༌། ལ་ལུང་རེ་རེ་ལུ་ དཔོན་ཁག་མང་ནི་འདི་གིས་ ནང་འཁྲུགས་བྱུང་སྟེ་ ཆབ་སྲིད་སྐྱོང་ནི་དང་མི་སེར་ལུ་བདེ་སྐྱིད་རྩ་ལས་མེདཔ་མ་ཚད་ ནད་ཡམ་མུ་གེ་གིས་དཀའ་སྡུག་ཕོག་སྟེ་ཡོད་རུང༌ སྤྱིར་དཀོན་མཆོག་གི་ཐུགས་རྗེ་དང་། ལྷ་ཆོས་སྐྱོང་སྲུང་མའི་ལུང་བསྟན་ ང་བཅས་འབངས་མི་སེར་གྱི་ཁ་རྗེ་ལས་ གནམ་བསྐོས་ལྷ་ཡི་རིགས་སྲས་མི་རྗེ་ཀྲོང་གསར་དཔོན་སློབ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ སྤྱི་ལོ་༡༩༠༧སྤྱི་ཟླ་༡༢པའི་སྤྱི་ཚེས་༡༧ལུ་ འབྲུག་གི་བླ་དཔོན་དང་འབངས་མི་སེར་ཚུ་ བློ་རྩེ་གཅིག་སྒྲིལ་གྱི་ཐོག་ལས་ འབྲུག་བརྒྱུད་འཛིན་གྱི་རྒྱལཔོ་མཛད་དགོཔ་སྦེ་གན་ཡིག་ཕུལ་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ འབྲུག་བརྒྱུད་འཛིན་གྱི་རྒྱལཔོ་དང་པ་སྦེ་ གསེར་ཁྲི་མངའ་གསོལ་ཞུས་ཏེ་ མི་ལོ་༤༥ཧྲིལ་པོར་འཁོར་བའི་ གནམ་ལོ་ཆུ་སྦྲུལ་ སྤྱི་ལོ་༡༩༥༣ལུ་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་༣་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ནང་ཧེ་མ་མེད་པའི་ རྒྱལ་གཞུང་ལྷ་མི་སྲིད་སྡེ་མཉམ་ཅིག་ཚོགས་པའི་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེནམོ་འདི་ ཆོས་སྲིད་ལུགས་གཉིས་འཁོར་ལོས་བསྒྱུར་བའི་གདན་ས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་རྣམ་རྒྱལ་རྩེའི་ཚོགས་ཁང་ནང་ ཞལ་འཛོམས་འགོ་བཙུགས་གནང་སྟེ་ རྒྱལ་ཁབ་ནང་གལ་གནད་ཆེ་བའི་གསུང་གྲོས་གནང་ས་ཅིག་ཨིནམ་ལས་ དེའི་སྐབས་ལས་ར་ མི་སེར་གྱི་སྟབས་བདེ་སྡུག་དང༌ གོང་འཕེལ་གྱི་དགོས་མཁོའི་སྐོར་ལས་ ག་ཅི་ར་ཞུ་དགོཔ་འཐོན་རུང་ མི་སེར་གྱི་འཐུས་མི་རེ་རེ་བཞིན་གྱིས་ རང་གི་མནོ་མི་འདི་ཞུ་ཆོག་པའི་དབང་ཆ་གནང་སྟེ་ཡོད།

FB_IMG_1496193335653

རྒྱལ་རབས་༤པ་མི་དབང་མངའ་བདག་རིན་པོ་ཆེ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ཡང་ མི་སེར་གྱི་སྐྱིད་སྡུག་སེལ་ཐབས་དང་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གཏང་ནིའི་མཐའ་དོན་ལུ་ ཐུགས་རིག་རྣམ་པར་བཀྲ་བའི་བཀའ་རྒྱ་ཟབ་མོའི་ལམ་སྟོན་གནང་མི་དང༌། རིག་གསར་ལམ་ལུགས་ཀྱི་ཐོག་ལས་ རྒྱལ་ཁབ་ཀྱི་མི་སྡེའི་དཔལ་འབྱོར་དང་ཆོས་སྲིད་ཡར་རྒྱས་འཕྲལ་མགྱོགས་བཏང་གནངམ་མ་ཚད།མི་སེར་ལུ་ཐུགས་ཧྲིལ་པོར་གཏད་དེ་ རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་གྱི་ཕྱག་ལཱ་ཚུ་ གཞུང་དང་མི་སེར་མཉམ་རུབ་ཀྱི་ཐོག་ལས་ཐག་བཅད་གནང་སྟེ་ གོང་འཕེལ་གྱི་ལཱ་འགན་དང་དབང་ཚད་ཚུ་ རྒྱལ་གཞུང་ལྟེ་ལས་མི་སེར་ཚུན་ཚོད་ལུ་རིམ་པར་བཞིན་དུ་ དབང་ཚད་ཕྱིར་སྤེལ་གནང་ཡོདཔ་ལས་ མི་སེར་རང་སོའི་དགོས་མཁོ་དང་ ཐོབ་ལམ་གྱི་དབང་ཆ་ར་སོར་ཡོད་པའི་ཁར་ དེ་གཡོག་བཀོལ་ཐངས་ཡང་ མི་ཆོས་གཙང་མ་བཅུ་དྲུག་དང་ ལྷ་ཆོས་དགེ་བ་བཅུ་ལས་བརྟེན་རྟ་དྲངས་པའི་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ སྔར་སྲོལ་བཟང་པོའི་ལམ་ལུགས་ཁྱུན་མ་ཉམས་པའི་ སྒྲིག་ལམ་ཆོས་གསུམ་དང་མཐུནམ་སྦེ་ འབད་དེ་སྡོད་པའི་གོ་སྐབས་ཀྱིས་ཡང་མ་ཚད་པ། རང་སོའི་དགོས་མཁོ་གལ་ཅན་དང་ དབང་ཆ་ཚུ་སྤྱོད་ནིའི་དོན་ལུ་ རྒྱལ་གཞུང་ལྟེ་བ་ལས་མི་སེར་ལུ་ རིམ་གྱིས་སྤེལ་ཏེ་ཡོད་པའི་ར་ཁུངས་ཡང་ རྒྱལ་ཡོངས་ཚོགས་འདུ་ཆེནམོ་ལས་འགོ་བཙུགས་ཏེ་ བློ་གྲོས་ཚོགས་སྡེའི་ལམ་ལུགས་གསར་བཙུགས་གནང་། སྤྱི་ལོ་༡༩༨༡ལུ་ རྫོང་ཁག་ཡར་རྒྱས་ཚོགས་ཆུང་འགོ་བཙུགས་གནང་སྟེ་ རྫོང་ཁག་གི་གནས་ཚད་ཀྱི་གནད་དོན་ཚུ་ ཚོགས་ཆུང་ནང་གྲོས་བསྟུན་གནངམ་མ་ཚད་ སྤྱི་ལོ་༡༩༩༡ལུ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་འགོ་བཙུགས་གནང་སྟེ། གྲོང་གཡུས་སྤྱི་འོག་ཚོགས་པ་ཚུན་ཚོད་ སྲིད་ཀྱི་དབང་ཆ་གནང་ཡོད་པའི་ཁར། ལྷག་པར་དུ་ སྤྱི་ལོ་༡༩༨༨ལས་ གཞུང་སྐྱོང་གི་དབང་ཚད་ཧྲིལ་པོར་ ལྷན་རྒྱས་གཞུང་ཚོགས་ལུ་གནང་མི་ དེ་བཟུམ་གྱི་ལམ་ལུགས་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསེར་ཁྲི་རྩ་བ་ལས་ འགོ་བརྩམས་གནངམ་མ་གཏོགས་ མི་སེར་ལས་དགོ་པའི་ཞུ་བ་ དུས་ནམ་ཡང་ཕུལ་ཏེ་མེད་པའི་ཁར། འཆར་གཞི་ལྷན་ཚོགས་ནང་ རྫོང་ཁག་རེ་རེའི་འཆར་གཞི་ སོར་སོ་སྦེ་བཟོ་དགོ་པའི་ལམ་སྟོན་དང༌། གཞན་བཟའཔ་དང་ གཡོག་རྒྱུགས་སྡོད་དགོ་པའི་ལུགས་སྲོལ་ཚུ་ཧྲམ་སྟེ་ ཞི་བདེའི་རང་དབང་འདྲ་མཉམ་ཐོག་ རང་གི་གཤིས་རྒྱུད་དང་ འཇོན་ཐངས་ཅན་གྱི་ལྕོགས་གྲུབ་དང་བསྟུན་པའི་ གཞུང་གཡོག་པའི་གོ་སྐབས་ག་དེ་མང་མ་གནང་ཡོདཔ་ཀུན་གྱིས་མཁྱེན་ས་ཨིན།

FB_IMG_1486867174619མི་སེར་ལུ་ཡང་སྒེར་ཚོང་དང་ སྒེར་སྡེའི་ལམ་ལུགས་ཚུ་ རང་གིས་མནོ་བསམ་ག་ཡོདཔ་ ག་ལྕོགསཔ་ད་བསྟུན་ཏེ་འབད་ཆོགཔ་མ་ཚད། དེ་ཚུ་ཡར་རྒྱས་ཀྱི་དོན་ལུ་ གཞུང་ལས་སློབ་སྦྱོང་དང་ སྦྱོང་བརྡར་ མ་དངུལ་དང་འཕྲུལ་ཆས་ཀྱི་གྲོགས་རམ་ཚུ་ གོ་སྐབས་ག་འདེ་མང་མང་ མི་སེར་ལུ་འདྲ་མཉམ་གནང་སྟེ་ཡོད་མི་འདི་ མི་སེར་ལུ་རང་དབང་ཡོད་པའི་ རྟགས་མཚན་ངོ་མ་ཅིག་ཨིན་མས། དེ་བཟུམ་གྱི་ལམ་ལུགས་བསྒྱུར་བཅོས་གནང་མི་འདི་ གོང་འཕེལ་ལཱ་གི་འཆར་གཞི་བརྩམ་ནི་དང་ མི་སེར་ག་ར་གིས་ག་ཅིའི་ནང་ལུ་འབད་རུང་ ཐད་ཀར་དུ་ བཅའ་མར་གཏོགས་ཆོག་པའི་ གོ་སྐབས་ཅིག་ཨིན་མས།
ད་རུང་འཆར་གཞི་༩པའི་ནང་ལས་ འཆར་གཞིའི་ལས་རིམ་ཚུ་ རྒེད་འོག་ལས་བརྩམ་དགོཔ་སྦེ་བཟོ་མི་འདི་ སྲིད་ཀྱི་ལམ་ལུགས་ནང་ བསྒྱུར་བཅོས་སྦོམ་ཤོས་ཅིག་ཨིན་མས། མི་དབང་མཆོག་གིས་རྒྱལ་རབས་དང་ལྡན་པའི་ ཐུགས་འཆར་གནང་མི་ཚུ་ བྱུང་དང་བྱུང་བཞིན་དུ་ཡོད་མི་དེ་ཡང་ འབྲུག་པའི་མི་སེར་ཚུ་གིས་ རྫོང་ཁག་ཡར་རྒྱས་ཚོགས་ཆུང་དང་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ གཡུས་ཚན་ནང་ལས་ཕར་ཡང་ དབང་ཆ་ཕྱིར་སྤེལ་གྱི་ལམ་ལུགས་ཀྱི་སྐོར་ལས་ མི་སེར་ཚུ་གིས་འགྲོས་ཀྱིས་འབད་ ཧ་གོ་བཅུག་ནིའི་ཐབས་ལམ་བཏོན་གནང་ཡི། དེ་ཡང་མི་དབང་མཆོག་གིས་ སྤྱི་ལོ་༡༩༧༤ལུ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་གྱི་ཉིན་མར་ ཁྱེད་མི་སེར་ཚུ་གིས་ ཁྱེད་རའི་ཕན་བདེ་ལུ་ ག་ཅི་ར་འབད་དགོ་རུང་ ཆ་མཉམ་ར་གཞུང་གིས་མཛད་འོང་ཟེར་ མནོ་བསམ་གཏང་ནི་མི་འོང༌། དེ་ཡང་གཞུང་གིས་ ཕྱག་ལཱ་ག་དེ་ཅིག་ཤུགས་བཏོན་མི་བ་འདི་ ཁྱེད་ཀྱིས་ལཱ་དུམ་གྲ་ཅིག་འབད་མི་འདི་ ཕན་ཐོགས་ཆེ་ཟེར་གསུངས་གནང་མི་འདི་ དབང་ཆ་མི་སེར་ལུ་གནང་ནི་གི་ བརྡ་མཚོན་བཟུམ་ཅིག་ཨིན་མས།

FB_IMG_1487258425509བཅུད་བསྡུ་བ་ཅིན་ དབང་ཆ་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་གནང་མི་འདི་ གཙོ་བོ་ར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་བརྩམས་གནང་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་བསྒྲུབ་ཐབས་ལུ་ཨིནམ་ལས་ རྒེད་འོག་གི་གནས་ཚད་ནང་ མི་སེར་ལུ་བྱ་སྟབས་མ་བདེའི་གནད་རེ་འཐོན་པ་ཅིན་ དེ་འཕྲལ་ལས་བཀག་ནི་དང༌། དེ་ལས་དགོས་མཁོ་ཆེ་བའི་ཡར་རྒྱས་ཀྱི་ལཱ་ ག་ཅི་བཟུམ་གཞི་བཙུགས་འབད་དགོཔ་ཡོད་ག་ བསྟུན་གྲོས་རྐྱབ་ཞིནམ་ལས་ ཚོགས་འདུ་ཆེནམོ་ནང་ ཐག་དཔྱད་ཀྱི་དོན་ལུ་ ཕུལ་ནིའི་དབང་ཆ་ཡོད་ནི་འདི་གིས་ བྱ་སྟབས་བདེ་དྲག་ཅིག་ཨིནམ་མ་ཚད། མི་སེར་རེ་རེ་བཞིན་དུ་གིས་ འཆར་གཞི་གི་ལས་རིམ་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་ལེན་དོ་ཡོད་པའི་ཁར༌། གྲོང་གཡུས་མི་སེར་ཀྱི་འཐུས་མི་ཚུ་ བློ་སྟོབས་འཕརཝ་དང་འབྲེལ་ རྒྱལ་ཡོངས་ཚོགས་འདུའི་ནང་ཡང་ སེམས་ཤུགས་ཀྱི་སྒོ་ལས་ རྩོད་འགྲན་འབད་ནི་ཚུ་ཡང་ ངལ་རང་སི་སི་སྦེ་མཐོངམ་ཨིན་མས། ཨིན་རུང་རྒྱལ་ཡོངས་ཚོགས་འདུ་ཆེནམོ་ནང་ལས་ མཐའ་འཁོར་གནས་སྟངས་དང་ ཚོང་འབྲེལ་དང་འབྲེལ་བའི་ དཔལ་འབྱོར་ལུ་ དང་ལེན་མགྱོགས་དྲག་འབད་འགྱོ་མི་འདི་ གཞུང་སྐྱོང་གི་ལམ་ལུགས་ ལེགས་ཤོམ་ཡོད་ནི་འདི་གིས་ཨིན་མས། བདག་སྐྱོང་དང་དངུལ་འབྲེལ་གྱི་དབང་ཚད་གནང་། གོང་འཕེལ་ཚོགས་ཆུང་གི་ལྕོགས་གྲུབ་ཡར་སེང་དང་ མཉམ་འབྲེལ་གྱི་གྲོས་ཆོད་བཟོ་ནི་ ཁོང་གི་རང་དབང་ཡར་སེང་ དེ་ལས་འབྲེལ་ཡོད་ས་ཁོངས་ཚུ་ནང་ ལག་ལེན་འཐབ་ཚུགས་པའི་ ཁྲིམས་ལུགས་བཟོ་ནི་གི་དབང་ཆ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ལུ་ འཇམ་ཏོང་ཏོ་གི་ལམ་ལུགས་ཚུ་གི་ཐོག་ལས་ མ་དངུལ་ཚུ་ལག་ལེན་འཐབ་ནི་གི་ དབང་ཆ་གནང་སྟེ་ཡོད་རུང༌། སྤྱི་ལོ་༢༠༠༢ཀྱི་ལོ་མཇུག་ལུ་ རྒྱལ་ཡོངས་ཚོགས་འདུ་ཆེནམོ་གི་ གྲོས་ཆོད་ད་འཁྲིལ་ཏེ་ རྫོང་ཁག་༢༠གི་རྒེད་འོག་༢༠༡ལུ་ ལྕོགས་གྲུབ་ཅན་གྱི་མི་ངོ་ཚུ་ གསང་བའི་ཚོགས་རྒྱན་བཙུགས་ཏེ་ རྒཔོ་སྦེ་བཙག་འཐུ་འབད་མི་འདི་ གཞུང་དང་མི་སེར་གྱི་བར་ན་ ཐ་དམ་ཚིག་བསྟེན་ཏེ་ གཡོ་སྒྱུ་མགོ་བསྐོར་མེད་པ་ དྲང་བདེན་ལམ་ལུགས་ཀྱི་ཐོག་ལུ་ ཕྱག་ཕྱིད་ཞུ་ཚུགས་པའི་ སྤྱི་མཚུངས་ཀྱི་ལམ་ལུགས་འདི་གིས་ རྒེད་འོག་གི་གནས་ཚད་ནང་ འཆར་གཞིའི་ལས་རིམ་ཚུ་ མི་སེར་རེ་རེ་གཉིས་གཉིས་ཀྱི་ ཁེ་ཕན་དང་ དྲག་ཞན་ངོ་སྲུང་ལུ་བལྟ་སྟེ་མིན་པ། མི་སེར་སྤྱི་སྙོམས་ལུ་ཕན་ཐོགས་ཆེ་བའི་ འཆར་གཞི་བརྩམ་མི་དང་འཁྲིལ་ཏེ་ ལག་ལེན་དངོས་སུ་འཐབ་པའི་སྐབས་ མ་དངུལ་དུས་ཚོད་ལུ་ཐོབ་མ་ཚུགས་ནི་འདི་གིས་ ལཱ་དུས་ཚོད་ཁར་རྫོགས་ནི་ལུ་  དུམ་གྲ་ཅིག་སྟབས་མ་བདེཝ་བྱུང་དོ་ཡོདཔ་ཨིན་མས། རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་ད་བསྟུན་ བཙག་འཐུ་ལས་གྲུབ་པའི་ རྒེད་འོག་གི་འགོ་ཁྲིདཔ་ཚུ་གིས་ མ་དངུལ་འདི་ཚུ་ཚུལ་མཐུན་སྦེ་ ལག་ལེན་འཐབ་མི་འཐབ་ཀྱི་ དབྱེ་ཞིབ་འབད་ནི་ལུ་ཡང་ གོ་སྐབས་ལེན་སར་མཐོངམ་ཨིན་མས།
མི་སེར་ལུ་དབང་ཆ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་ལས་ རྒེད་འོག་གནས་ཚད་ནང་ ཡར་རྒྱས་གོང་འཕེལ་གྱི་ དགོས་མཁོ་ཆེའི་རིགས་ཚུ་ གསར་བཙུགས་འབད་དགོ་པའི་དུས་ཚོད་་ལུ་ མ་དངུལ་གྱི་དཀའ་ངལ་རེ་བྱུང་པ་ཅིན་ ཕྱིའི་རྒྱལ་ཁབ་གཞན་ཁ་ལས་ མ་དངུལ་གྱི་གྲོགས་རམ་འཐོབ་པ་ འཇམ་ནི་ཨིན་མས། སྤྱི་ལོ་༢༠༠༠ལུ་ ཨེ་ཤི་ཡའི་གོང་འཕེལ་དངུལ་ཁང་གི་ འཐུས་མི་གཅིག་གིས་འབད་བ་ཅིན་ དབང་ཆ་ཕྱིར་སྤེལ་གྱི་ལས་རིམ་ད་བསྟུན་ གོང་འཕེལ་ལས་རིམ་ཚུ་ ལག་ལེན་འཐབ་དང་ཅིག་ཁར་ རྫོང་ཁག་སོ་སོའི་གནས་ཚད་དང་བསྟུན་པའི་ ལམ་ལུགས་དང་གཞི་རྟེན་ སོ་སོ་འབད་བཟོ་དགོཔ་འདུག་ཟེར་ཨིནམ་དང་ གྲོགས་རམ་བྱིན་མི་ཆ་རོགས་གཞན་ཚུ་གིས་ རྒེད་འོག་འཛིན་སྐྱོང་གི་ གོང་འཕེལ་ལས་རིམ་གྱི་འགན་ཁུར་ཚུ་ ག་འདེ་སྦེ་འབག་ཚུགས་ག་ཟེར་བའི་ ཚ་གྱང་བཀོད་མི་འདི་ལས་ ད་རེས་ལེགས་པའི་ལམ་ཕྱོགས་ཞུགས་ཏེ་ཡོདཔ་ཨིན། དེ་འབདཝ་ད་ རྒེད་འོག་གི་ཡིག་ཚང་ནང་ལུ་ བདག་སྐྱོང་གི་ལཱ་འབདཝ་ད་ དཀའ་ངལ་གཙོ་བོ་ཅིག་ དེང་སང་གི་གློག་རིག་ཀམ་པུས་ཊར་ ལག་ལེན་འཐབ་ནི་མེདཔ་ཕར་བཞག་ རྒེད་འོག་མང་ཤོས་ཅིག་ནང་ར་ ཐ་ན་མཛུབ་མནོན་ལྕགས་དཔར་ཅིག་ཡང་ ལག་ལེན་འཐབ་ནི་མེད་པ་ ཡིག་ཚང་གི་མཁོ་ཆས་ཚུ་ ཐབས་ཆག་སྦེ་ལུས་མི་དེ་ལུ་ རྒེད་འོག་གི་ལས་དྲུང་ཚུ་ ཁ་རྡུགས་འབར་བའི་ར་ ཡིགུ་ལག་པ་གིས་བྲིས་མི་འདི་ལུ་ འཆར་གཞི་གི་ལས་རིམ་ག་ར་ རྒེད་འོག་ལས་བརྩམ་པའི་དུས་ཚོད་ལུ་ སྟབས་མ་བདེཝ་ མིག་གིསམཐོང་སར་ཨིནམ་ལས་ འགན་ཁག་དང་འཁྲིལ་ཏེ་ མི་སྟོབས་དང་འཕྲུལ་ཆས་ མཐུན་རྐྱེན་མ་དངུལ་ཚུ་ལངམ་སྦེ་བྱིན་དགོ་ནི་ཨིན་མས་ འབྲེལ་ཡོད་ལྷན་ཁག་དང་ལས་ཁུངས་ཚུ་གིས་ ཨིན་མིན་གྱི་དབྱེ་ཞིབ་མཛད་གནང་པ་ཅིན་ ལཱ་འབད་མི་ཚུ་ཡང་སྒྱིད་ཐག་ཡངས་ཏེ་རིག་རྩལ་གྱི་ལྕོགས་གྲུབ་ ཐེབས་བཏོན་ཏེ་ལཱ་འབད་བ་ཅིན་ མི་དབང་མཆོག་གི་ཐུགས་འདོད་འགྲུབ་ཚུགས་ནི་དང་ མི་སེར་གྱི་རེ་བ་བསྐང་ཚུགས་ནི་ཨིན་མས། རྫོང་ཁག་དང་ཐག་ཉེ་བའི་རྒེད་འོག་ཚུ་ནང་མ་གཏོགས་ གཞན་མཐའ་ཟུར་གྱི་རྒེད་འོག་ཚུ་ནང་ རྒཔོ་གི་ཡིག་ཚང་ལོགས་སུ་མེདཔ་ལས་ རྒཔོ་དང་འབྲེལ་བ་འཐབ་དགོ་པ་ཅིན་ རྒཔོ་གི་ཡིག་ཚང་ངོས་འཛིན་འབད་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ད་ལས་ཕར་ རྒེད་འོག་གི་ཡིག་ཚང་ཚུ་ག་ར་ བཟོ་བཀོད་ཅོག་འཐདཔ་སྦེ་རྐྱབ་ཞིནམ་ལས་ བརྡ་བྱང་ཚུ་ཡང་ ཚུལ་མཐུན་སྦེ་འབྲི་དགོཔ་མ་ཚད་ ཡིག་ཚང་གི་གདོང་ཁར་ རྒྱལ་དར་ཅིག་འཕྱར་དགོ་པའི་ལམ་ལུགས་བཟོ་གནང་མི་དེ་ཡང་ ག་ཅི་སྨོ་ཟེར་བ་ཅིན་ གོང་འཕེལ་གྱི་དབང་ཆ་ཕྱིར་སྤེལ་དེ་གིས་ རྒེད་འོག་གི་གནས་ཚད་ལུ་ ལྷག་པར་དུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་དང་ འབྲུག་གཞུང་གིས་ཐུགས་གཏད་དེ་ ཆ་བཞག་གནང་པའི་རྟགས་མཚན་ངོ་མ་ཨིནམ་ ཧ་གོ་ཚུགས་ནི་ཨིན་མས། མ་གཞི་ཧེ་མ་ལས་ར་ མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ས་གནས་ མཐའ་དབུས་མེད་པའི་མིསེར་ཚུ་ལུ་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ འབྲུག་པའི་མི་སེར་ཚུའི་ལག་པར་ཨིན་ཟེར་ ཡང་ལས་ཡང་དུ་གསུངས་མི་འདི་ དབང་ཆ་མི་སེར་ལུ་ཨིན་པའི་སྐོར་ལས་གསུང་གསུངམ་ཨིན་མས། དེ་བཟུམ་གྱི་དབང་ཆ་མི་སེར་ལུ་གནང་མི་འདི་ མི་དབང་མཆོག་གིས་ཁོ་རའི་མི་སེར་ལུ་ ཆ་བཞག་གནང་པའི་བརྡ་མཚོནཨིན་མས།

FB_IMG_1473868441216

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བླ་ན་མེད་པའི་ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ཏེ་ ཁྲིམས་ཀྱི་ལམ་ལུགས་ནང་ འགྲོ་བ་མིའི་དབང་ཆ་ མི་སྟོབས་གོང་འཕེལ་དང་ དྭངས་གསལ་དང་ འགན་འཁྲི་གོང་འཕེལ་ལས་རིམ་ནང་ མི་མང་གིས་བཅའ་མར་གཏོགས་ནི་དང་ དབང་ཆ་ཕྱིར་སྤེལ་ཚུ་ འཛམ་གླིང་གི་གཞུང་སྐྱོང་ནང་ལུ་ གནད་དོན་གཙོ་བོ་ཅིག་ལུ་གྱུར་ཏེ་ ཡོད། ཚོང་འབྲེལ་ནང་འབད་རུང་ རྒྱུ་ཕྱེད་ཀྲམ་ཡོད་མི་དང་ ཁ་དབང་ཁ་ཤུགས་ཡོད་མི་རྐྱངམ་ཅིག་ལུ་མིན་པ་ མི་སེར་སྤྱིར་བཏང་གིས་ རང་སོའི་ལྕོགས་གྲུབ་དང་ འཇོན་སྟངས་ད་འཁྲིལ་ཏེ་ ཚོང་འབྲེལ་འཐབ་ཆོག་པའི་ གོ་སྐབས་ཡོད་ནི་འདི་གིས་ དཔལ་འབྱོར་གྱི་འཐོན་བསྐྱེད་ ཡར་རྒྱས་འགྱོཝ་ཨིན་མས། དེའི་ནང་དོན་ཉིད་ལས་ཡང་ རྒེད་འོག་༢༠༡གི་གཡུས་ཚན་ཚུ་ འཕྲལ་མགྱོགས་ར་ ཡར་རྒྱས་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ཤེས་དང་རིག་རྩལ་ རྣམ་པ་སྣ་ཚོགས་བཏོན་ཏེ་ དོ་འགྲན་འབད་ནི་ལུ་ ག་ཅི་འདེ་ཅིག་གི་ཕན་ཐོགས་འདུག ཧེ་མ་འབད་བ་ཅིན་ ང་བཅས་རའི་མཐའ་དོན་ཚུ་ཡང་ གཞུང་གིས་གཟིགས་མི་དེ་བ་ དབང་ཆ་ཕྱིར་སྤེལ་དང་ གོང་འཕེལ་ནང་ མི་སེར་གྱིས་བཅའ་མར་གཏོགས་ཐངས་ཚུ་ དངོས་སུ་སྦེ་ལག་ལེན་ལུ་གྱུར་ཏེ་ དོ་འགྲན་འབད་བའི་བསྒང་ཡོད། ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ གོང་འཕེལ་གྱི་འགྱུར་བ་དང་ མི་སྡེའི་གནས་ཚད་ཚུ་ ག་ཅིའི་ཐད་ལས་ཡང་ ལེགས་པའི་འགྱུར་བ་ཚུ་ ལོ་གཅིག་ལས་ལོ་གཅིག་ ཡ་མཚན་ཅན་གྱི་གནས་ཚད་ཐོག་ལུ་ བྱུང་མི་དེ་གིས་ གྲོང་གསེབ་ཀྱི་ས་ཁོངས་ནང་ལས་ཕར་ མི་སྡེའི་བཟའ་བཅའ་འགྲོ་གསུམ་ཚུ་ རང་ལུགས་ཀྱི་སྔར་སྲོལ་ལམ་ལུགས་མི་ཉམས་ཀྱི་ཐོག་ལུ་ ད་རིས་ནངས་པའི་ རིག་གསར་ལམ་ལུགས་ཀྱི་གནས་སྟངས་ལུ་ཁ་བསྒྱུརཝ་མ་ཚད་ དེའི་གུ་དབང་ཆ་ཕྱིར་སྤེལ་གྱི་ལམ་ལུགས་འགོ་བཙུགས་གནང་ཞིནམ་ལས་ ག་ཅིའི་སྐོར་ལས་ལོ་རྒྱུས་འཐོན་རུང་ དབང་ཆ་འདྲ་མཉམ་ཡོད་ཟེར་ག་ཐོབ་གུ་ཐོབ་སྦེ་སླབ་ནིའི་དབང་ཆ་བྱིན་མི་འདི་གིས་ ང་བཅས་ར་རང་ལུགས་འབྲུག་པའི་གོམས་གཤིས་རྙིངམ་ གོངམ་དཔོན་གཡོག་གི་བར་ན་ བརྩི་བཀུར་ཞུ་སྲོལ་ཡོད་མི་ཚུ་ཉམས་ནིའི་ཉེན་ཁ་འདུག ཨིན་རུང་མི་སྡེའི་འགོ་འཁྲིདཔ་ཚུ་གིས་ དེའི་ཐབས་ལམ་ཚུ་བཏོན་ནི་གི་དུས་ཚོད་ན་ཐན་ར་རནམ་ཨིནམ་མས་ཟེར་མནོཝ་ཨིན་མས།
རྒྱལ་ཁབ་ཀྱི་མཐའ་ཟུར་གྲོང་གསེབ་ནང་ལས་ཕར་ སྒྱུམ་རྐྱབ་དོ་བཟུམ་སྦེ་ མགྱོགས་དྲག་སྦེ་ཡར་རྒྱས་གོང་འཕེལ་སོང་སྟེ་ཡོད་མི་འདི་ ངལ་རངས་བསྐྱེད་དགོ་པའི་གཞི་ཅིག་ཨིན་རུང་ དེ་དང་ཅིག་ཁར་ སྟབས་མ་བདེཝ་རེ་འཐོན་སྲིད་ནི་ཨིནམ་ལས་ དབང་ཆ་ཕྱིར་སྤེལ་གྱི་ལམ་ལུགས་ལག་ལེན་ནང་ ལྕོགས་གྲུབ་ཅན་གྱི་མི་ངོ་དང་ ལག་ལེན་ཚུལ་མཐུན་དགོཔ་ཨིན་མས། གཞུང་གི་འགོ་དཔོན་དང་ རྫོང་ཁག་གི་འགོདཔོན་ཚུ་ མཐའ་ཟུར་གྱི་མི་སེར་ཚུ་གི་བར་ན་ ཕན་ཚུན་རྒྱུན་འབྲེལ་འཐབ་དགོཔ་དེ་ ད་རེས་ཀྱི་དུས་ཚོད་ལུ་གལ་ཆེ་བའི་ཁར་ འདིའི་ནང་ལས་ཡང་རྒེད་འོག་གི་མི་སྡེའི་འགོ་འཁྲིདཔ་ཚུ་དང་ རྫོང་ཁག་ནང་ལཱ་འབད་མི་ཆ་ཁྱབ་ཀྱི་བར་ན་ ཕན་ཚུན་མཉམ་འབྲེལ་དང་ མཐུན་ལམ་ལེགས་ཤོམ་སྦེ་བཞག་ཚུགས་པ་ཅིན་ འཛིན་སྐྱོང་གི་ལཱ་འབད་ནི་ལུ་ སྟབས་བདེ་ནི་ཨིན་མས།
ད་ལྟོའི་གནས་སྐབས་ལུ་ དབང་ཆ་ཕྱིར་སྤེལ་གྱི་རིང་ལུགས་དར་ཁྱབ་སོང་སྟེ་འབད་རུང་ ལག་ལེན་ནང་ལྷོདཔ་ད་ གནད་དོན་ཆུང་ཀུ་ཅིག་གིས་ཡང་ དུས་ཚོད་ཐེབས་འགོར་མི་དེ་གིས་ མི་སེར་མཉམ་ཆུང་ཚུ་ལུ་ དཀའ་སྡུག་བྱུང་མི་འདི་ ད་རེས་ཀྱི་དུས་ཚོད་ནང་ བསམ་ཞིབ་འབད་དགོཔ་ཨིན་མས། དེ་སྦེ་མི་སེར་ལུ་ དབང་ཆ་ཕྱིར་སྤེལ་གནང་དགོ་མི་འདི་ ཧེ་མ་གཞུང་གིས་མཛད་གནང་མི་འདི་ཚུ་ ཕན་ཐོགས་མེདཔ་དང་ མཛད་མ་ཚུགསཔ་ཚུ་གི་ གནད་དོན་ལུ་བརྟེན་ཏེ་མིན་པར་ གཙོ་བོ་མི་སེར་རང་སོའི་འཆར་གཞི་དང་ ལས་རིམ་ཚུ་གི་སྐོར་ལས་ རང་སོའི་གནས་སྟངས་དང་ དགོས་མཁོ་དང་འཁྲིལ་ཏི་ དགོཔ་ངེས་བདེན་དང་ཕན་ཐོགས་ཅན་ཚུ་ མི་སེར་རང་སོའི་ ལག་ལེན་འཐབ་ཚུགས་ནི་དང་ ལཱ་གཡོག་ཚུ་ཡང་ མི་སེར་རང་རང་སོ་སོ་གིས་ ག་འདེ་དྲག་དྲ་འབད་ཚུགས་ནི་དང་ གོང་འཕེལ་ལས་དོན་ནང་འདྲ་མཉམ་བཅའ་མར་གཏོགས་ཚུགས་ནི་གི་དམིགས་ཡུལ་ལུ་ཨིན་མས། རྒྱལ་ཁབ་ནང་ལུ་ དབང་ཆ་ཕྱིར་སྤེལ་གྱི་ལམ་ལུགས་ལག་ལེན་ནང་ལྷོད་དེ་འབད་རུང་ རྒེད་འོག་ལ་ལུ་གཅིག་ནང་ལུ་ ད་ལྟོ་ཡང་ཧེ་མའི་ལུགས་སྲོལ་རྣམ་རྟོག་རྙིངམ་དེ་གུ་ལས་ ཁ་སྒྱུར་མ་ཚུགས་པ་ཡོད་ནི་དེ་གིས་ འཆར་གཞི་ད་བསྟུན་ལཱ་འགོ་བཙུགས་ནི་ལུ་ ཐེ་ཚོམ་སྣང་བསྐྱེད་དེ་སྡོད་དོ་བཟུམ་མཐོངམ་ཨིན་མས། དེ་ལས་འཛིན་སྐྱོང་གི་ལཱ་འབད་མི་ཚུ་ ཤེས་ཡོན་དང་ཉམས་མྱོང་གི་ལྕོགས་གྲུབ་ཅན་དང་ མི་སེར་གྱི་ཡིད་ཆེས་འདྲོངས་པའི་མི་ངོ་ཚུ་ གསང་བའི་ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་འབད་དགོཔ་ཨིན་རུང་ ད་ལྟོ་བྱུང་བཞིན་པ་ལུ་ལྟ་བ་ཅིན་ བཙག་འཐུའི་དུས་སྐབས་ལུ་ ཕན་ཚུན་ཆགས་སྡང་ཕྱོགས་རིས་ཀྱི་དབང་ལུ་ཐལ་ཏེ་ ལམ་ཕྱོགས་ངན་པ་ལུ་ཞུགས་བཅུག་ནི་གི་རྒྱུད་བསྐུལ་འབད་དེ་ ཚུལ་མིན་གྱི་ལག་ལེན་འཐབ་སར་ དངོས་སུ་མཐོངམ་ཨིན་མས།
མ་གཞི་ལེགས་པའི་ལག་ལེན་ནང་ ངན་པ་རེ་བྱུང་མི་འདི་ རང་བཞིན་ཅིག་ཨིན་རུང་ ད་ལས་ཕར་ངན་པའི་ལམ་ཕྱོགས་ལུ་ ཁ་ཞུགས་མི་བཅུག་ནི་གི་དོན་ལུ་ གཞུང་གིས་དེ་གི་ཐབས་ལམ་རེ་ཡང་གཟིགས་དགོཔ་ཨིན་མས། རྒེད་འོག་ནང་གི་འགོ་འཛིན་ཚུ་ལུ་ འཆར་གཞི་བརྩམ་ཐངས་ཀྱི་གནང་བ་བྱིན་ཏེ་ ལག་ལེན་གྱི་བློ་སྟོབས་བྱིན་དགོཔ་ཁག་ཆེ། ག་ཅི་སྨོ་ཟེར་བ་ཅིན་ བདག་སྐྱོང་གི་ལཱ་ནང་ལ་ལུ་ཅིག་མགོ་འཐོམས་ཏེ་འཛོལ་བ་རེ་བྱུངམ་ཨིན་མས། མ་གཞི་རྒེད་འོག་གི་གནས་ཚད་ལུ་ འཆར་གཞི་བརྩམ་ནི་དེ་  འཆར་གཞི་༧པའི་ནང་ལས་འགོ་བཙུགས་ཡོད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་ཁག་ཆ་མཉམ་ནང་བྱོན་ཏེ་ འབྲུག་རྒྱལ་ཡོངས་ཀྱི་ ནང་མི་གཙོ་ཅན་ཆ་ཁྱབ་དང་ཅིག་ཁར་ འཆར་གཞི་གི་གསུང་གྲོས་ཞིབ་ཞིབ་འབད་ར་གནང་གནངམ་ཅིག་ཨིན་ལས་ འཆར་གཞི་༡༠པའི་ནང་ལས་ གོང་འཕེལ་ལས་རིམ་གྱི་འཆར་གཞི་བརྩམ་ནི་ལུ་ མི་སྡེའི་འགོ་འཁྲིདཔ་ཚུ་གིས་ ཐབས་མཁས་ཀྱི་རིག་པ་གསརཔ་བཏོན་ཏེ་ མི་སེར་ལུ་མཁོ་འདོད་ཆེ་བའི་རེ་བ་ཚུ་ རྒྱལ་ཁབ་ཀྱི་གོང་འཕེལ་ལམ་ལུགས་དང་མཐུནམ་སྦེ་ ལས་རིམ་བརྩམ་ཚུགས་ནི་ཨིན་མས།
འབྲུག་རྒྱལ་ཁབ་འདི་ ཡར་རྒྱས་གོང་འཕེལ་འགྱོ་བའི་དུས་ཚོད་འ་ནེམ་ཅིག་ཁར་ འབྲུག་པའི་མི་སེར་ཚུ་རང་མགོ་རང་འདྲོངས་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལོངས་སུ་སྤྱོད་དེ་ མི་ཚེ་རྫོགས་བཅུག་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་ཆ་ཕྱིར་སྤེལ་གནང་མི་འདི་ལུ་ ང་བཅས་ར་མི་སེར་ཚུ་གིས་འབད་རུང་ རྒེད་འོག་གི་འགོ་འཛིན་ཚུ་ བཙགས་འཐུ་འབད་བའི་སྐབས་ལུ་ ཆགས་སྡང་ཕྱོགས་རིས་ཀྱི་དབང་ལུ་ཐལ་ནི་དང་ དྲག་ཞན་ངོ་སྲུང་དང་ ཁ་དབང་ཁ་ཤུགས་ལུ་བལྟ་ནི་མིན་པར་ ཉམས་མྱོང་ཡོད་མི་ ལྕོགས་གྲུབ་ཅན་གྱི་མི་ངོ་འཇོན་སྟངས་ཅན་དང་ གཤིས་རྒྱུད་གཙང་མ་ཡོད་མི་ཚུ་ བཙགས་འཐུ་འབད་འབད་ད་པ་ཅིན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་འདོད་འགྲུབ་ཚུགས་ནི་དང་ ང་བཅས་ར་མི་སེར་ཚུ་ ཡར་རྒྱས་གོང་འཕེལ་འགྱོ་སྟེ་ དགའ་སྐྱིད་ཀྱི་ངང་ལུ་གནས་ཚུགས་ནི་ཨིན་མས་ཟེར་ཞུ་ནི་ཨིན་ལགས།།

ཏཱ་ར་ཡ་ན་ལས་སྡེ་གཞི་བཙུགས་ཀྱི་དུས་སྟོན་དང་འབྲེལ་ཏེ་ མི་དབང་འབྲུག་རྒྱལ་༤པ་མཆོག་ལུ་བསྟོད་པའི་ རྫོང་ཁའི་འབྲི་རྩོམ་འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ ང་གིས་ཨང་དང་པའི་གསོར་རས་ཐོབ་ཡོད་པའི་འབྲི་རྩོམ་འདི་ཨིན།།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s